གཟུགས་གཞི་མིའི་རིགས་རིག་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གཟུགས་གཞི་མིའི་རིགས་རིག་པ།
དེར་སྐྱེ་དངོས་མིའི་རིགས་རིག་པ་ཞེས་ཀྱང་ཟེར་ལ། གཙོ་བོ་སྐྱེ་དངོས་ཀྱི་ཕུང་བོར་གྲུབ་པའི་འགྲོ་བ་མིའི་རིགས་ཀྱི་ལུས་པོའི་གྲུབ་སྟངས་དང་རྣམ་པ། བྱ་སྤྱོད། གཞན་མིའི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་བྱ་བའི་སྐྱེ་དངོས་ཐད་ཀྱི་རྨང་གཞི་མཐའ་དག་ལ་འཚོལ་ཞིབ་བྱེད་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
体质人类学、自然人类学、人体学
ཕྱི་ཡིག་གི་མིང་།
physical anthropology
མིང་གཞན།
རང་བྱུང་མིའི་རིགས་རིག་པ། མིའི་གཟུགས་རིག་པ།
དུས་སྐབས།
དུས་རབས16པ།
1 ​ངོ་སྤྲོད་མདོར་བསྡུས།

གཟུགས་གཞི་མིའི་རིགས་རིག་པ་ལ་སྐྱེ་དངོས་མིའི་རིགས་རིག་པ་ཞེས་ཀྱང་ཟེར་ལ། གཙོ་བོ་སྐྱེ་དངོས་ཀྱི་ཕུང་བོར་གྲུབ་པའི་འགྲོ་བ་མིའི་རིགས་ཀྱི་ལུས་པོའི་གྲུབ་སྟངས་དང་རྣམ་པ། བྱ་སྤྱོད། གཞན་མིའི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་བྱ་བའི་སྐྱེ་དངོས་ཐད་ཀྱི་རྨང་གཞི་མཐའ་དག་ལ་འཚོལ་ཞིབ་བྱེད་པ་ཡིན། དེ་ལ་ཝེ་ལེན་ཧ་ཝེ་ལན་ལགས་ཀྱི་ལྟ་ཚུལ་ལྟར་ན། གཟུགས་གཞི་མིའི་རིགས་རིག་པ་སྨྲ་བ་ནི། འགྱུར་རྡོ་ལ་དབྱེ་ཞིབ་དང་ད་ཡོད་བློ་ལྡན་རིགས་ཀྱི་སྲོག་ཆགས་ལ་ལྟ་ཞིབ་བྱས་ཏེ་འགྲོ་བ་མིའི་རིགས་ཀྱི་མེས་པོའི་ལོ་རྒྱུས་བསྐྱར་བསྐྲུན་བྱེད་དགོས་ལ། ང་ཚོ་ནི་ད་ལྟའི་སྲོག་ཆགས་འདི་ལྟ་བུ་ཞིག་ཏུ་དུས་ནམ་ཞིག་ལ་ཚུལ་ཇི་ལྟར་གྱུར་བ་དང་། དེའི་རྒྱུ་མཚན་ཅི་ཡིན་སོགས་ལ་འགྲེལ་བ་བྱེད་དགོས། གཟུགས་གཞི་མིའི་རིགས་རིག་པ་པའི་ཞིབ་འཇུག་ལའང་རིགས་གཉིས་ཙམ་མཆིས་ཏེ། གཅིག མིའི་རིགས་ནི་གནའ་བོའི་སྤྲ་མི་ནས་འཕེལ་རྒྱས་ཇི་ལྟར་བྱུང་བའི་བརྒྱུད་རིམ་ལ་ཞིབ་འཇུག་བྱེད་པ་དང་། ཅིག་ཤོས་ནི་དེང་རབས་མིའི་རིགས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་ལ་ཞིབ་འཇུག་བྱེད་པའོ། ། དེ་ལས་སྔ་མ་ནི་འགྲོ་མིའི་རིགས་གནའ་བོའི་སྤྲི་མི་ནས་འཕེལ་འགྱུར་བྱུང་བའི་གོ་རིམ་དང་དེའི་རྒྱུ་རྐྱེན་སོགས་དང་། ཡང་ན་འཛམ་གླིང་ཧྲིལ་བོའི་སྐྱེ་དངོས་ཀྱི་འཕེལ་འགྱུར་ཆོས་ཉིད་ལ་ཞིབ་འཇུག་གནང་བ་ཡིན། ཕྱི་མ་ནི་གཙོ་བོ་མིའི་རིགས་ཀྱི་ཤ་མདོག་དང་མགོ་སྐྲ། མིག་མདངས་སོགས་སྐྱེ་དངོས་ཐད་ཀྱི་ཁྱད་ཆོས་དང་། ཡང་ན་ཁྲག་རིགས་དང་གཞི་རྒྱུ་གྲུབ་སྟངས་སོགས་ཡབ་མེས་ནས་རྒྱུད་འཛིན་བྱས་པའི་སྐོར་གྱི་ཁྱད་ཆོས་ལ་དབྱེ་ཞིབ་བྱས་ཏེ། འཛམ་གླིང་གི་ས་ཆ་སོ་སོའི་མི་རྒྱུད་མི་འདྲ་བ་བར་གྱི་ཁྱད་པར་གྲུབ་རྐྱེན་དང་། དེ་དག་དང་འཚོ་བའི་ཁོར་ཡུག་བར་གྱི་འབྲེལ་བ་བཅས་ཤེས་རྟོགས་བྱ་བ་ཡིན། འདིའི་ཞིབ་འཇུག་གི་འབྲས་བུ་ལས་ཤེས་གསལ་བྱུང་བ་ལྟར་ན། རིགས་རྒྱུད་མི་འདྲ་བའི་མི་རྣམས་ནི་ཕྱི་ངོས་སུ་ཁྱད་པར་ལྡན་ནའང་། སྐྱེ་ཁམས་གྲུབ་སྟངས་དང་ཤེས་རབ་རྣོ་རྟུལ་གྱི་ཆ་ནས་ཡོངས་སུ་འདྲ་མཉམ་ཡིན་པ་ལས་ལེགས་ཉེས་མཐོ་དམའི་ཁྱད་པར་གང་ཡང་མེད།

2 གཞུང་ལུགས་སྐོར་གྱི་གྲུབ་མཐའ།

གཟུགས་གཞི་མིའི་རིགས་རིག་པའི་ཞིབ་འཇུག་ཐད་ལ་ཤུགས་རྐྱེན་ཅུང་ཆེ་བའི་གཞུང་ལུགས་ཀྱི་སྐོར་ལ་གཙོ་བོ་ཧྲི་ལའེ་ཏེང་དང་ཧྲི་ཝང་རྣམ་གཉིས་ཀྱི་ཕྲ་ཕུང་རིག་པ་དང་། ཏ་ཨེར་ཝུན་ལགས་ཀྱི་སྐྱེ་དངོས་འཕེལ་འགྱུར་སྨྲ་བ། མིང་ཏེ་ཨེར་ལགས་ཀྱི་རྒྱུད་འཛིན་དང་གཞན་འགྱུར་སྨྲ་བ། ཧྥུ་ལུའོ་དབྱི་ཏེའི་བསམ་བློ་དབྱེ་ཞིབ་སྨྲ་བ། ཧྭ་ཧྲེང་ལགས་ཀྱི་བྱ་སྤྱོད་རིང་ལུགས་སྨྲ་བ།མ་སི་ལུའོ་དང་ལུའོ་ཅེ་སི་རྣམ་གཉིས་ཀྱི་མི་གཞི་རིང་ལུགས་སྨྲ་བ་བཅས་དང། གཞན་མིའི་རིགས་རིག་པའི་སྤྱི་ཡོངས་ལྟ་བ་དང་རིག་གནས་ལྟོས་བཅས་ལྟ་བ་བཅས་མཆིས་སོ། ། 

3 ཞིབ་འཇུག་ཐབས་ལམ།

དེ་ཡང་ཞིབ་འཇུག་ཐབས་ལམ་གྱི་ཆ་ནས། སྲོལ་རྒྱུན་གྱི་གཟུགས་གཞི་མིའི་རིགས་རིག་པས་ཕྱི་གཟུགས་ལྟ་ཞིབ་དང་མི་ལུས་འཇལ་གཤོར་བྱ་ཐབས།  བསྡོམས་རྩིས་བྱ་ཐབས། ལོ་རབས་ཚོད་བརྩི་བྱ་ཐབས། སྐྱེ་ཁམས་རིག་པའི་ཐབས་ལམ་དག་བེད་སྤྱད་དེ་མིའི་རིགས་ཀྱི་གཟུགས་གཞི་ལ་ཞིབ་འཇུག་བྱ་བ་ཡིན། ཉེ་བའི་ལོ་ཉི་ཤུའི་ཡར་སྔོན་ནས་མཁས་པ་ཁ་ཤས་ཀྱིས་ཆ་རྡུལ་སྐྱེ་དངོས་རིག་པའི་བྱ་ཐབས་སྤྱད་དེ་སྐྱེ་དངོས་ཀྱི་གཞི་རྒྱུའི་གཏིང་རིམ་དུ་ཞུགས་ཏེ། སྐྱེ་དངོས་ཀྱི་འཕེལ་འགྱུར་དང་མིའི་རིགས་ཀྱི་འབྱུང་ཁུངས་ཐད་ལ་ཞིབ་ཅིང་ཚགས་པའི་སྒོ་ནས་ཞིབ་འཇུག་མཛད་ནས་སྔར་མེད་ཀྱི་གྲུབ་འབྲས་ཆེན་པོ་བླངས་ཡོད་དོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-01-22

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།