ཟི་སིས་མིན་རྡེ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཟི་སིས་མིན་རྡེ།
ཁོང་ནི་སྤྱི་ལོ1773ལོར་སི་ཝེ་ཚིས་ལན་རྡིའི་ཆོས་པ་ཞིག་གི་ཁྱིམ་དུ་སྐྱེས་ཤིང་། ཧྥ་རན་སིའི་རྒྱལ་ས་པ་ལི་ནས་སློབ་གྲྭར་འགྲིམས། བར་སྐབས་ཤིག་ལ་ཕའི་ཚོང་བརྡིབས་པས་སློབ་གྲྭ་ནས་ཕྱིར་ཐོན་ཏེ་ཞིང་ལས་དང་ཚོང་ལས་སོགས་གཉེར་བྱས་ནས་མཐར་དཔལ་འབྱོར་རིག་པ་བ་གྲགས་ཅན་ཞིག་ཏུ་གྱུར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
西斯蒙第
ཕྱི་ཡིག་གི་མིང་།
Sismondi
རྒྱལ་ཁབ།
ཧྥ་རན་སི།
ལས་རིགས།
དཔལ་འབྱོར་རིག་པ་བ།
འཁྲུངས་འདས།
སྤྱི་ལོ(1773-1842)
འཁྲུངས་ཡུལ།
སི་ཝེ་ཚིས་ལན་རྡི།
བརྩམས་ཆོས།
《ཐོའོ་སི་ཁ་ནའི་ཞིང་ལས་བསྡོམས་རྩིས་རེའུ་མིག》དང་《ཚོང་ལས་རྒྱུ་ནོར་རྣམ་བཤད》《ཆབ་སྲིད་དཔལ་འབྱོར་རིག་པའི་རྣམ་གཞག་གསར་བ》《སྤྱི་ཚོགས་ཚན་རིག་ཞིབ་འཇུག》《རང་དབང་མི་དམངས་ཀྱི་ཁྲིམས་སྲོལ་ཞིབ་འཇུག》《ཆབ་སྲིད་དཔལ་འབྱོར་རིག་པའི་ཞིབ་འཇུག》སོགས་ཡོད།
1 ངོ་སྤྲོད།

ཟི་སིས་མིན་རྡེ་ནི་སི་ཝེ་ཚིས་ལན་རྡིའི་ཆོས་པ་ཞིག་གི་ཁྱིམ་དུ་སྐྱེས། ཧྥ་རན་སིའི་རྒྱལ་ས་པ་ལིར་སློབ་གྲྭར་འགྲིམས། བར་སྐབས་ཤིག་ལ་ཕའི་ཚོང་བརྡིབས་པས་སློབ་གྲྭ་ནས་ཐོན་ཏེ་ཞིང་ལས་དང་ཚོང་ལས་སོགས་གཉེར། རྗེས་ནས་ཞིབ་འཇུག་གི་བྱ་བ་བྱས་ཤིང་བསམ་བློའི་ཐད་ཧྥ་རན་སིའི་མཁས་པ་ཚོས་ཤན་ཞུགས། སྤྱི་ལོ1838ལོར་ཧྥ་རན་སིའི་སྤྱི་ཚོགས་ཆབ་སྲིད་ཚན་རིག་གླིང་གི་ཞིབ་འཇུག་པར་བདམས། སྤྱི་ལོ1841ལོར་ཧྥ་རན་སིའི་སྲིད་གཞུང་གིས་དམག་ཤོག་རྒྱ་གྲམ་གཟི་བརྗིད་ཆེན་མོའི་བྱ་དགས་གཟེངས་བསྟོད་བྱས། 

2 བརྩམས་ཆོས།

ཁོའི་བརྩམས་ཆོས་ལ《ཐོའོ་སི་ཁ་ནའི་ཞིང་ལས་བསྡོམས་རྩིས་རེའུ་མིག》དང་།《ཚོང་ལས་རྒྱུ་ནོར་རྣམ་བཤད》《ཆབ་སྲིད་དཔལ་འབྱོར་རིག་པའི་རྣམ་གཞག་གསར་བ》《སྤྱི་ཚོགས་ཚན་རིག་ཞིབ་འཇུག》《རང་དབང་མི་དམངས་ཀྱི་ཁྲིམས་སྲོལ་ཞིབ་འཇུག》《ཆབ་སྲིད་དཔལ་འབྱོར་རིག་པའི་ཞིབ་འཇུག》སོགས་ཡོད།

3 དཔལ་འབྱོར་གྱི་གནས་བབ།

ཟི་སིས་མིན་རྡེ་དང་དབྱིན་ཇིའི་དཔལ་འབྱོར་རིག་པའི་མཁས་དབང་རྡ་བེ་རྡི་རི་ཁཱ་དོ་གཉིས་ཕལ་ཆེར་དུས་མཉམ་ཡིན་ཞིང་། དཔལ་འབྱོར་རིག་པའི་ལོ་རྒྱུས་སྟེང་རྡ་བེ་རྡི་རི་ཁཱ་དོ་དབྱིན་ཇིའི་གནའ་རབས་ཆབ་སྲིད་དཔལ་འབྱོར་རིག་པའི་གྲུབ་མཐའ་ཡོངས་སུ་འཛུགས་མཁན་དུ་ངོས་འཛིན་ཞིང་། ཟི་སིས་མིན་རྡེ་ཧྥ་རན་སིའི་གནའ་རབས་དཔལ་འབྱོར་རིག་པའི་གྲུབ་མཐའ་ཡོངས་སུ་འཛུགས་མཁན་དུ་ངོས་འཛིན་པ་ཡིན། 《ཚོང་ལས་རྒྱུ་ནོར་རྣམ་བཤད》གྱི་ནང་དུ་ཟི་སིས་མིན་རྡེས་དཔལ་འབྱོར་རིག་པའི་མཁས་དབང་ཟི་རྨི་ལྟ་བའི་རྗེས་སུ་འབྲངས་ཏེ་རང་དབང་གི་འགྲན་རྩོད་དང་རང་དབང་གི་ཉོ་འཚོང་ལ་རྒྱབ་སྐྱོར་བྱས་ཡོད། འོན་ཀྱང་སྐབས་དེར་དབྱིན་ཇི་དང་ཧྥ་རན་སིའི་དཔལ་འབྱོར་ལ་གོད་ཆག་དང་ཉམས་ཉེས་མང་དུ་བྱུང་བས་ཟི་སིས་མིན་རྡེས་ཡང་བསྐྱར་སྐབས་དེའི་དཔལ་འབྱོར་སྲིད་ཇུས་དང་གཞུང་ལུགས་ལ་མནོ་བསམ་དང་ཞིབ་དཔྱད་བྱས། སྤྱི་ལོ1789ལོར་ཧྥ་རན་སིར་བྱུང་བའི་མ་རྩ་རིང་ལུགས་ཀྱི་གསར་བརྗེ་ཆེན་པོས་བཀས་བཀོད་རྒྱུད་འཛིན་གྱི་ཐོན་སྐྱེད་འབྲེལ་བར་གཏོར་བཤིག་བཏང་ཞིང་། མ་རྩ་རིང་ལུགས་ཀྱི་ལམ་ལུགས་འཕེལ་བར་ཆ་རྐྱེན་བསྐྲུན་པས་ཐོན་ལས་གསར་བརྗེ་ལ་འཕེལ་རྒྱས་བླ་ན་མེད་པ་བྱུང་། ཐོན་ལས་ཆེན་པོས་སྔོན་ཆད་དཔལ་འབྱོར་ཐོན་སྐྱེད་ཁྲོད་ནུས་པ་གལ་ཆེན་ཐོན་བཞིན་ཡོད་པའི་བཟོ་གྲྭ་ཆུང་ཆུང་དང་ལག་ཤེས་བཟོ་ཁང་མང་པོ་ཚོང་བརྡིབ་ཏུ་བཅུག་ནས་སྒོ་མི་རྒྱག་ཐབས་མེད་བྱུང་། ལས་བཟོ་བ་ཚོའང་འཚོ་གནས་བྱེད་ཐབས་མེད་པའི་གནས་སུ་གྱུར། སྤྱི་ལོ1815ལོར་དབྱིན་ཇིར་དཔལ་འབྱོར་ཉམས་ཉེས་བྱུང་སྟེ་ལས་བཟོ་བ་མང་པོའི་ལས་ཀ་ཤོར་བས་ངོ་རྒོལ་དང་འོས་ལངས་ཀྱི་བྱ་འགུལ་རབང་དང་རིམ་པ་བྱུང་། སྤྱི་ལོ1825ལོར་དབྱིན་ཇིར་སླར་ཡང་དཔལ་འབྱོར་ཉེན་ཁ་བྱུང་བས་དངུལ་ཁང་མང་པོ་བརྡིབས་ནས་དཔལ་འབྱོར་སྤྱི་ལ་གོད་ཆག་ཆེན་པོ་ཐེབས། དཔལ་འབྱོར་ཉམས་ཉེས་ཀྱི་གནས་བབ་དེ་ལྟ་བུ་དང་ལས་ཤོར་བྱུང་བའི་མང་ཚོགས་དབུལ་ཕོངས་ཀྱི་གནས་སུ་ལྷུང་བའི་གནས་སྟངས་དེ་ལྟ་བུས་ཤེས་ཡོན་པ་ཚོར་ཡང་བསྐྱར་སྐབས་དེའི་སྲིད་ཇུས་དང་ལམ་ལུགས་ལ་མནོ་བསམ་བྱེད་པར་བསྐུལ་མ་བྱས། སྤྱི་ལོ1818ལོར་ཟི་སིས་མིན་རྡེས《ཨེ་ཐེན་པིར་རྒི་རིག་བརྒྱ་ཀུན་འདུས》ཞེས་པའི་རྩོམ་དེབ་དེར་ཆབ་སྲིད་དཔལ་འབྱོར་རིག་པའི་སྐོར་གྱི་ཆེད་རྩོམ་འབྲི་སྐབས་གནའ་རབས་དཔལ་འབྱོར་རིག་པའི་བམས་བློ་དང་ཁྱོན་ནས་མི་མཐུན་པའི་ལྟ་བ་བཏོན། སྤྱི་ལོ1819ལོར་ཁོས་རྩོམ་ཡིག་འདི་ཇེ་ཞིབ་ཏུ་བཏང་ནས《ཆབ་སྲིད་དཔལ་འབྱོར་རིག་པའི་གཞུང་ལུགས་གསར་བའམ་རྒྱུ་ནོར་དང་མི་གྲངས་ཀྱི་འབྲེལ་བའི་རྣམ་བཤད》ཅེས་པ་བརྩམས་ནས་རང་གི་ལྟ་བ་ཡོངས་སུ་སྤྲོས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-01-21

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།