ཧྲིམ་རྦེ་ཐི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧྲིམ་རྦེ་ཐི།
ཁོང་ནི་སི་ཝེ་ཚིས་ལན་རྡིའི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས་ཤིང་། སྤྱི་ལོ1901ལོར་ཝེར་ནཱ་སློབ་ཆེན་འགྲིམས། སྤྱི་ལོ1906ལོར་ཁྲིམས་ལུགས་རིག་པའི་འབུམ་རམས་སློབ་གནས་ཐོབ་སྟེ། སྤྱི་ལོ1909ལོ་ནས་ཆེར་ཁི་ནོ་ཝེ་ཚི་སློབ་ཆེན་དང་ཐཱ་ལེ་ཚིའི་སློབ་ཆེན་དུ་དགེ་རྒན་གྱི་བྱ་བ་གཉེར་བའི་དཔལ་འབྱོར་རིག་པ་བ་གྲགས་ཅན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
约瑟夫·熊彼特
ཕྱི་ཡིག་གི་མིང་།
Joseph Alois Schumpeter
རྒྱལ་ཁབ།
ཨོ་སི་ཁྲེ།
སློབ་ཆེན།
ཝེར་ནཱ་སློབ་ཆེན།
ལས་རིགས།
ཆབ་སྲིད་དཔལ་འབྱོར་རིག་པ་བ།
འཁྲུངས་ཡུལ།
སི་ཝེ་ཚིས་ལན་རྡི།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1883—1950)
ཚབ་མཚོན་བརྩམས་ཆོས།
《གཞུང་ལུགས་དཔལ་འབྱོར་རིག་པའི་ངོ་བོ་དང་ནང་དོན》དང་།《དཔལ་འབྱོར་འཕེལ་རྒྱས་གཞུང་ལུགས》《དཔལ་འབྱོར་དབྱེ་ཞིབ་ལོ་རྒྱུས》སོགས་ཡོད།
1 ​ངོ་སྤྲོད་མདོར་བསྡུས།

ཧྲིམ་རྦེ་ཐི་ནི་སི་ཝེ་ཚིས་ལན་རྡིའི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས་ཤིང་། སྤྱི་ལོ1901ལོར་ཝེར་ནཱ་སློབ་ཆེན་འགྲིམས། སྤྱི་ལོ1906ལོར་ཁྲིམས་ལུགས་རིག་པའི་འབུམ་རམས་སློབ་གནས་ཐོབ། སྤྱི་ལོ1909ལོ་ནས་བཟུང་ཆེར་ཁི་ནོ་ཝེ་ཚི་སློབ་ཆེན་དང་ཐཱ་ལེ་ཚིའི་སློབ་ཆེན་གྱི་དགེ་རྒན་བྱས། སྤྱི་ལོ1919ལོར་སི་ཝེ་ཚིས་ལན་རྡིའི་ནོར་སྲིད་བློན་ཆེན་གྱི་འགན་འཁུར། སྤྱི་ལོ1925ལོ་ནས་སྤྱི་ལོ1932ལོར་པའོ་འིན་སློབ་ཆེན་དུ་དཔལ་འབྱོར་རིག་པའི་དགེ་རྒན་ཆེན་མོ་བྱས། སྤྱི་ལོ1932ལོར་ཆབ་སྲིད་ཀྱི་ལྟ་བའི་དབང་གིས་ཨ་རིར་གནས་སྤོས། སྤྱི་ལོ1948ལོ་ནས་སྤྱི་ལོ1949ལོའི་བར་དུ་ཨ་རིའི་དཔལ་འབྱོར་རིག་གཞུང་ཚོགས་པའི་ཚོགས་གཙོའི་འགན་འཁུར། ཁོ་ནི་ཨ་རི་བ་མ་ཡིན་པའི་ཨ་རིའི་དཔལ་འབྱོར་རིག་པའི་ཚོགས་གཙོ་དང་པོ་དེ་ཡིན།

2 བརྩམས་ཆོས།

ཁོའི་བརྩམས་ཆོས་ལ《གཞུང་ལུགས་དཔལ་འབྱོར་རིག་པའི་ངོ་བོ་དང་ནང་དོན》དང་།《དཔལ་འབྱོར་འཕེལ་རྒྱས་གཞུང་ལུགས》《དཔལ་འབྱོར་དབྱེ་ཞིབ་ལོ་རྒྱུས》《ཚོང་ལས་ཀྱི་རེས་འཁོར། མ་རྩ་རིང་ལུགས་བརྒྱུད་རིམ་ཁྲོད་ཀྱི་གཞུང་ལུགས་དང་། ལོ་རྒྱུས་ཀྱི་སྡོམ་རྩིས་ཀྱི་དབྱེ་ཞིབ》《མ་རྩ་རིང་ལུགས་དང་སྤྱི་ཚོགས་རིང་ལུགས། དམངས་གཙོ》《མར་ཁེ་སི་ནས་ཨིན་ཁེ་སིའི་དུས་ཀྱི་དཔལ་འབྱོར་རིག་པ་བ་བཅུ》སོགས་པོད་གྲངས་བཅུ་ཡོད་དོ། །

3 ཧྲིམ་རྦེ་ཐིའི་དཔལ་འབྱོར་གཞུང་ལུགས།

ཧྲིམ་རྦེ་ཐིའི་དཔལ་འབྱོར་གཞུང་ལུགས་ཁྲོད་ཤུགས་རྐྱེན་ཆེས་ཆེ་ཤོས་ནི་གསར་སྐྲུན་གྱི་ལྟ་བ་དེ་ཡིན། ཁོས་མ་རྩ་རིང་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་དེ་གསར་སྐྲུན་གྱི་སྙིང་སྟོབས་ལ་རག་ལས་ཡོད་པར་འདོད། ཁོས་བསྟན་དོན་དཔལ་འབྱོར་འཕེལ་རྒྱས་འགྲོ་བ་ལ་ཕྱི་ནང་གི་རྒྱུ་རྐྱེན་གཉིས་ཡོད། དེ་ཡང་ཕྱིའི་རྒྱུ་རྐྱེན་ཡང་ལྔར་ཕྱེ་ཡོད་དེ། གཅིག་ནི་འཐབ་འཁྲུག་དང་། གསར་བརྗེ་ལས་འགུལ། རང་བྱུང་གནོད་འཚེ་དང་། གཉིས་ནི་དངུལ་ལོའི་འདོན་ཁུངས་གསར་བ་རྙེད་པ། གསུམ་ནི་ས་ཁོངས་གསར་བའམ་རྒྱལ་ཁོངས་གསར་བ་རྙེད་པ། བཞི་ནི་མི་གྲངས་དང་ལོ་གྲངས་ཁྱབ་ཕྱོགས་ཀྱི་འགྱུར་ལྡོག ལྔ་ནི་དཔལ་འབྱོར་སྒྲིག་སྲོལ་གཅིག་མཚུངས་ཀྱི་འོག་སྒོ་ཁྲལ་དང་ཁྲལ་དོན་ལམ་ལུགས་ཀྱི་འགྱུར་ལྡོག་བཅས་སོ།། ནང་གི་རྒྱུ་རྐྱེན་ལའང་གསུམ་དུ་ཕྱེ་བ་ནི། གཅིག་ནི་འཛད་སྤྱོད་དགའ་ཕྱོགས་ཀྱི་འགྱུར་ལྡོག གཉིས་ནི་ཐོན་སྐྱེད་གྲུབ་ཆའི་འགྱུར་ལྡོག གསུམ་ནི་ཚོང་ཟོག་འདོད་སྤྲོད་བྱེད་ཐབས་ཀྱི་འགྱུར་ལྡོག་བཅས་སོ། ། ཧྲིམ་རྦེ་ཐིས་ཚོང་ཟོག་འདོན་སྤྲོད་བྱེད་ཐབས་ཀྱི་འགྱུར་ལྡོག་གི་ནང་དོན་གཙོ་བོ་ནི་ཐོན་སྐྱེད་བྱ་ཐབས་ཀྱི་མཉམ་སྒྲིག་གསར་བ་ལག་བསྟར་བྱེད་པ་ཡིན་ཞིང་། དེ་ནི་མ་རྩ་རིང་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བའི་ནུས་ཤུགས་གཙོ་ཆེ་ཤོས་ཡིན་པའི་ཁ་ཚོན་བཅད་ཡོད། མཉམ་སྒྲིག་གསར་བ་ལག་བསྟར་བྱེད་པའམ་གསར་སྐྲུན་ནི་ཐོན་སྐྱེད་བྱ་ཐབས་གསར་བ་ཞིག་འཛུགས་སྐྲུན་བྱེད་པ་དང་། སྔར་མེད་པའི་ཐོན་སྐྱེད་གྲུབ་ཆའམ་ཐོན་སྐྱེད་ཆ་རྐྱེན་གྱི་མཉམ་སྒྲིག་གསར་བ་ཞིག་ཐོན་སྐྱེད་མ་ལག་ཁྲོད་བཀོལ་སྤྱོད་བྱེད་པར་གོ། དེའི་ཕྱིར་ཧྲིམ་རྦེ་ཐིས་ཁེ་ལས་པའི་ནུས་པར་གདེང་འཇོག་ཆེན་པོ་བྱས་ཤིང་། ཁེ་ལས་པ་ནི་མཉམ་སྒྲིག་གསར་བ་བྱེད་མཁན་དང་གསར་སྐྲུན་བྱེད་མཁན་ཡིན་ཞིང་། མ་རྩ་རིང་ལུགས་འཕེལ་རྒྱས་སུ་གཏོང་བའི་ནུས་པ་གཙོ་བོ་ཡིན་ཞེས་བཤད། ཁོས་གསར་སྐྲུན་ནི་ནང་གི་རྒྱུ་རྐྱེན་དང་། དཔལ་འབྱོར་འཕེལ་རྒྱས་ནི་ནང་ཁུལ་དུ་རང་སྟེང་ནས་བྱུང་བའི་དཔལ་འབྱོར་འཚོ་བའི་གསར་སྐྲུན་རང་བཞིན་གྱི་འགྱུར་ལྡོག་ཅིག་ཡིན། དེ་ཡང་གསར་སྐྲུན་ལ་ཐོན་རྫས་གསར་བ་ནང་འདྲེན་དང་། ཐོན་སྐྱེད་བྱེད་ཐབས་གསར་བའམ་ལག་རྩལ་གསར་བ་ནང་འདྲེན། ཚོང་ར་གསར་བ་འབྱེད་སྤེལ། རྒྱུ་ཆའི་ཐོན་ཁུངས་གསར་བའི་སྟངས་འཛིན། ཁེ་ལས་ཀྱི་རྩ་འཛུགས་གསར་བ་མངོན་འགྱུར་བཅས་ལྔར་ཕྱེ་ཡོད། ཁོས་ད་དུང་གསར་སྐྲུན་གྱི་གཞུང་ལུགས་གཞིར་བྱས་ཏེ་མ་རྩ་རིང་ལུགས་ཀྱི་དཔལ་འབྱོར་འཕེལ་འགྲིབ་ཀྱི་རེས་འཁོར་ཆོས་ཉིད་ལའང་སྤྲོས་བཤད་བྱས་ཡོད་དོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-01-23

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།