པུ་ལ་ཀིའི་གྲུབ་མཐའ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

པུ་ལ་ཀིའི་གྲུབ་མཐའ།
པུ་ལ་ཀིའི་གྲུབ་མཐའ་དེར་བྱེད་ནུས་སྨྲ་བའི་གྲུབ་མཐའ་ཡང་ཟེར། དེ་ནི་སྤྱི་ལོ1926ལོའི་ཟླ10པའི་ཚེས6ཉིན། ཅེ་ཁི་སི་ལོ་ཧྥོ་ཁེའི་རྒྱལ་ས་པུ་ལ་ཀི་ནས་གྲུབ་མཐའ་དེ་ཐོག་མར་བཙུགས་པའི་སྐད་བརྡ་རིག་པའི་གྲུབ་མཐའ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
布拉格学派
ཕྱི་ཡིག་གི་མིང་།
Prague School
མིང་གཞན།
བྱེད་ནུས་སྨྲ་བའི་གྲུབ་མཐའ།
ཚུགས་ལོ།
སྤྱི་ལོ1926ལོའི་ཟླ10པའི་ཚེས6ཉིན།
1 ངོ་སྤྲོད་མདོར་བསྡུས།

པུ་ལ་ཀིའི་གྲུབ་མཐའ་དེར་བྱེད་ནུས་སྨྲ་བའི་གྲུབ་མཐའ་ཡང་ཟེར། དེ་ནི་སྤྱི་ལོ1926ལོའི་ཟླ10པའི་ཚེས6ཉིན། ཅེ་ཁི་སི་ལོ་ཧྥོ་ཁེའི་རྒྱལ་ས་པུ་ལ་ཀི་ནས་གྲུབ་མཐའ་དེ་ཐོག་མར་བཙུགས་པ་ཞིག་ཡིན། ཉིན་དེར་པུ་ལ་ཀིའི་སྐད་བརྡ་རིག་པའི་མཐུན་ཚོགས་ཀྱིས་སྐབས་དང་པོའི་ཚོགས་འདུ་བསྡུས་ནས་པུ་ལ་ཀི་ཁྲ་ལེ་སི་སློབ་ཆེན་གྱི་དབྱིན་ཇིའི་སྐད་བརྡ་སྨྲ་བ་དང་རྩོམ་རིག་གི་སློབ་དཔོན་ཆེན་མོ་ཝའེ་ལོན་མཱ་ཐེ་ཞུག་སིས(Vilem Mathesius)ཚོགས་འདུར་མགོ་འཛིན་བྱས་ཏེ་གྲུབ་མཐའ་ལྟ་བ་ཀུན་ལ་ཁྱབ་བསྒྲགས་དང་ཁོང་ཉིད་ནས་མཐུན་ཚོགས་ཀྱི་ཀྲུའུ་ཞིའི་འགན་བཞེས། གྲུབ་མཐའ་འདིའི་ཚབ་མཚོན་མི་སྣ་ལ་གཙོ་བོ། ཐུ་རོ་པའེ་ཙི་ཁཱོ་ཡེ(Nikolai Sergeevich Trubetskoi)དང་ཡཱ་ཁུ་པའོ་སིན(RomanJakobson.1896-1982)། པཱོ་ལུང་ཏཱ་ཨར(V.Bröndal)། ཁཱ་ཨར་ཚེ་ཧྥོ་སི་ཅེ(SergeiKarcevski.1884-1955)། ཐཱི་ལུང་ཁ(B.Trnka.1895-1984)། ཧ་ཧྥོ་ལིན་ནེ་ཁུ(B.Havránek.1893-1978)། ཝ་ཧའེ་ཁུག(J.Vachek.1909-1997)དང་། ཧྥ་རིན་སིའི་སྙན་གྲགས་ཅན་གྱི་སྐད་བརྡ་རིག་པ་བ་མཱ་ཐཱན་ནེ(AndréMartinet.1908-1999)སོགས་ཡོད།

དེའི་ཁྲོད་ཀྱི་མཱ་ཐཱན་ནེ་ནི་པུ་ལ་ཀིའིི་ཚོགས་མི་དངོས་མིན། ཡིན་ཡང་ཁོའི་ལྟ་བ་ལས་པུ་ལ་ཀིའི་གྲུབ་མཐའི་སྲོལ་རྒྱུན་གྱི་ལྟ་བ་དེ་མངོན་པར་མཚོན་འདུག་པས། ཁོ་ཚོས་བསྟན་དོན་སྐད་བརྡ་ནི་སྤྱི་ཚོགས་ཀྱི་སྣང་ཚུལ་དང་འབྲེལ་བ་ཡོད་པའི་བརྡ་རྟགས་ཀྱི་མ་ལག་ཅིག་ཡིན་པ་དང་། སྤྱི་ཚོགས་ཀྱི་སྣང་ཚུལ་གཞན་དང་ཐ་དད་གནས་པའི་འདུ་ཤེས་འཛིན་སྟངས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ། སྐད་བརྡའི་བྱེད་ནུས་དང་སྒྲ་གནས་ལ་ཞིབ་འཇུག་བྱེད་པར་དོ་སྣང་ཆེན་པོ་བྱེད་པ་མ་ཟད། སྒྲ་གནས་ཀྱི་མ་ལག་ཞིབ་འབྲི་བྱེད་པ་རྒྱ་བསྐྱེད་དེ་སྐད་བརྡའི་སྣང་ཚུལ་གཞན་དག་ལ་ཞིབ་འཇུག་བྱ་རྒྱུ་གཙོ་བོར་འཛིན། པུ་ལ་ཀིའི་གྲུབ་མཐའ་དེ་བཙུགས་མ་ཐག་ནས་དེ་ལ་ཁྱད་ཆོས་ཆེན་པོ་གསུམ་འདུག་སྟེ། གཅིག རྒྱལ་སྤྱིའི་རང་བཞིན་ལྡན། སྤྱི་ལོ1920ལོ་ནས་བཟུང་། ཨུ་རུ་སུའི་སྐད་བརྡ་སྨྲ་བ་ཡཱ་ཁུ་པའོ་སིན་གནས་སྤར་ནས་ཅེ་ཁི་སི་ལོ་ཧྥོ་ཁེའི་རྒྱལ་ས་པུ་ལ་ཀི་རུ་ཡོང་ནས་མཱ་ཐེ་ཞུག་སི་དང་མཉམ་དུ་རིག་གཞུང་ཞིབ་འཇུག་གི་བྱ་བ་གཉེར། སྤྱི་ལོ1926ལོའི་སྟོན་ཀར། འཇར་མན་གྱི་སྐད་བརྡ་རིག་པའི་འབུམ་རམས་པ་ཧིན་ལེ་ཁུག་པའེ་ཁུག་པུ་ལ་ཀི་རུ་སླེབས། ཁོ་རང་སྔར་ལི་པེ་ཞི་ན་བཞུགས་དུས་ཐཱི་ལུང་ཁ་དང་ཧ་ཅང་ཆ་རྒྱུས་ཡོད། སྐབས་དེར་པའེ་ཁུག་ལགས་ནས་རང་ཉིད་ཀྱིས་པུ་ལ་ཀིའི་གྲུབ་མཐར་ཞིབ་འཇུག་བགྱིས་པའི་གྲུབ་འབྲས། ལས་རིགས་གཅིག་པའི་མཁས་པ་རྣམས་ལ་ངོ་སྤྲོད་བྱེད་འདོད་པས། མཱ་ཐེ་ཞུག་སི་ནས་རིག་གཞུང་མཐུན་ཚོགས་གླིང་དུ་གཞན་དང་འབྲེལ་འདྲིས་བྱེད་པའི་གོ་སྐབས་ཤིག་བསྩལ། སྐབས་དེར་མཐུན་ཚོགས་འདིར་སྤྱིར་ཚོགས་མི50ལྷག་འདུག ཅེ་ཁི་སི་ལོ་ཧྥོ་ཁེའི་ཚོགས་མི23དང་། ཨུ་རུ་སུའི་ཚོགས་མི11 ཧྥ་རན་སིའི་ཚོགས་མི4 འཇར་མན་གྱི་ཚོགས་མི4 ཏན་མག་རྒྱལ་ཁབ་ཀྱིཚོགས་མི་2 ཧོ་ལན་རྒྱལ་ཁབ་ཀྱི་ཚོགས་མི1 སར་པི་ཡ་རྒྱལ་ཁབ་ཀྱི་ཚོགས་མི1བཅས་ཡོད། གཉིས། ཚོགས་མི་རྣམས་ཧུར་ཐག་གིས་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ལ་ཞུགས་པ། ཁོ་ཚོ་སྐབས་དང་པོ་ནས་བཞི་བའི་བར་གྱི་རྒྱལ་སྤྱིའི་སྐད་བརྡ་རིག་པའི་རིག་གཞུང་ཚོགས་འདིར་ཞུགས་པ། ད་དུང་སྐབས་དང་པོ་དང་གཉིས་པའི་སི་ལཱ་ཧྥོ་རིག་པའི་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་དང་། སྒྲ་གནས་རིག་པའི་རྒྱལ་སྤྱིའི་ཚོགས་འདུ། སྐབས་དང་པོ་ནས་གསུམ་པའི་སྐད་སྒྲ་རིག་པའི་རྒྱལ་སྤྱིའི་ཚོགས་འདུ། མིའི་རིགས་རིག་པའི་རྒྱལ་སྤྱིའི་རིག་གཞུང་ཚོགས་འདུ་བཅས་ལ་ཞུགས།  རིག་གཞུང་ཚོགས་འདུ་འདི་དག་བརྒྱུད་ནས་པུ་ལ་ཀིའི་གྲུབ་མཐའ་སྨྲ་བ་དག་གིས་རང་ཉིད་ཀྱི་བསམ་བློའི་ལྟ་བ་དེ་གཞན་ལ་ཁྱབ་བསྒྲགས་བྱས་པ་དང་བསྟུན། ཡོ་རོབ་གླིང་དང་ཨ་མེ་རི་ཀ་སོགས་རྒྱལ་ཁབ་གཞན་གྱི་སྐད་བརྡ་རིག་པ་སྨྲ་བ་དག་ལ་བསམ་བློའི་འབྲེལ་ཟམ་བཙུགས་པ་མ་ཟད། པུ་ལ་ཀིའི་གྲུབ་མཐའ་དེ་འཛམ་གླིང་ཡོངས་ལ་ཁྱབ་བསྒྲགས་བྱས་ཏེ་གྲུབ་འབྲས་མི་དམན་པ་བླངས། གསུམ། པུ་ལ་ཀིའི་གྲུབ་མཐས་རང་ཉིད་ཀྱི་རིག་གཞུང་དུས་དེབ《པུ་ལ་ཀིའི་སྐད་བརྡ་རིག་པའི་གཏམ་ཚོགས》ཞེས་པ་དངོས་སུ་དཔར་བསྐྲུན་དུ་བཏབ། དུས་རབས20པའི་ལོ་རབས50བའི་སྐབས་སུ། ཅེ་ཁི་སི་ལོ་ཧྥོ་ཁེའི་སྐད་བརྡ་སྨྲ་བ་དག་གིས་རང་ཉིད་ཀྱི་གྲུབ་མཐར་པུ་ལ་ཀིའི་གྲུབ་མཐའ་གསར་བ་ཞེས་བཏགས། འདི་ལ་རྩ་འཛུགས་བྱེད་མཁན་གཙོ་བོ་གཉིས་ཡོད་དེ། སྐད་བརྡ་རིག་གཞུང་སློབ་ཚོགས་དང་དེང་རབས་སྐད་ཡིག་རིག་པའི་སློབ་ཚོགས་གཉིས་སོ། །

2 མཛད་རྗེས།

པུ་ལ་ཀིའི་གྲུབ་མཐའི་མཛད་རྗེས་གཙོ་བོ་ནི་སྒྲ་གནས་སྨྲ་བའི་རིག་པའི་སྲོལ་བཏོད་པ་དེ་ཡིན་ལ། ཁོ་ཚོས་སྐད་ཆའི་འབྲེལ་འདྲིས་ཀྱི་ནུས་པ་དང་སྐད་བརྡའི་གྲུབ་ཆའི་དབྱེ་འབྱེད་ནུས་དེ་གཙིགས་སུ་འཛིན་པས་ན་གྲུབ་མཐའ་དེར་བྱེད་ནུས་རིང་ལུགས་སམ་ཡང་ན་བྱེད་ནུས་བརྡ་སྤྲོད་རིག་པའི་གྲུབ་མཐའ་ཟེར།

སྐད་བརྡ་རིག་པའི་ཆེད་མཁས་པ་དག་གིས་བཞེད་ཚུལ་ལྟར་ན། པུ་ལ་ཀིའི་གྲུབ་མཐའ་ནི་སྐད་བརྡ་རིག་པའི་མེས་པོ་ཟོ་ཞིར་གྱི་གྲུབ་མཐའ་བྱུང་བའི་རྗེས་སུ་འཛམ་གླིང་དུ་ཤུགས་རྐྱེན་ཆེས་ཆེ་བའི་གྲུབ་མཐའ་དེ་ཡིན། ད་དུང་ཨ་མེ་རི་ཀའི་སྐད་བརྡ་རིག་པའི་ཆེད་མཁས་པ་པཱོ་ལིན་གུག་གིས་གསུངས་རྒྱུར། ཨོ་རོབ་གླིང་གི་སྐད་བརྡ་རིག་པའི་གྲུབ་མཐའ་གང་ཞིག་གིས་ཀྱང་པུ་ལ་ཀིའི་གྲུབ་མཐའ་ལྟ་བུའི་འཛམ་གླིང་ཡོངས་ལ་གཡོ་འགུལ་ཐེབས་པའི་ཤུགས་རྐྱེན་ཞིག་བཞག་མ་བྱུང་། པུ་ལ་ཀིའི་གྲུབ་མཐས་ཨ་རིའི་སྐད་བརྡ་རིག་པའི་གཞུང་ལུགས་ཀྱི་རིག་ཚན་སོ་སོའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་པ་མ་ཟད། དབྱིན་ཇིའི་སྐད་བརྡ་རིག་པའི་མཁས་པ་ཧན་ཏིག་ལིས་ཀྱང་གསུང་རྩོམ་ཁྲོད་པུ་ལ་ཀིའི་གྲུབ་མཐའི་གཞུང་ལུགས་ལ་གདེང་འཇོག་ཆེན་པོ་གནང་ཡོད།

3 ཚབ་བྱེད་མི་སྣ།

ཐུ་རོ་པའེ་ཙི་ཁཱོ་ཡེ(Nikolai Sergeevich Trubetskoi)དང་ཡཱ་ཁུ་པའོ་སིན(RomanJakobson.1896-1982)། པཱོ་ལུང་ཏཱ་ཨར(V.Bröndal0། ཁཱ་ཨར་ཚེ་ཧྥོ་སི་ཅེ(SergeiKarcevski.1884-1955)། ཐཱི་ལུང་ཁ(B.Trnka.1895-1984)། ཧ་ཧྥོ་ལིན་ནེ་ཁུ(B.Havránek.1893-1978)། ཝ་ཧའེ་ཁུག(J.Vachek.1909-1997)དང་། ཧྥ་རིན་སིའི་སྙན་གྲགས་ཅན་གྱི་སྐད་བརྡ་རིག་པ་བ་མཱ་ཐཱན་ནེ(AndréMartinet.1908-1999)སོགས་ཡོད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-01-04

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།