ཀླུམ་ཡ་གསུམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀླུམ་ཡ་གསུམ།
ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་ས་མིང་ཞིག་སྟེ། དེ་ནི་གནའ་བོའི་བོད་ཀྱི་རྒྱལ་ཕྲན་བཅུ་གཉིས་ཀྱི་གྲས་ཤིག་ཡིན་པར་བསྟན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
隆木雅三部
གནས་ཡུལ།
དེང་སང་གི་འབྲི་ཁུང་དང་མལ་གྲོ་གོང་དཀར་རྒྱུད།
1 ངོ་སྤྲོད་མདོར་བསྡུས།

ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་ས་མིང་ཞིག་སྟེ། ཀླུམ་རོ་ཡ་སུམ་ཡང་བརྗོད། 《ཏུན་ཧོང་བོད་ཀྱི་ཡིག་ཆ》ལས་བྱུང་བའི་རྒྱལ་ཕྲན་རིམ་བྱུང་གི་མིང་ཞེས་པའི་ནང་། “ཡུལ་ཀླུམ་རོའི་ཡ་སུམ་ན་རྗེ་ནམ་པའི་བུ་གསེང་ཏི། བློན་པོ་མྱང་དང་སྦྲང་གཉིས”ཞེས་གནའ་བོའི་བོད་ཀྱི་རྒྱལ་ཕྲན་བཅུ་གཉིས་ཀྱི་གྲས་ཤིག་ཡིན་པར་བསྟན་པ་དང་། ཡང་མཁས་པ་ལྡེའུས“ཡུལ་ཀླུམ་རོ་ཡ་སུམ་ན། རྒྱལ་པོ་ནམ་ས་རྩི་ཏི”ཞེས་རྒྱལ་པོའི་མཚན་ཅུང་ཟད་མི་འདྲ་ཙམ་ཞིག་བསྟན་ཏེ། དོན་དུ་བོད་ཀྱི་གནའ་བོའི་རྒྱལ་ཕྲན་སིལ་མ་བཞི་བཅུ་རྩ་གཉིས་ཀྱི་གྲས་ཤིག་ཡིན་པར་གསུངས། རྒྱལ་ཕྲན་དེ་ཉིད་དུས་ནམ་ཞིག་ན་ཟིང་པོ་རྗེ་སྟག་སྐྱ་བོའི་མངའ་རིས་སུ་གྱུར་མིན་མ་ཤེས་པའང་། 《ཏུན་ཧོང་བོད་ཀྱི་ཡིག་ཆ》ལས་བྱུང་བའི་བཙན་པོ་རིམ་བྱུང་གི་ལོ་རྒྱུས་ནང་འཁོད་པར་གཞིགས་ན། བཙན་པོ་སྟག་བུ་སྙ་གཟིགས་ཀྱི་སྐབས་ཙམ་ན་ཀླུམ་ཡ་གསུམ་ནི་ཐོག་མར་ཟིང་པོ་རྗེ་སྟག་སྐྱ་བོའི་མངའ་རིས་ཡིན་ན་ཡང་། ཟིང་པོ་རྗེ་སྟག་སྐྱ་བོ་དེ་བྱ་བ་གང་དང་གང་ཡང་ཕྱིན་ཅི་ལོག་པར་བྱེད་མཁན་ཞིག་ཡིན་གཤིས། དེ་ལ་དེའི་བློན་པོ་གཉན་འཛི་ཟུང་ནག་པོ་ཡི་མ་རངས་པར་ངོ་ལོག་བརྒྱབ། དེ་རྗེས་སྐབས་དེའི་རྒྱལ་ཕྲན་གཞན་ཞིག་གི་བདག་པོ་ཟིང་པོ་རྗེ་ཁྲི་པངས་སུམ་གྱིས་གཉན་འཛི་ཟུང་གི་དཔུང་ཡར་ལངས་ནས་སྟག་སྐྱ་བོའི་ཡུལ་ཀླུམ་ཡ་གསུམ་དང་ཡེལ་རབས་སྡེ་བཞི་བཅས་མངའ་འོག་ཏུ་བསྡུས་པ་མ་ཟད། མནའ་གཙིགས་དོན་ཐོག་ཏུ་བཀལ་ཏེ་ཀླུམ་ཡ་གསུམ་གྱི་སྨད་གཉན་འཛི་ཟུང་གི་བྲན་དུ་སྤྲད། དེ་རྗེས་བཙན་པོ་གནམ་རི་སྲོང་བཙན་གྱིས་དྲག་ཤུགས་ལ་བརྟེན་ནས་ཟིང་པོ་རྗེའི་མངའ་ཁུལ་རྣམས་དབང་དུ་བསྡུས་རྗེས། གཉན་འཛི་ཟུང་གི་མཁར་དང་ཀླུམ་ཡ་གསུམ་གྱི་བྲན་གཡོག་བཅས་མྱང་ཙེང་སྐུའི་བྱ་དགར་བསྩལ་འདུག དེས་ན་སྟག་བུ་སྙ་ཟགཟིགས་ཀྱི་སྐབས་ཙམ་ན་ཀླུམ་ཡ་གསུམ་དེ་ཟིང་པོ་རྗེ་སྟག་སྐྱ་བོའི་མངའ་རིས་ཡིན་པའི་ལོ་རྒྱུས་ལ་གཞིགས་ན། བཙན་པོའི་སྐབས་ཀྱི་ཀླུམ་ཡ་གསུམ་བྱ་བ་དེ་ལྷ་ས་སྐྱིད་ཆུའི་སྲོད་བརྒྱུད་བྱང་ངོས་སུ་ཡོད་པར་ཐེ་ཚོམ་མེད་ནའང་། ཞིབ་ཕྲའི་གནས་གང་དུ་ངེས་པ་རྩད་མ་ཆོད། མཁས་པ་འགའ་ཞིག་གིས་ཀླུམ་ཡ་གསུམ་ནི་ཕལ་ཆེར་དེང་སང་གི་འབྲི་ཁུང་དང་མལ་གྲོ་གོང་དཀར་རྒྱུད་དུ་ཡིན་ཞེས་གསུངས་པ་འདིར་དཔྱད་གཞིར་ཕུལ་བ་ཡིན། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-12-17

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།