ཀ་མ་ལ་ཤཱི་ལ། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

ཀ་མ་ལ་ཤཱི་ལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(བརྡ་འགྲེལ།)

ཀ་མ་ལ་ཤཱི་ལ།
འདིར་ཀ་མ་སྟེ་པདྨ་དང་ཤཱི་ལ་ནི་ངང་ཚུལ་ཏེ་པདྨའི་ངང་ཚུལ་ལམ་རྒྱལ་བའི་ངང་ཚུལ་ཞེས་བྱ་ཞིང་། དེ་ནི་རྒྱ་གར་གྱི་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་བཞེད་སྲོལ་འཛིན་པའི་པཎྜི་ཏ་ཆེན་པོ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
莲花戒、噶玛拉希拉
ཕྱི་ཡིག་གི་མིང་།
Kamalaśīla;ka ma la shi' la
ལེགས་སྦྱར་སྐད་དུ།
ཀ་མ་ལ་ཤཱི་ལ།
བོད་སྐད་དུ།
པདྨའི་ངང་ཚུལ་ལམ་རྒྱལ་བའི་ངང་ཚུལ།
འཁྲུངས་ཡུལ།
རྒྱ་གར།
ལས་རིགས།
ལོ་ཙཱ་བ།
དུས་སྐབས།
ཁྲི་སྲོང་ལྡེ་བཙན་སྐབས།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(740-795)
1 ​ངོ་སྤྲོད་མདོར་བསྡུས།

ཀ་མ་སྟེ་པདྨ་དང་ཤཱི་ལ་ནི་ངང་ཚུལ་ཏེ་པདྨའི་ངང་ཚུལ་ལམ་རྒྱལ་བའི་ངང་ཚུལ་ཞེས་བྱ་ཞིང་། རྒྱ་གར་གྱི་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་བཞེད་སྲོལ་འཛིན་པའི་པཎྜི་ཏ་ཆེན་པོ་ཞིག་ཡིན་པ་ཡོངས་གྲགས་ཀྱི་ལོ་རྒྱུས་ཕལ་ཆེ་བའི་ནང་གསལ་ཡང་།    མངའ་བདག་ཉང་ཉི་མ་འོད་ཟེར་གྱིས་མཛད་པའི་ཆོས་འབྱུང་མེ་ཏོག་སྙིང་པོ་ལྕགས་དཔར་མའི་ཤོག་གྲངས332དང་ཡང་དེ་ཉིད་ཀྱིས་མཛད་པའི་བཀའ་ཐང་ཟངས་གླིང་མ་ལྕགས་དཔར་གྱི་ཤོག་གྲང52པ་བཅས་གཉིས་ཀར་རྒྱ་ནག་ནས་སློབ་དཔོན་ཀ་མ་ལ་ཤཱི་ལ་སྤྱན་དྲངས་ཞེས་འཁོད་འདུག་པ་དེ་ནི་མ་ཡིག་བྲིས་མ་གཅིག་ལ་གཅིག་བརྒྱུད་ཀྱིས་དཔེ་བཤུ་བྱས་སྟབས་ཡིག་ཕྲེང་གོང་མ་ནས་འོག་མར་མཆོངས་ཏེ་བྲིས་ནོར་བྱུང་བ་ཡིན་ཏེ་ཡིག་ཕྲེང་གོང་མར་རྒྱ་ནག་ནས་ཧཱ་ཤང་མ་ཧཱ་ཡ་ན་བོད་དུ་ཕེབས་པ་དང་།  རྒྱ་གར་ནས་སློབ་དཔོན་ཀ་མ་ལ་ཤཱི་ལ་གདན་དྲངས་ཞེས་གསུངས་རྒྱུ་ཡིན་ངེས་སྙམ་པས་མཁས་དབང་རྣམས་ཀྱིས་དཔྱད་པར་ཞུ་ཞིང་།  སློབ་དཔོན་འདི་མཁན་ཆེན་ཞི་བ་འཚོའི་དངོས་སློབ་ཡིན།         མཁན་ཆེན་ཞི་བ་འཚོ་སྐུ་འདས་རྗེས་རྒྱ་ནག་ནས་ཕེབས་པའི་ཧཱ་ཤང་མ་ཧཱ་ཡ་ནས་ཅིག་ཅར་འཇུག་པའི་ཆོས་ཞེས་ཕྱག་མཆོད་སོགས་ལུས་ངག་གི་ཆོས་སྤྱོད་མི་དགོས་པར་དང་པོ་ནས་སེམས་རྣམ་པར་མི་རྟོག་པ་སྒོམ་དགོས་པའི་སྲོལ་གསར་བ་དར་སྤེལ་བཏང་བར་བརྟེན་སྔར་གྱི་སློབ་དཔོན་ཞི་བ་འཚོའི་སྐབས་བཙུགས་པ་གནང་བའི་ཆོས་སྲོལ་དང་མི་མཐུན་པའི་ཕྱོགས་ཁག་གསར་བ་ཞིག་ཆགས་ཏེ་བོད་ཀྱི་ནང་བསྟན་ཆོས་ལུགས་པ་ནང་ཁུལ་ལྟ་བ་མི་མཐུན་པའི་ཕྱོགས་ཁག་གཉིས་བྱུང་། ཧཱ་ཤང་གི་ཕྱོགས་ཁག་རྣམས་ཀྱིས་སློབ་དཔོན་ཞི་བ་འཚོའི་ཕྱོགས་ཁག་རྣམས་དམར་གསོད་གཏོང་རྩིས་བྱས་ཤིང་།འགའ་ཞིག་རང་སྲོག་བཅད་པ་བཅས་འགལ་ཟླ་ཚབས་ཆེན་བྱུང་བ་ལ། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་ཧཱ་ཤང་ཕྱོགས་ཁག་རྣམས་ལ་ཕན་ཚུན་དྲག་འཐབ་མི་དགོས་པར་ཕྱོགས་གཉིས་ཀྱི་སློབ་དཔོན་མཁས་པ་རྣམས་ཆོས་རྩོད་འགྲན་གླེང་ཐོག་རྒྱལ་ཕམ་ཐག་གཅོད་གནང་རྒྱུར་གོ་བསྐོན་སློབ་གསོ་གནང་རྗེས་མཁན་པོ་ཞི་བ་འཚོ་སྐུ་གཤེགས་ཁའི་ཁ་ཆེམས་ལྟར་ཁོང་གི་སློབ་མ་ཀཱ་མ་ལ་ཤཱི་ལ་བལ་ཡུལ་ནས་གདན་དྲངས་པ་ལྟར་བསམ་ཡས་སུ་ཕེབས་ཐོག  ཧཱ་ཤང་མ་ཧཱ་ཡ་ན་དང་རྩོད་གླེང་གནང་སྟེ་ཧཱ་ཤང་ཚར་བཅད་པ་སོགས་སྦ་བཞེད་དང་མངའ་བདག་ཉང་རལ་པ་ཅན་གྱི་ཆོས་འབྱུང་སོགས་བོད་ཡིག་གི་ཆོས་འབྱུང་ལོ་རྒྱུས་ཚང་མས་གསུང་ཚུལ་གཅིག་མཐུན་ཡིན། འོན་ཀྱང་དེང་སྐབས་རྒྱལ་ཁབ་ཕྱི་ནང་གི་མཁས་པ་མང་པོས་གསུངས་དོན་དུ་བོད་ཡིག་གི་ལོ་རྒྱུས་ཐོག་ཧཱ་ཤང་གི་ཕྱོགས་རྩོད་པ་ཕམ་པར་གསལ་བ་དེ་བཙན་པོ་ཁྲི་སྲོང་ལྡེ་བཙན་དང་སློབ་དཔོན་ཀ་མ་ལ་ཤཱི་ལའི་ཕྱོགས་གཏོགས་ཀྱིས་བྲིས་པ་ཞིག་ཡིན་པ་དང་།  རྒྱ་ཡིག་གི་ཐོག་བྲིས་པའི་རིགས་པ་ཡང་དག་པར་ངེས་པ་ཞེས་པའི་ནང་རྩོད་པ་བསམ་གཏན་མཁན་པོའི་ཕྱོགས་ལ་རྒྱལ་ཁ་ཐོབ་པར་བཤད་ཡོད་པས་བོད་ཡིག་ཐོག་བྲིས་པའི་ལོ་རྒྱུས་དེ་ཁུངས་དག་མིན་ཞེས་ཧཱ་ཤང་མ་ཧཱ་ཡ་ནའི་དོན་དུ་དག་སེལ་གནང་མཁན་བྱུང་ཡོད་པས་དོན་གནད་དེ་སྐོར་ལ་གཟུ་བོར་གནས་པའི་མཁས་དབང་རྣམ་པ་ཚོས་ཞིབ་དཔྱད་གནང་དགོས།  སློབ་དཔོན་ཀ་མ་ལ་ཤཱི་ལ་བསམ་ཡས་ཆོས་རྩོད་ཀྱི་རྗེས་སུ་ལོ་ཁ་ཤས་བོད་དུ་བཞུགས་རིང་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་ལྟ་བ་དང་། སྒོམ་པ།  འབྲས་བུ་གསུམ་གྱི་སྐོར་ལ་དྲི་བ་ཞུས་པའི་ལན་དུ་སྒོམ་རིམ་དང་པོ།  བར་པ།  ཐ་མ་བཅས་ཆེད་རྩོམ་མཛད་དེ་འབྲས་བུ་གསུངས་པའི་ཞོར་ལ་ཧཱ་ཤང་མ་ཧཱ་ཡ་ནའི་ལྟ་ཚུལ་ལ་དགག་པ་མཛད།  གསུང་རྩོམ་དེ་ལོ་ཙཱ་པ་ཞང་ཡེ་ཤེས་སྡེས་བོད་སྐད་དུ་བསྒྱུར་བ་བསྟན་འགྱུར་སྡེ་དགེ་དཔར་མའི་པོད(ཀི)པར་ཡོད་སླར་ཡང་སྒོམ་རིམ་གསུམ་གྱི་དོན་འགྲེལ་དུ་ལུང་རིགས་གཉིས་ཀྱི་སྒོ་ནས་གཏན་ལ་ཕབ་པའི་དབུ་མ་སྣང་བ་བརྩམས་པར་མཛད་པ་དེ་ལོ་ཙཱ་པ་དཔལ་བརྩེགས་རཀྵི་ཏས་བོད་སྐད་དུ་བསྒྱུར་བ་བསྟན་འགྱུར་སྡེ་དགེ་དཔར་མའི་མདོ་ཕྱོགས་པོད(ས)པར་ཡོད།  གཞན་ཡང་གསུང་རྩོམ་གཞན་དག་གི་སྐོར་ཤེར་ཕྱིན་བདུན་བརྒྱ་བའི་རྒྱ་ཆེར་བཤད་པ་ལོ་ཙཱ་པ་ནམ་མཁའ་བསྟན་པས་བསྒྱུར་བ་བསྟན་འགྱུར་སྡེ་དགེ་དཔར་མའི་མདོ་ཕྱོགས་པོད(མ)པར་ཡོད། ཤེར་ཕྱིན་རྡོ་རྗེའི་གཅོད་པ་དབུ་མའི་ཚུལ་དུ་འགྲེལ་བ་ལོ་ཙཱ་པ་ཞང་ཡེ་ཤེས་སྡེས་བསྒྱུར་བ་དང་དབུ་མ་རྒྱན་གྱི་དཀའ་འགྲེལ་ལོ་ཙཱ་པ་ཡེ་ཤེས་སྡེས་བསྒྱུར་བ་བསྟན་འགྱུར་སྡེ་དགེ་དཔར་མའི་མདོ་ཕྱོགས་པོད(ས)པར་ཡོད།  གཞན་ཡང་གསུང་ཁག་ཁ་ཤས་ཡོད་པ་འདིར་མ་བཀོད། སློབ་དཔོན་སྐུ་གཤེགས་རྐྱེན་ནི་བོད་ཡིག་གི་ལོ་རྒྱུས་ཐོག་གསལ་བ་ལྟར་ན་ཧཱ་ཤང་མ་ཧཱ་ཡ་ནའི་ཕྱོགས་ཆོས་རྩོད་ཕམ་ཉེས་བྱུང་བ་དེས་ནད་མ་ཐེག་པར་གཤེད་མ་ལག་དམར་བ་གཉིས་མངགས་ནས་མཚན་མོ་སྒྲ་བསྒྱུར་ཁང་པར་གཟིམས་ནས་བཞུགས་པའི་དུས་སུ་མཁལ་མ་བཙིར་ནས་སྐུ་དཀྲོངས་པར་བཤད། འདི་དུང་དཀར་རིན་པོ་ཆེའི་གསུང་ཚུལ་ལྟར་ཡིན།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-09-18

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།