བསླབ་བྱ་ནོར་བུའི་ཕྲེང་བ། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

བསླབ་བྱ་ནོར་བུའི་ཕྲེང་བ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(མ་ཡིག)

བསླབ་བྱ་ནོར་བུའི་ཕྲེང་བ་ཅེས་པ་འདི་ནི་འཇམ་དབྱངས་གོང་མ་ཆེན་པོའི་རིགས་ཀྱི་ཅོད་པན་ལྕང་སྐྱ་མཆོག་སྤྲུལ་རིན་པོ་ཆེ་དང་། སྐྱབས་རྗེ་ཐུའུ་བཀྭན་ཧོ་ཐོག་ཐུ་རྣམ་གཉིས་ནས་ཨ་ཆི་ཐུ་དཔོན་པོ་ཞེས་ཆོ་ལོ་དང་བཀའ་ཤོག་སོགས་ཀྱིས་བསྔགས་ལ། རང་གི་ཉེ་གནས་མཐའ་ཡས་རྒྱ་མཚོས་ལྷ་དར་སེར་བོ་ཆེ་ལེགས་བཅས་བསྐུལ་ངོར། བོད་ཆོས་རྒྱལ་གོང་མ་རྣམས་ཀྱི་དུས་སུ་རྒྱལ་པོ་ལས་འོག་ཏུ་ཆེ་བའི་ཞང་ལྷ་རིགས་དཀར་པོ་ཞེས་གྲགས་པའི་རྒྱུད་དུ་བྱུང་བའི་དགེ་སློང་བསྟན་པ་རྒྱ་མཚོས་དགོན་ལུང་དུ་སྦྱར་བའོ། །
གཞི་རྩའི་གནས་ཚུལ།

རྩོམ་པ་པོ།
ཞང་སྟོན་བསྟན་པ་རྒྱ་མཚོ།
1 མ་ཡིག

བསླབ་བྱ་ནོར་བུའི་ཕྲེང་བ། 

ན་མོ་གུ་རུ། ཁོ་བོ་ཡབ་རྗེ་བླ་མ་དམ་པའི་སྲས། ། གཞུང་ལུགས་མང་དུ་ཐོས་པས་བཤད་པ་ཆེ། ། མི་རིགས་སྣ་ཚོགས་འགྲོགས་པས་གོམས་པ་ཆེ། ། དེ་ཕྱིར་སྙིང་གི་བུ་ལ་འདི་ལྟར་བཤད། ། ཀུན་དང་མཐུན་པ་རྩ་བ་ཡིན་མོད་ཀྱང་། ། མཐོང་ཚད་ལད་མོ་བྱས་ན་ཀླད་མེད་ཡིན། ། སྐད་རིགས་ཐམས་ཅད་ཤེས་ན་བཟང་མོད་ཀྱང་། ། རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན། ། ཆ་ལུགས་ཀུན་དང་བསྟུན་ན་བཟང་མོད་ཀྱང་། ། སྟོན་པའི་བཅས་པར་འགལ་ན་སྙིང་རུལ་ཡིན། ། གཞན་དོན་རེམ་པ་ཡ་རབས་ཡིན་མོད་ཀྱང་། ། རང་སྡུག་རང་གིས་ཉོས་ན་སྡུག་གྱོང་ཡིན། ། གཞན་ལ་ཁྱད་གསོད་མེད་ན་བཟང་མོད་ཀྱང་། ། བཟང་ངན་གང་བྱས་ཁྱད་མེད་གླེན་པ་ཡིན། ། ནོར་བ་ཆགས་ཞེན་མེད་ན་བཟང་མོད་ཀྱང་། ། གཅིག་བཟུང་གཉིས་ཤོར་བྱས་ན་སྟོང་ཟད་ཡིན། ། སྤྱི་དོན་རལ་ཆོད་མེད་ན་བཟང་མོད་ཀྱང་། །ཧ་ཅང་སེམས་ཆུང་བྱས་ན་སྐྱག་ཤོར་ཡིན། ། རང་ལ་བསགས་པའི་ནོར་རྫས་མང་ན་ཡང་། ། མང་པོའི་གསེབ་ཏུ་བསྟན་ན་འགོང་འདྲེ་ཡིན། ། ཀུན་ལས་ཁྱད་འཕགས་ཚད་མར་འཁུར་ན་ཡང་། ། ང་རྒྱལ་ཆེ་ན་རང་གཞན་ཕུང་བྱེད་ཡིན། ། རང་ཉིད་དགེ་བའི་བཤེས་གཉེན་ཡིན་ན་ཡང་། ། ཁྱད་གསོད་མང་ན་དགྲ་བོའི་གཡབ་མོ་ཡིན། ། འོག་མ་བྱམས་པས་བསྐྱངས་ན་བཟང་མོད་ཀྱང་། ། འཁོར་ངན་བསྐྱངས་ན་ཁ་མཆུའི་སྣ་འདྲེན་ཡིན། ། གཞན་གྱི་ཚོགས་དཔོན་བཀུར་བར་འོས་མོད་ཀྱང་། ། ཆེ་ཆུང་ཁྱད་མེད་ལུགས་སྲོལ་ཉམས་བྱེད་ཡིན། ། རང་དང་མཉམ་ལ་བཀུར་སྟི་བྱེད་དགོས་ཀྱང་། ། ཧ་ཅང་མཛེས་མང་མཛེས་ན་སྤྲེའུ་ཡིན། ། དམ་ཆོས་ཀུན་ལ་བཤད་ན་ལེགས་མོད་ཀྱང་། ། ཧ་ཅང་མང་ན་སྤྲང་བོའི་མ་ཎི་ཡིན། ། ཁ་ཚོད་བལྟ་ལ་ལྷག་པར་བཤད་དགོས་ཀྱང་། ། ཧ་ཅང་བཤད་ན་རང་མགོ་གཅོག་བྱེད་ཡིན། ། ཆོས་ཀྱི་ཡོན་ལ་མི་བལྟ་གལ་ཆེ་ཡང་། ། གསེར་ལ་རིན་ཐང་མེད་ན་ས་རྡོ་ཡིན། ། མན་ངག་ཟབ་མོ1གསང་བར་འོས་མོད་ཀྱང་། ། ཧ་ཅང་གསང་ན་གདམས་ངག་ཁོང་རུལ་ཡིན། ། དེ་ཡང་རགས་པ་སྤྱི་ཡི་རྣམ་གཞག་ཡིན། ། སྙིང་གཏམ་ལགས་པས་ད་དུང་གསན་མཛོད་དང་། ། མངོན་ཤེས་མེད་ཕྱིར་གྲོགས་དང་འགྲོགས་པ་དཀའ། ། གཅིག་ལ་ཡིད་མི་ཆེས་ན་འདྲེ་དང་འདྲ། ། ཀུན་ལ་བློ་གཏད་བྱས་ན་རང་ཉིད་ཕུང་། ། འགྲོགས་ལུགས་དགྲ་ལ་ཚོལ་དང་ཟབ་པ་ཡིན། ། གཅེས་པའི་བུ་དང་སྙིང་གི་གྲོགས་ལ་ཡང་། ། སྙིང་གཏམ་སྔོན་དུ་མ་བཤད་རེ་ཞིག་གསང་། ། ཧ་ཅང་དགའ་བའི་དུས་དང་ཁྲོས་པའི་དུས། ། སེམས་ལ་གང་ཡོད་ཁ་ལ་འཆོར་ཉེན་ཡོད། ། དེ་ཕྱིར་དྲན་ཤེས་སྔོན་དུ་བསྟེན་བྱས་ནས། ། ཁ་འདོན་གྲེ་བར་སྐྱིལ་དང་བཙུན་པ་ཡིན། ། སྐྱོན་མཚང་ངན་པ་ཁ་ནས་གསང་ན་ཡང་། ། འོལ་ལོ་རྗེས་ནས་བུད་ན་ངོ་རེ་ཚ། ། དེ་ཕྱིར་ལུས་ངག་བྱ་བྱེད་ཀུན་གྱི་སྟེང་། ། མཚང་ངན་ཕྱི་ལ་མི་འཆོར་མཁས་པ་ཡིན། ། རང་མཚང་རང་གིས་བྲུས་ན་འཕྲོད་པ་ཡིན། ། རང་དཔེ་གཞན་ལ་སྦྱར་ན་ཤིན་ཏུ་འཕྲོད། ། གཞན་དཔེ་ལ་རང་ལ་སྦྱར་ན་ལྷག་པར་འཕྲོད། ། དེ་ཕྱིར་དཔྱད་ནས་བསམ་བློ་གཏོང་བ་གཅེས། ། གཞན་སྐྱོན་ལྐོག་ནས་གླེང་བ་མི་ངན་ཡིན། ། ཤེས་བཞིན་དྲང་བོར་མི་བཤད་བསམ་ངན་ཡིན། ། འོན་ཀྱང་སྐྱོན་མཚང་བཤད་ན་ཤེས་མཁན་དཀོན། ། དེ་ཕྱིར་གཞན་སྐྱོན་གློད་ནས་བཞག་ན་བདེ། ། བློ་གཏད་མི་ལ་གང་ཡག་བཤད་མི་དགོས། ། གང་ཞིམ་གང་བཟང་དེ་ལ་སྟེར་མི་དགོས། ། གལ་ལ་ཐུག་དུས་སྐྱིད་སྡུག་ཅི་བྱུང་ཡང་། ། བསླུ་མེད་སྙིང་ནས་བསྐྱངས་ན་ངོ་མཚར་ཆེ། ། སྙིང་གཏམ་ལགས་པས་ད་དུང་གསན་མཛོད་དང་། ། མི་རིགས་མི་གཅིག་མོག་མོག་རྟ་སྤུ་འདྲ། ། བསམ་པ་མི་གཅིག་བལ་བོའི་རས་ཁྲ་འདྲ། ། དེ་ཕྱིར་སྔོན་དུ་ཁ་ཚོད་མ་བླངས་པར། ། འཕྲད་མ་ཐག་ཏུ་སྙིང་གཏམ་འཆད་པ་མཚང་། ། རང་བཞིན་བཟང་དང་མདོ་མེད་ནོར་ས་ཡོད། ། ཤ་ཚ་ཅན་དང་བསམ་ངན་ནོར་ས་ཡོད། ། དང་པོར་བཟང་ཀྱང་ཕྱིས་ནས་ངན་པ་ཡོད། ། དེ་ཕྱིར་མ་བརྟགས་བློ་གཏད་བྱེད་པ་མཚང་། ། ཆང་འཐུང་གླུ་ལེན་ཤོ་དང་མིག་མངས་རྩེ། ། གོ་ཚད་མཐོང་ཚད་ཀུན་གྱི་ལད་མོ་བྱེད། ། སྣང་བར་གང་དྲན་སྨྱོན་པ་ལྟ་བུ་ཡི། ། བག་མེད་མི་ལ་བྱ་བྱེད་འཆོལ་བ་མཚང་། ། ཁྱི་ལ་ཤ་རློན་བཅོལ་བ་ལྟ་བུ་ཡི། ། ཤ་མི་ཚ་ལ་ལུག་ནོར་བཅོལ་བ་མཚང་། ། ཐལ་མོ་སྦྱར་ནས་བླ་མར་འཕྱ་བ་ཡི། ། དད་པ་མེད་པ་སློབ་མར་བསྟེན་པ་མཚང་། ། ནོར་དང་གདམས་ངག་བརྗེ་བའི་ཉོ་ཚོང་མཁན། ། སྙིང་རྗེ་མེད་པ་བླ་མར་བསྟེན་པ་མཚང་། ། ཅི་ཙམ་འབད་ཀྱང་ཕན་ངོ་མི་ཤེས་པའི། ། ཁྲེལ་གཞུང་མེད་པ་གྲོགས་པོར་བསྟེན་པ་མཚང་། ། ནོར་དང་ལུག་ལ་སྐད་ཆ་བཤད་པ་བཞིན། ། མི་ཉན་པ་ལ་ཁ་ཏ་བྱེད་པ་མཚང་། ། སྔ་ཕྱི་གང་ཡང་འདང་རྒྱག་མེད་པ་ཡི། ། མི་ཤེས་པ་ལ་གྲོས་ཕུག་འདྲི་བ་མཚང་། ། མཚང་དུ་ཤེས་ཀྱང་ད་དུང་མི་འདོར་ན། ། རང་ཉིད་སྨྱོན་པ་ཡིན་པར་ཤེས་པར་བྱ། ། སྙིང་གཏམ་ལགས་པས་ད་དུང་གསན་མཛོད་དང་། ། ཞག་གསུམ་ལོན་ན་ཨ་བ་བསད་ཀྱང་བ་བརྗེད། ། ནོར་རྫས་བསྟན་ན་ཨ་མའི་སྐེ་ཡང་ལེན། ། གལ་ལ་ཐུག་ན་བླ་མའི་དབུ་ཡང་སྐོར། ། འདོད་པ་ཡོད་ན་རང་གི་བུ་ཡང་བཙོང་། ། དུས་ངན་མི་ངན་སྤྲིན་བར་ཉི་མ་འདྲ། ། ཉེ་རིང་ཡོངས་ལ་ལོ་གཅིག་མ་བརྟེན་པར། ། བྱ་བྱེད་འཆོལ་ན་མྱུར་དུ་ནོངས་པར་འགྱུར། ། རང་ལ་བརྟེན་པའི་སྐྱོན་མཚང་ངན་པ་དེ། ། གཏམ་ངན་རླུང་གིས་ཁྱེར་ན་ཟིན་དུས་མེད། ། བརྒྱ་སྡེ་ཁ་ལོག་སྟོང་སྡེ་ངོ་ལོག་ཀྱང་། ། ཁྲེལ་མེད་གཅེར་བུར་བུད་ན་ཞབས་འདྲེན2ཡིན། ། ཧ་ཅང་མཐོལ་བཤགས་མང་ན་རང་རྒྱུས་འཆོར། ། དག་ཚང་ཐབས་ཀྱིས་ཤེས་ན་མཁས་པ་ཡིན། ། རྣམ་རྟོག་ཅན3ལ་འདྲེ་དགུ་འཁོར་བས་ན། ། དོགས་པ་རང་གིས་བསུས་ན་བདུད་རིགས་དགའ། ། ཕུང་བྱེད་གྲོགས་སུ་བསྒྱུར་པའི་ཐབས་ཤེས་ན། ། དགའ་རབ་དབང་ཕྱུག་གིས་ཀྱང་ཐུབ་པ་དཀའ། ། ཁྱི་རྒན་རུས་པ་སྐམ་པོ་སྲུང་བ་བཞིན། ། ཟས་ལ་ཞེན་པ་མ་ཆེ་མི་ལ་བྱིན། ། ཡི་དྭགས་ཉམ་ཐག་གཏེར་ཁ་སྲུང་བ་བཞིན།  ནོར་ལ་སེར་སྣ་མ་ཆེ་ཆོས་ལ་ཐོངས། ། དབྱར་དུས་སྤྲིན་བར་ཉི་མ་ཇི་བཞིན་དུ། ། བཞིན་ལ་འགྱུར་ལྡོག་མ་མང་འཛུམ་གྱིས་བསུས། ། རི་རྩེའི་དར་ལྕོག་རླུང་གིས་བསྐྱོད་པ་བཞིན། ། དགྲ་ཟུན4གཤག་རལ་མ་མང་སྤྱི་སྙོམས་བསྟེན། ། ད་ལོ་བཟང་ཡང་སང་ཕོད་ངན་པ་ཡོད། ། འཁོར་ལ་བསྟོད་ར་མ་སྔ་བློ་ཁོག་ལྟོས། ། ངན་པ་ཡིན་ཀྱང་བཟང་པོར་འགྱུར་བ་སྲིད། ། མྱུར་དུ་སྨད་ར་མ་བྱེད་ཐབས་ཀྱིས་སྐྱོངས། ། ཁས་བླངས་སྒྲུབ་པར་མ་ནུས་ངོ་ཚ་ཉོ། ། སུ་ལ་ཁས་ལེན་མ་བྱེད་ལག་ལེན་སྐྱོངས། ། སེམས་སྡུག་ལྷག་པར་བསྐྱེད་ལ་དགོས་མ་མེད། ། གང་ལ་ཉེས་ཁ་མ་འདིང་བྲོད་ཁ་སྐྱེད། ། སྙིང་གཏམ་ལགས་པས་ད་དུང་གསན་མཛོད་དང་། ། ཁ་ངན་ཁ་ལ་ཟོར་བ་ཐོགས་པ་དེ། ། དགྲ་བོའི་དམག་སྣ་འདྲེན་པའི་གཡབ་མོ་ཡིན། ། དུག་གི་ཁ་རླངས་སྤྲོ་བའི་དུག་སྦྲུལ་འདྲ། ། དེ་ཕྱིར་ཁ་ལ་ཚོད་ཅིག་ཡོད་པར་མཛོད། ། གང་དྲན་ལག་ཏུ་ལེན་པའི་བྱ་མང་དེ། ། ཕུང་འགྱོད་སྣ་དགུ་འདྲེན་པའི་ཕོ་ཉ་ཡིན། ། ལུས་སེམས་གཉིས་ཀ་འབྲད་པའི་སག་བརྡར་ཡིན། ། དེ་ཕྱིར་བྱེད་རྒྱུ་མ་མང་ལྷོད་ལ་སྡོད། ། སེམས་ལ་དྲན་རྒྱུ་མང་བའི་བློ་མང་དེ། ། འདུན་མ་གཅིག་ལ་མི་ཞོག་དཀྲུག་ཤིང་ཡིན། ། ཉིན་པར་སེམས་འཁྲུག་མཚན་མོར་གཉིད་མི་འོང་། ། དེ་ཕྱིར་བློ་སྣ་མང་པོ་རྦད་ཀྱིས་ཆོད། ། ཅུང་ཟད་ཙམ་ཡང་མི་བཟོད་གཤིས་ངན་དེ། ། ཚེ་འདིར་ལུས་སེམས་གཉིས་ཀའི་སྡུག་བསྔལ་ཡིན། ། ཕྱི་མའི་དགེ་རྩ་འཇོམས་པའི་ཕྱགས་མ་ཡིན། ། དེ་ཕྱིར་ཁོག་ཡངས་རང་བཞིན་བཟང་པོ་མཛོད། ། ནང་གི་རང་སེམས་དགྲ་རུ་མ་ལྡང་ན། ། ཕྱི་ཡི་འདྲེ་གདོན་སུས་ཀྱང་ཐུབ་པར་དཀའ། ། དོན་མེད་དོགས་པ་ཟ་བ་ཆོ་འཕྲུལ་ཡིན། ། རྣམ་རྟོག་སྡུག་འདྲེའི་ཕུང་ཁྲོལ་ལགས་པས་སྤོངས། ། ཡོན་ཏན་རང་བཞིན་བཟང་པོའི་ཙན་དན་ཤིང་། ། འཁོར་ངན་སྦྲུལ་གྱིས་དཀྲིས་ན་འཁོར་མཁན་མེད། ། མེ་ཏོག་བཟང་པོ་ཚེར་མས་གཡོགས་འདྲ་བའི། ། འཁོར་ངན་གཏམ་གྱི་གཞི་མ་ལགས་པས་སྤོངས། ། ཟླ་བ་དཀར་ཡང་རི་བོང་གཟུགས་ཀྱིས་སྦགས། ། མེ་ཏོག་ལེགས་ཀྱང་དྲི་ངན་ཐུལ་བས་སྦགས། ། མཛོ་སྦྲེལ་གཡང་ལ་ལྷུང་བ་ལྟ་བུ་ཡི། ། གྲོགས་ངན་འགྱོད་པའི་རྩ་བ་ལགས་པས་སྤོངས། ། ཉེ་དུ5ངན་པ་ཞབས་མེད་སྣོད་དང་འདྲ། ། ཡུལ་ངན་སྡུག་གི་འཁོར་ལོ་ལགས་པས་སྤོངས། ། ངས་ཐུབ་ངས་ཤེས་གླ་མེད་གཡོག་པོ་ཡིན། ། མི་ཆོས་རྐང་བའི་ཐི་གུ་ལགས་པས་སྤོངས། ། སྙིང་གཏམ་ལགས་པས་ད་དུང་གསན་མཛོད་དང་། ། ཆགས་སྡང་ཆེ་ན་རྩྭ་སྐྱ་མེ་ཤོར་འདྲ། ། དུས་ངན་སྙིགས་མའི་ནག་ཕྱོགས་རླུང་གིས་བསྐྱོད། ། ཆོས་པ་ཡོངས་ཀྱི་སྒབ་འདྲེར་ཆགས་སྡང་གནོད། ། གང་དུ་ཕྱིན་ཀྱང་ཆགས་སྡང་ཆུང་བར་མཛོད། ། དམན་སར་བསྡད་ན་མཐོ་སར་བསླེབ་པར་འགྱུར། ། ཇི་ལྟར་བགྱིས་ཀྱང་དམན་ཆ་བླང་བར་འཚལ། ། དེང་དུས་སྐྱེ་བོའི་ཚོགས་རྣམས་གསར་འགྲོགས་ཆེ། ། ཟླ་འགའ་ལོ་འགའ་ལོན་ནས་གཟབ་པར་འཚལ། ། སྒུར་སྒུར་ཞུམ་ཞུམ་བྱེད་ཚད་ཆོས་པ་མིན། ། ཆོས་མིན་ཆོས་པར་རྫུ་ལ་གཟབ་པར་འཚལ། ། གང་འཇམ་གང་ལེགས་བཤད་ཚད་བསམ་དཀར་མིན། ། ཁ་འཇམ་ཁོང་རྩུབ་ཕྱོགས་ལ་གཟབ་པར་འཚལ། ། ངས་ཐུབ་ངས་ཤེས་ཟེར་ལ་བློ་གཏད་མེད། ། སླུ་བྲིད(མགོ)སྐོར་ཕྱོགས་ལ་གཟབ་པར་འཚལ། ། འདིར་བྱོན་འདིར་བཞུགས་ཟེར་བ་བཀུར་སྟི་མིན། ། རང་མཉམ་གྲལ་མཉམ་ཕྱོགས་ལ་གཟབ་པར་འཚལ། ། གང་བཟང་གང་ཆེ་སྟེར་བ་ཕན་སེམས་མིན། ། ཁ་ལན་སྐྱིན་པའི་ཕྱོགས་ལ་གཟབ་པར་འཚལ། ། ཉམ་ཐག་སྐད་ངན་འདོན་ཀྱང་ངེས་པ་མེད། ། འགོང་བོ་ལག་ཟེད་ཕྱོགས་ལ་གཟབ་པར་འཚལ། ། མཐོ་ལ་ཕྲག་དོག་མ་བྱེད་སྤྱི་བོས་བཀུར། ། དམན་ལ་ཁྱད་གསོད་མ་བྱེད་བྱམས་པས་སྐྱོངས། ། མཉམ་ལ་གྲལ་རྩོད་མ་བྱེད་མཉམ་པར་འགྲོགས། ། འཕྲལ་དུ་མིག་གིས་མཐོང་རྒྱུ་མ་བྱུང་རུང་། ། དཀར་པོ་དགེ་བའི་ལས་ཀྱི་མཐའ་འདི་བཟང་། ། ནག་ཕྱོགས་དམུ་རྒོད་མགོ་འཕང་མཐོ་ན་ཡང་། ། ལས་འབྲས་མི་བསླུ་ནམ་ཕུག་རྒུད་དེ་འོང་། ། ལག་པས་བདེ་བ་ཅན་ལ་འཕེན་མཁན་མེད། ། རྐང་བས་བཟུང་ནས་དམྱལ་བར་འཕེན་མཁན་མེད། ། རང་གི་སྐྱིད་སྡུག་རང་གི་ལག་ན་ཡོད། ། རང་གིས་རང་ཉིད་མི་བསླུ་ཤིན་ཏུ་གཅེས། ། མཐོ་སར་བཞག་ཀྱང་འོག་ཏུ་ལྷུང་ཉེན་ཡོད། ། དམའ་སར་བསྡད་ཀྱང་གོང་དུ་འཆོར་བ་ཡོད། ། སྐྱིད་པོ་ཚོད་མ་ཐིག་ན་ཐ་མ་སྡུག ། འོ་ཟངས་ཁ་ལེབ་བརྒྱབ་ན་འཕོ་འདོད་ཡིན། ། རྒུད་ཀྱང་རང་ཉིད་བཟང་ན་སྐྱིད་དེ་འོང་། ། ཟླ་བ་མང་ངོའི་རྗེས་ན་ཡར་ངོ་ཡོད། ། བསླབ་བྱ་བཤད་ན་སུས་ཀྱང་ཤེས་མོད་ཀྱང་། ། དགོས་དོན་ལག་ལེན་བྱེད་པ་ཉིན་སྐར་ཙམ། ། གཞན་ལ་མགོ་སྐོར་ཐུབ་པ་གཡོ་སྒྱུ་ཡིན། ། ཀུན་ལ་སྐྲག་རྒྱུ་མེད་པ་དཔའ་བོ་ཡིན། ། དཔྱད་ན་དོན་དག་ཤེས་པ་གསལ་བོ་ཡིན། ། བཤད་ན་ངོ་མཚར་ཆེ་བ་ཁ་གསལ་ཡིན། ། རྒྱུན་དུ་རང་དོན་འབད་པ་མཁོ་ཉག་ཡིན། ། དེ་དག་རྣམས་ལ་མཁས་པ་ཟེར་བ་མིན། ། གཞན་ལ་གཡོ་སྒྱུ་མགོ་སྐོར་ཐུབ་ན་ཡང་། ། ཉིན་གཅིག་ལེ་ལན6རང་ལ་འཁོར་ནས་ཡོང་། ། སྐྲག་རྒྱུད་མེད་པ་དཔའ་བོ་ལོས་ཡིན་ཀྱང་། ། ཚམ་ཚོམ་མེད་པ་ཕྱེ་ལེབ་མེ་ལྕེབ་འདྲ། ། གཞན་དོན་དཔྱད་ན་གསལ་བོ་ཡིན་ན་ཡང་། ། མར་མེ་རང་རྩར་གསལ་བ་ཤིན་ཏུ་དཀའ། ། རང་དོན་འཕྱུག་པ་མེད་ན་མཁས་པ་ཡིན། ། ལེགས་ཉེས་དཔྱད་ནས་ཤེས་ན་མཁས་པ་ཡིན། ། ཕན་པར་སྨྲ་བ་བླ་མ་ཡིན་ཡང་དཀོན། ། དེ་ལ་ཉན་པ་བུ་ཚ་ཡིན་ཡང་དཀོན། ། བསླབ་བྱ་ཞུ་བ་མང་ཡང་སློབ་པ་དཀོན། ། དམ་ཆོས་བཤད་པ་མང་ཡང་སྒྲུབ་པ་དཀོན། ། ཚིག་གི་བཟང་ངན་ཙམ་གྱིས་ཕན་ཐོག(ཐོགས)མེད། ། ཡུན་དུ་དཔྱད་ན་ཤིན་ཏུ་ཕན་པར་ཡོད། ། ཆུང་ངུའི་དུས་ན་ཚུལ་བཞིན་བསྟེན་པའི་བུ། ། ཕ་རྒན་སྙིང་གི་གཏམ་འདི་སེམས་ལ་ཆོངས། ། ཕྱིན་ཆད་འདི་འདྲ་རྣ་བས་ཚོར་རྒྱུ་མེད། ། ཡོད་རུང་སྙིང་གཏམ་ཡིན་མིན་ཤེས་པ་དཀའ། ། ཆ་རྒྱུས་ཡོད་མེད་གང་དུ་བསྡད་ཀྱང་རུང་། ། གཏམ་འདི་སྙིང་ལ་ཆོངས་ཤིག་ཕ་ཡི་བུ། །

དེ་ཡང་སྤྱན་རས་གཟིགས་དབང་འབྲོམ་ཆོས་ཀྱི་རྒྱལ་པོས་མཛད་པའི་མི་ཆོས་གནད་ཀྱི་ཕྲེང་བའི་འགྲེལ་བ་འདི་ནི་རྩ་བ་ཤིན་ཏུ་གོ་སླ་བས་ཚིག་འགྲེལ་མི་དགོས་སྟབས། མདོ་རྒྱན་དང་། ས་རྒྱན་སྦྱོར་ཚུལ་ལ་དཔེ་བླངས། རྒྱ་གར་མཁས་པའི་གཞུང་དང་། གུང་ཐང་འཇམ་པའི་དབྱངས་ཀྱི་གསུང་གི་རྗེས་སུ་འབྲངས་ཏེ། སྤང་བྱ་དང་བླང་བྱ། སྤྱིར་བཏང་དང་དམིགས་བསལ(བསལ)། སྤྱི་དང་བྱེ་བྲག དཔེ་དང་དོན་སོགས་ཁ་བསྐངས་ཏེ་བྲིས་པ་ཡིན་པས་རྩ་བ་སྦྱར་ནས་བལྟ་དགོས་སོ། ། ཞེས་པ་འདི་ནི་འཇམ་དབྱངས་གོང་མ་ཆེན་པོའི་རིགས་ཀྱི་ཅོད་པན་ལྕང་སྐྱ་མཆོག་སྤྲུལ་རིན་པོ་ཆེ་དང་། སྐྱབས་རྗེ་ཐུའུ་བཀྭན་ཧོ་ཐོག་ཐུ་རྣམ་གཉིས་ནས་ཨ་ཆི་ཐུ་དཔོན་པོ་ཞེས་ཆོ་ལོ་དང་བཀའ་ཤོག་སོགས་ཀྱིས་བསྔགས་ལ། རང་གི་ཉེ་གནས་མཐའ་ཡས་རྒྱ་མཚོས་ལྷ་དར་སེར་བོ་ཆེ་ལེགས་བཅས་བསྐུལ་ངོར། བོད་ཆོས་རྒྱལ་གོང་མ་རྣམས་ཀྱི་དུས་སུ་རྒྱལ་པོ་ལས་འོག་ཏུ་ཆེ་བའི་ཞང་ལྷ་རིགས་དཀར་པོ་ཞེས་གྲགས་པའི་རྒྱུད་དུ་བྱུང་བའི་དགེ་སློང་བསྟན་པ་རྒྱ་མཚོས་དགོན་ལུང་དུ་སུག་བྲིས་བགྱིས་པ་དགེ་ལེགས་འཕེལ། སརྦ་མངྒ་ལཾ། །

ཕོ་མི་མཁོ་དགུ་མཁོའི་འདོད་པ་ཅན། ། དུས་དབྱར་དགུན་མེད་པར་ཁོམ་དུས་མེད། ། རྒྱ་ཁེ་བའི་བོང་རྒན་རྒྱབ་མེད་པོ། ། ཁོ་ཀུམ་མེ་ཀུམ་མེ་འདུག་དབང་མེད། ། ཕ་འདོད་ཆགས་ཅན་གྱི་བློས་ཡེངས་པོ། ། སེམས་རླུང་རྒོད་ལགས་པས་ཁོམ་དུས་མེད། ། དབྱར་སོས་ཀའི་དུས་ཀྱི་བོང་གསེབ་དེ། ། ཁོ་རང་རེ་རང་ངེ་འདུག་དུས་མེད། ། ཕོ་ཞེ་སྡང་ཅན་དང་ཕྲག་དོག་ཅན། ། ཁོ་ཉལ་རུང་ལངས་རུང་བདེ་དུས་མེད། ། ནོར་ཐོབ་རྒྱུ་མེད་རུང་ཁྱི་རྒན་དེ། ། ཁ་ཅབ་བེ་ཅབ་བེ་དལ་དུས་མེད། ། ཕོ་བློ་ཁོག་ཅན་གྱི་བུ་རྒོད་པོ། ། ནོར་སྡུག་གསོག་མུག་གསོག་གང་དུས་མེད། ། ས་འོག་གི་བྱི་ལོང་མཆུ་དམར་དེ། ། ས་འབུར་རེ་འབུར་རེ་འདུག་དུས་མེད། ། ཕོ་རྒོད་པོ་ཚོང་ཁེ་བུན་ལོག་ཅན། ། འདང་སྟོང་པ་བརྒྱབ་ནས་གཉིས་དུས་མེད། ། འཇའ་འཛིན་འདོད་བྱིས་པ་བསམ་མེད་པོ། ། དབུགས་ཐེར་རེ་ཐེར་རེ་འདུག་དུས་མེད། ། མིང་བླ་མ་ཆེན་པོའི་གྲགས་པ་ཅན། ། ཐུགས་ཤི་སྔས་གཏད་པས་བཞུག་དུས་མེད། ། མཐོ་དགུང་སྔོན་བསྟོད་པའི་བྱ་རྒོད་དེ། ། ཁོ་ལྷབ་བེ་ལྷབ་བེ་རོ་ལ་འཁོར། ། ཟས་དཀོར་ཟས་འཚོལ་བའི་གྲོང་ཆོག་པ། ། ཁ་ལག་པ་གཉིས་ཀ་དལ་དུས་མེད། ། ས་རི་བྲག་དཀྱིལ་གྱི་བྲ་ཙིག་དེ། ། མཆུ་མོ་རེ་མོ་རེ་དལ་དུས་མེད། ། གནས་རི་ཁྲོད་འགྲིམ་པའི་སྒོམ་ཆེན་པ། ། གྲོང་ཁྱིམ་སྒོ་ཉུལ་ནས་ནས་སྤར་མཐུ། ། ཉིང་ལུང་སྟོང་འགྲིམ་པའི་སྤྱང་ལྟོགས་དེ། ། མཚན་ཀུག་གེ་ཀུག་གེ་རུ་མཐའ་ཉུལ། ། མིང་གོ་ས་མཐོ་འདོད་མི་ཆེན་ཚོ། ། སྡུག་ཡོང་གི་ཡོང་གི་སུན་དུས་མེད། ། མཐོ་རྫ་རི་ཉུལ་བའི་ཤ་བོ་དེ། ། ཁོ་གྲབ་བེ་གྲབ་བེ་འདུག་དུས་མེད། ། དོན་བསམ་བློ་མི་གཏོང་མདོ་མེད་པོ། ། ས་གང་དུ་སོང་ཡང་སྡུག་བསྔལ་མེད། ། མི་སྤྲང་པོས་འཁྲིད་པའི་སྤྲེའུ་དེ། ། ཁྲོམ་གར་སོང་བཞག་གད་ཆ་ལ་ལ། ། ཆོས་ཚུལ་བཞིན་བྱེད་པའི་སྐྱེས་བུ་དེ། ། ཕྱིས་ཆ་ལུགས་ངན་ཡང་ཀུན་གྱིས་བཀུར། ། གདུག(གདུགས)སེར་པོ་རྒྱུ་དག་ངན་ན་ཡང་། ། མི་ཀུན་གྱི་གཙུག་ན་གྱི་ལི་ལི། ། ཞེས་པ་འདི་ཡང་ཞང་བཙུན་པས་རྟ་རྫིང་ཇ་སག་ཨུ་རྐེ་ནས་བྲིས་པ་དགེའོ། །

2 མཆན་འགྲེལ།

1.མན་ངག་ཟབ་མོ། ཐབས་ཀྱི་སྙིང་བོའམ་ཐབས་ཟབ་མོ།

2.ཞབས་འདྲེན། རང་གི་སྙན་གྲགས་རང་ཉིད་ཀྱིས་མེད་པར་བཟོ་བའམ་རང་གི་གྲགས་པ་ངན་པར་བཟོ་བ། 

3.རྣམ་རྟོག་ཅན། དུས་རྒྱུན་དོགས་པའམ་ཐེ་ཚོམ་ཟ་མཁན། 

4.དགྲ་ཟུན། དགྲ་དང་གཉེན། 

5.ཉེ་དུ། རིགས་རུས་ཀྱིས་འབྲེལ་བ་གཉེན་བཤེས་ཏེ་ཕ་མ་གང་རུང་གི་རྒྱུད་མི་རབས་བདུན་ཚུན་ཆད་ལ་ཉེ་དུ་ཟེར།

6.ལེ་ལན། སྐྱོན་ནམ་ཉེས་པ། གཞན་འཁོན་ལན་ལའང་འཇུག

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-11-27

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།