བྱང་ཕྱོགས་ཤམྦྷ་ལའི་ཞིང་གི་བཀོད་པ་མདོ་ཙམ་བརྗོད་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གནས་མཆོག་ཤམྦྷ་ལའི་ཞིང་གི་བཀོད་པ་མདོ་ཙམ་བརྗོད་པ་འདི་ནི། རིགས་ལྡན་ཆེན་པོ་པདྨ་དཀར་པོ་མིའི་གར་གྱི་རྣམ་པར་རོལ་པ་བཀའ་དྲིན་མཚུངས་མེད་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་བློ་བཟང་བསྟན་འཛིན་རྒྱ་མཚོ་དཔལ་བཟང་པོ་སོགས། མཁས་གྲུབ་ཀྱི་སྐྱེས་བུ་དམ་པ་མང་པོའི་ཞབས་རྡུལ་སྤྱི་བོའི་རྒྱན་དུ་ཐོབ་པ་འཇིགས་མེད་མིང་ཅན་ནས་སྦྱར་བའོ། །
གཞི་རྩའི་གནས་ཚུལ།

རྩོམ་པ་པོ།
འཇིགས་མེད་བསམ་གཏན།
1 མ་ཡིག

བྱང་ཕྱོགས་ཤམྦྷ་ལའི་ཞིང་གི་བཀོད་པ་མདོ་ཙམ་བརྗོད་པ།

གྲུབ་པའི་གནས་མཆོག་བྱང་ཕྱོགས་ཤམྦྷ་ལའི་ཞིང་གི་བཀོད་པ་མདོ་ཙམ་བརྗོད་པ་ཤེལ་དཀར་མེ་ལོང་རིགས་ལྡན་དགྱེས་པའི་མཆོད་སྤྲིན་ཞེས་བྱ་བ་བླ་མ་དང་དབྱེར་མེད་པའི་དཔལ་ལྡན་དུས་ཀྱི་འཁོར་ལོའི1ཞབས་ལ་ཕྱག་འཚལ་ལོ། ། དུས་དང་གནས་སྐབས་ཐམས་ཅད་དུ་བརྩེ་བ་ཆེན་པོས་རྗེས་སུ་གཟུང་དུ་གསོལ། སྙིང་རྗེ་ཆེ་དང་སྟོང་པ་ཉིད། ། དབྱེར་མེད་ཡེ་ཤེས་ལྔ2ལྡན་ཐུགས། ། སྟོང་གཟུགས་རྒྱས་བཅིངས་སྒྱུ་འཕྲུལ་གར། ། བླ་མ་དུས་ཀྱི་འཁོར་ལོར་འདུད། ། རྗེས་ཆགས་བདེ་ཆེན་ཉི་འབུམ་ཤར་བའི་གཟི། ། མ་བཟོད་ཀུན་རྟོག་མུན་ཚོགས་དབྱིངས་ཞི་ཞིང་། ། ཟུང་འཇུག་རྒྱལ་རྔ་བརྡུངས་ལ་ཆེར་དཔའ་བ། ། འཇམ་མགོན་གྲགས་པའི་མགོན་པོ་གཏན་གྱི་སྐྱབས། ། སྙིང་རྗེ་གཏེར་ཆེན་པདྨ་དཀར་པོའི་ཞབས3། ། རྩོད་དུས་ངུར་སྨྲིག་གར་གྱིས་རྣམ་རོལ་པ། ། བསླུ་མེད་སྐྱབས་མཆོག་རྗེ་བཙུན་གསེར་ཁང4པའི། ། ཞབས་ཆེན་ནོར་བུ་བདེ་ཆེན་འཁོར་ལོའི་རྒྱན། ། གང་ཐུགས་དབྱིངས་ལས་གཡོ་བའི་སྐབས་བྲལ་ཡང་། ། ཚད་མེད་བརྩེ་བས་མཛད་འཕྲིན་མེ་ཏོག་ཕྲེང་། ། གདུལ་བྱའི་ཞིང་སར་སྤྲོ་མཁས་མཚོ་ཁ་པ། ། དཀོན་མཆོག་ཀུན་འདུས་ཞབས5ལ་སྙིང་ནས་འདུད། ། ནོར་བུའི་བང་མཛོད་བྱང་ཕྱོགས་ཤམྦྷ་ལར། ། ཟབ་གསང་ཆོས་རྔ་ཚད་མེད་བརྡུངས་པ་ལ། ། ཐབས་མཁས་སྨོན་ལམ་རྒྱ་མཚོའི་མཐུ་གྲུབ་པའི། ། དེ་ཉིད་གྲངས་ལྡན་ཆོས་རྒྱལ6རྣམས་ལ་འདུད། ། རིང་མིན་དུས་བཞི་ཕྱི་མའི7རྫོགས་ལྡན་གྱི། ། དགའ་སྟོན་མགྲོན་གྱིས་ལུས་ཅན་ཚིམ་པའི་གནས། ། མི་ཡི་མཁའ་སྤྱོད་ཞིང་གི་བཀོད་པ་མཆོག ། ཡིད་ལ་འདྲིས་སླད་ཅུང་ཟད་བརྗོད་ལ་སྤྲོ། ། ཐུགས་རྗེ་བརྩོན་འགྲུས་ཆེས་ལྷག་ཤཱཀྱའི་ཏོག ། དེ་སྲས་རྫུ་འཕྲུལ་མཆོག་མངའ་བྱེ་བ་བརྒྱས། ། འདུལ་ཞིང་འཛམ་གླིང་ཆུང་ངུ་ཆ་དྲུག8བསིལ། ། དྲུག་པ་གངས་ཅན་ཡུལ་གྱི་ཕྱེད་གཡས་ན། ། ཡེ་ཤེས་ལྔ་ལྡན་ཆོས་སྐུའི་བདག་ཉིད་མི་འགྱུར་བདེ་བ་ཆེན་པོས་རྟག་ཏུ་མྱོས། ། ཡིད་འཕྲོག་མཚན་དཔེ་གཟི་འབར་དཔལ་ལྡན་དུས་ཀྱི་འཁོར་ལོའི་ཐུགས་རྗེ་སྒྱུ་མའི་གར། ། སྲིད་འདིར་བསོད་ནམས་དཔལ་གྱིས་ཉེར་ཕྱུག་མེས་པོའི་བློ་ཡི་རྭ་བ་ལས་བརྒལ་བའི། ། སྤྲུལ་པའི་ཞིང་མཆོག་ཤམྦྷ་ལ་ཞེས་གྲགས་སྙན་བ་དན་དཀར་པོ་གཡུར་ཟ་བ། ། དེ་ཡི་མཐའ་སྐོར་སྲ་བརྟན་ཆུ་ཤེལ་རི། ། རབ་དཀར་མདངས་ལྡན་བརྒྱ་ཕྲག་དུ་མའི་ཕྲེང་། ། ཚར་དུ་བསྟར་འདྲ་བསྐོར་པ་ཟླུམ་པོའི་ནང་། ། ས་གཞི་འདབ་བརྒྱད་ལྟེ་བ་རབ་ཏུ་མཐོ། ། དེ་དག་མཚམས་རྣམས་ཁ་བའི་གོས་གྱོན་པའི། ། ས་འཛིན་ཕྲེང་བ་གྲལ་དུ་བསྒྲིགས་པ་བཞིན། ། དྲི་བཞོན་ཕྱོགས་ཀྱི་གངས་རི་དནྡྷ་ར། ། ཞེས་གྲགས་ཤིན་ཏུ་ཆེ་མཐོའི་རྩེ་མོ་རུ། ། མ་བཟོས་ཆུ་ཤེལ་ལས་གྲུབ་ཁྲོ་གཉེར་ཅན། ། ཞལ་གསུམ་ཕྱག་དྲུག་དཔག་ཚད་ཕྱེད་ཅན་སྐུ། ། ཁ་དོག་ལྔ་ལྡན་འོད་ཀྱི་དྲ་བས་བསྐོར། ། མཐོང་བས་ངོམས་མེད་གཏན་བདེའི་དཔལ་ལ་སྦྱོར། ། བསིལ་རིའི་ཚོགས་ལས་འོད་ཀྱི་ཕྲེང་གཡོ་བ། ། མ་བཟོད་སྣང་བའི་མཛོད་གཉིས་ངལ་མེད་འཁོར། ། དབུལ་ཞིང་ཕོངས་པ་མིང་གི་མཐར་བྱེད་པའི། ། སྣ་ཚོགས་རིན་ཆེན་བྱེ་བ་རི་བས་གང་། ། ཁྱོན་ཡངས་གསེར་ལྡན་བུ་མོ་བཞིན། ། སྔོ་ལྗང་མདངས་གསལ་སྤུ་ལོང་གཡོ། ། དྲུག་ལྡན་མཆེ་བའི་གདོང་མཛེས་པའི། ། གཉིས་འཐུང་ཁྱུ་ཚོགས་སྤྲིན་བཞིན་འཁྲིགས། ། བགྲོད་ཕྱེད་བཀྲ་ཤིས་གྲངས་ལྡན་པའི9། ། ཤར་བྷ་ཞེས་གྲགས་སྟོབས་ལྡན་གྱི། ། སྲོག་ཆགས་སྣ་ཚོགས་བག་ཕེབས་རྒྱུ། ། འཚེ་བྲལ་གྲོགས་བཞིན་ཀུན་ལ་བྱམས། ། སྤུ་སྡུག་སྙན་དགུའི་སྒྲ་འབྱིན་པའི། ། ཀ་ལ་པིང་ཀ་ཁུ་བྱུག་སོགས། ། འདབ་ཆགས་མ་བརྒྱ་བུ་སྟོང་དང་། ། རི་སྐྱེས་དགའ་བས་བང་རྩལ་འགྲན། ། ལྷན་སྐྱེས་དྲི་བསྲུང(བསུང)ཆེར་ལྡིང་བའི། ། མ་ལ་ཡཱ་དང་སཱ་ལའི་ལྗོན། ། འབྲས་ལྡན་རྐང་འཐུང་འབུམ་ཕྲག་ཚོགས། ། གཡུར་དུ་ཟ་བས་ཁོར་ཡུག་བསྐོར། ། ལྷུང་ལྷུང་སྒྲ་འབྱིན་གྱ་གྱུའི་འགྲོས། ། རབ་དཀར་ལྦུ་བའི་གོས་གྱོན་པའི། ། བཞིན་གསལ་ཉལ་འགྲོ་བུ་མོ་ཡིས། ། ཛ་ཧུའི་བུ་མོའི10ཁེངས་པ་འཕྲོག ། ཨུཏྤ་ལ་དང་ཀུ་མུ་ད། ། པད་ཚལ་གསར་བའི་ལྡིང་ཁང་ན། ། རྐང་དྲུག་བུང་བ་གཞོན་ནུའི་ཚོགས། ། སྙན་པའི་གླུ་ལེན་གར་གྱིས་བྲེལ། ། སྲིད་ལ་དཔག་ཚད་ལྔ་བརྒྱ་དང་ལྡན་ཕྱོགས་མཚམས་བརྒྱད་ཀྱི་འདབ་མ་རེ་རེའི་སྟེང་། ། རྒྱུ་སྐར་ཚོམ་བུ་ས་ལ་འཕོས་འདྲ་དག་པའི་དཔལ་ལྡན་གྲོང་ཁྱེར་བྱེ་བ་ཕྲག ། ལག་བཟླས་གྲངས་མཉམ་རེ་རེའི་གླིང་ན་སར་གནས་རྣམ་འཕྲུལ་རྒྱལ་ཕྲན་ཟུང་ལྷག་བཅུ། ། བློན་པོ་བྱེ་བ་ཕྲག་གི་འཁོར་ལྡན་སྐྱེ་བོའི་ཚོགས་རྣམས་ཉི་ཟེར་རྟུལ(རྡུལ)ལྟར་གཡོ། ། སྐུན་བསྡོམས་བྱེ་བ་གོ་དྲུག་གྲོང་། ། བསོད་ནམས་དཔུང་མཐོ་དཀར་ནག་རྒྱའི། ། ཡུལ་གྲུ་ཆེན་པོ་མཐའ་དག་གིས། ། ཡོན་ཏན་གཅིག་ཏུ་བསྡུས་གྱུར་ཀྱང་། ། ཡིད་ལ་ཆ་ཙམ་འགྲན་ཅི་ནུས། ། སྲིད་འབྱོར་ལྷ་དབང་དཔལ་ལ་འཁུ། ། འཕྲོག་མིན་ཀླུ་དབང་ནོར་གྱིས་ཕྱུག ། ཚེ་གཅིག་ཐར་པ་མཆོག་ཐོབ་པའི། ། མདོ་སྔགས་ཆོས་སྤྱི་ཁྱད་པར་དུ། ། དུས་ཀྱི་འཁོར་ལོ་རྒྱུད་རྒྱལ11ལ། ། ཉན་བཤད་བསམ་པས་རྒྱུད་སྨིན་ཞིང་། ། བསྒོམས་བྱུང12རྟོག་པ་གདེངས་མཐོ་བའི། ། ལས་ལྡན་གང་ཟག་ཤ་སྟག་གོ། ། མན་ཤེལ་རི་བོའི་ཕྲེང་མཛེས་ལྟེ་བའི་སྟེང་། ། དཔག་ཚད་ལྔ་བརྒྱའི་རྒྱ་དང་དཔངས་མཉམ་པའི། ། རབ་དཀར་གངས་རི་མཐོན་པོའི་པཎྜལ་རྒྱན། ། རིན་ཆེན་བྱེ་བའི་ཁམས་ལས་ལེགས་གྲུབ་པའི། ། ཕོ་བྲང་ཆེན་པོ་ཀ་ལཱ་བ་ཞེས་པ། ། གླིང་རེ་དཔག་ཚད་གཉིས་ལྷག་བཅུ་ཕྲག་གཅིག ། གྲུ་བཞིར་ལྷམ་ཞིང་རིན་ཆེན་དུ་མས་སྤུད། ། ཕྱི་ནང་ཀུན་གསལ་གཞལ་ཡས་ཁང་གི་ཟླ། ། ཕལ་བའི་ས་རྡོ་ཤིང་སོགས་དང་། ། གདོས་བཅས་བེམ་པོའི་རྡུལ་གྱིས་དབེན། ། མཐོང་བ་ལྟ་ཞོག་དྲན་པའི་མོད། ། བླ་མེད་ཐར་པའི་རྒྱུ་བྱེད་པ། ། ཀུན་བཟང་ཡེ་ཤེས་སྣང་བའི་ཆ། ། སྣང་ཙམ་འཛིན་མེད་དབང་པོའི་གཞུ། ། འགོག་མེད་མཁའ་ལ་བཀྲ་བ་བཞིན། ། བསྐྲུན་པའི་བྱེད་པོ་གཞན་ན་དག ། མེས་པོས་བསྐལ་བརྒྱར་འབད་དེ་རང་འོག་ནས། ། མཛེས་དགུའི་སྙིང་པོ་སྤུངས་ཀྱང་ཕལ་བའི་ནོར། ། བརྒྱ་བྱིན་ཁང་བཟང་ཟེར་བའི་སྒྲ་བོ་ཆེ། ། འདི་ཡི་བྲན་ཁང་ཚོད་དུ་འགྱུར་རམ་སྙམ། ། དེ་ལྟར་ཚུར་མཐོང13བློ་ཡི་རྭ་བ་ལས་འགོངས་མཐོང་ན་གཏན་བདེ་དཔལ་སྟེར་སྤྲུལ་པའི་ཕོ་བྲང་འདིའི། ། དབུས་སུ་ཨེ་ཝཾ14དགའ་བ་འབུམ་འཁྱིལ་གནྔྷོ་ལ་དབུས་སྲོག་ལྡན་གསེར་འབྲུག་སྡེར་ལྔས་ལེགས་བཏེགས་པའི། ། མི་འཇིགས་ཁྲི་འཕང་མཐོན་པོའི་སྟེང་ན་ས་བཅུའི་སེམས་དཔའ15འཁོར་བསྒྱུར་ཚུལ་འཛིན་རིགས་ལྡན་ཆོས་ཀྱི་རྒྱལ16། ། གང་སྐུའི་གཟི་བྱིན་ཉི་མ་འབུམ་གྱི་འོད་བཞིན་ཀུན་ཏུ་འཕྲོ་ཞིང་ཐུགས་རྗེའི་སྤྱན་གྱིས་འགྲོ་རྣམས་སྐྱོངས། ། འདོད་པའི་སྒྱུ་རྩལ་ལ་གོམས་ཡིད་འཕྲོག་ལུས་ཕྲའི་ཚོགས་དང་འཕྲུལ་བློན་སྟོབས་ལྡན་དུ་མའི་འཁོར་མང་དབུས། ། གཞོན་བྲལ་རྡོ་རྗེ་གསུང་གི་རང་མདངས་ཟབ་གསང་ཆོས་གླུ་སྐབས་གསུམ་དུན་དྷུ་བྷི17ཡི་དབྱངས་བཞིན་སྒྲོགས། ། རབ་འབྱམས་ཞིང་ནས་ཉེར་ལྷགས་རྒྱལ་སྲས་ཌཱ་ཀིའི18ཚོགས་ཀྱིས་མཆོད་པའི་སྐྱེས་བཟང་སྤྲིན་བཞིན་ཁོར་ཡུག་སྤྲོ། ། དེ་ལྟར་རིགས་འཛིན་ཞིང་གི་སྣོད་བཅུད་བཀོད་པ་སྒྱུ་མའི་མིག་འཕྲུལ་ལྟར་སྟོན་ཞིབ་མོར་བརྗོད་མི་ནུས། ། དེ་ཡི་མདུན་ངོས་ལྷོ་ཕྱོགས་སུ། ། བདེ་ཞིང་བསིལ་ལ་ཉམས་དགའི་ཚལ། ། དབང་པོའི་བསོད་ནམས་མཐུས་གྲུབ་པའི། ། སྐྱེད་ཚལ་མཆོག་ལས་ཆེས་ལྷག་པར། ། ཆོས་རྒྱལ་ཟླ་བ་བཟང་པོ19ཡིས། །  ལྷ་ཀླུའི་ཡུལ་ནས་ནོར་གྱི་མཆོག ། རིན་ཐང་བྲལ་བའི་ཚོགས་བསྡུས་ནས་བཅོམ་ལྡན་དང་པོའི་སངས་རྒྱས་ཀྱི། ། སྐུ་གསུང་ཐུགས་ཀྱི་ལྷ་ཡི་ཚོགས། ། མ་ལུས་ཡོངས་སུ་རབ་རྫོགས་པའི། ། དཀྱིལ་འཁོར་ཆེ་ཆུང་གཉིས་བཞེངས་པ། ། མཐོང་བའི་མོད་ལ་མཆོག་མཐུན་གྱི། ། དངོས་གྲུབ་མ་ལུས་བདེ་བླག་སྩོལ། ། བློས་བསླངས20གཉིས་ཀྱི་རྩེ་མོའི་ཏོག ། རིན་ཆེན་བསམ་འཕེལ་དབང་རྒྱལ་ལས། ། མུ་མེད་འོད་ཟེར་ཕྱོགས་ཀུན་འགྱེད། ། དགོས་འདོད་ནོར་གྱི་ཆར་འཇོ་བས། ། ཡུལ་དེའི་མཐའ་དབུས་མི་རྣམས་ལ། ། རྩོལ་བྲལ་ནོར་གྱིས་ངོམས་པར་ཕྱུག ། དབང་སྔོན་ཁུ་བ་འཁྱིལ་བའི་ཟླ། ། ཚལ་གཡས་ཡིད་ཀྱི་ཉེ་བའི་མཚོ། ། གཡོན་ན་པདྨ་དཀར་པོའི་རྫིང་། ། ཡིད་ལ་འདོད་པ་ཀུན་སྩོལ་བའི། ། ནོར་བུའི་མཛོད་ཀྱིས་ཡོངས་སུ་གང་། ། མཚོན་གྱིས་མི་ཕིགས་རྟ་མཆོག་རླུང་གཤོག་ཅན། ། བཞི་ཟུང་འགྲོས་ལྡན་འཕྲོག་བྱེད21སྣ་ཚོགས་དང་། ། རྨ་བྱ་ཁྲུང་ཁྲུང་འཁོར་ལོའི་ལག་པ་ཅན22། ། སྤྲུལ་པའི་བྱ་ཚོགས་སྙན་པའི་སྒྲ་འབྱིན་ལྡིང་། ། སྐྱེད་ཚལ་དཀྱིལ་འཁོར་མཚོ་གཉིས་དཀྱུས་ཞེང་ལ། ། དཔག་ཚད་བཅུ་གཉིས་དེ་དག་ཁོར་ཡུག་ཏུ། ། བྱེ་བ་ཕྲག་གཅིག་གྲོང་གིས་ཡོངས་སུ་བསྐོར། ། དེ་ཀུན་ཐེག་ཆེན་ཆོས་སྤྱི་ཁྱད་པར་དུ། ། དང་པོའི་སངས་རྒྱས་དཔལ་ལྡན་དུས་འཁོར་ལོའི། ། སྨིན་བྱེད་དབང23གིས་རྒྱུད་སྨིན་དངོས་གྲུབ་སྲོག ། དམ་ཚིག་སྡོམ་པ་ཚུལ་བཞིན་བསྲུང་ནུས་ཤིང་། ། རིམ་གཉིས་ལམ་ལ་སློབ་མཁན་ཤ་སྟག་གོ། ། ཞིང་མཆོག་འདི་ནི་བདག་ཅག་རྣམས་ཀྱི་སྐྱབས། ། འཇམ་དབྱངས་བླ་མ་ཀརྟི་ན་ཐ་དང་། ། མཁས་གྲུབ་བྱེ་བའི་གཙུག་རྒྱན་མཚུངས་མེད་མགོན། ། རྗེ་བཙུན་བློ་བཟང་བསྟན་འཛིན་རྒྱ་མཚོའི་སྡེ། ། ཡབ་རྗེ་བློ་བཟང་བསྟན་པ་རྒྱ་མཚོའི་མགོན། ། དཀོན་མཆོག་ཀུན་དངོས་ཆོས་ཚུལ་ཀུན་འཕེལ་ཞབས། ། ཡབ་སྲས་འཁོར་ཚོགས་རྒྱ་མཚོའི་ཚོགས་རྣམས་ཀྱིས། ། མདོ་སྔགས་ཆོས་ཀྱི་དགའ་སྟོན་མྱོང་བཞིན་དུ། ། སྤྲུལ་སྒྱུར་བཀོད་པ་ཇི་ལྟར་བཞུགས་སྙམ་པའི། ། དད་པའི་པདྨོ་ལན་བརྒྱར་ཕྱོགས་དེར་རྒོད། ། རིང་མིན་རྫོགས་ལྡན་ཡོ་ལང་དར་བའི་དུས། ། བདག་སོགས་འབྲེལ་ཐོགས་གནས་འདིར་སྐྱེ་བར་ཤོག །

གནས་འདིར་རིགས་ལྡན་ཇི་ལྟར་བྱོན་ཚུལ་ནི། ། མང་བཀུར་རིགས་བརྒྱུད་ཉི་མའི་འོད་ཀྱི་སྲས། ། ཆོས་ཀྱི་རྒྱལ་པོ་ཟླ་བ་བཟང་པོ་ཡིས། ། དཔལ་ལྡན་འབྲས་སྤུངས་མཆོད་རྟེན་ཆེན་པོ་རུ། ། འདྲེན་མཆོག་ཐུབ་པའི་དབང་པོར་གསོལ་བཏབ་སྟེ། ། དཔལ་ལྡན་དུས་ཀྱི་འཁོར་ལོའི་རྩ་རྒྱུད་སོགས། ། མཐའ་བྲལ་གསང་སྔགས་ཆོས་ཚུལ་དཔག་མེད་གསུངས། ། ཤམྦྷ་ལ་རུ་རིགས་ལྡན་ཆེན་པོ་ཡིས། ། རྒྱུད་ཀྱི་དོན་བསྡུས་འགྲེལ་བྱེད་ཆེན་མོ་བརྩམས། ། རྩ་རྒྱུད་གསུངས་པའི་ཕྱི་ལོ་བློས་བསླངས་བཞེངས། ། ཟླ་བའི་ཞབས་དང་ལྷ་དབང་གཟི་བརྗིད་ཅན། ། ཟླ་བྱིན་ལྷ་ཡི་དབང་ཕྱུག་སྣ་ཚོགས་གཟུགས། ། ལྷ་ཡི་དབང་ལྡན་རྣམས་ཀྱིས་རིམ་བཞིན་དུ། ། ཆོས་བསྟན་སྔོན་གྱི་ཆོས་རྒྱལ་བདུན་ཞེས་གྲགས། ། དཔལ་ལྡན་ཞབས་དང་དེ་ཡི་བཙུན་མོ་ནི། ། སྣ་ཚོགས་ཡུམ་སྲས་རིགས་ལྡན་འཇམ་དཔལ་གྲགས། ། ལོ་བརྒྱར་ཁྲིར་བཞུགས་ཆོས་བསྟན་ནག་ཟླའི་ཉར། ། ཉི་མའི་ཤིང་རྟ་ལ་སོགས་དྲང་སྲོང་འཁོར། ། དཔག་མེད་འདུས་པའི་ཚོགས་རྣམས་བློས་བསླངས་ཀྱི། ། དཀྱིལ་འཁོར་ཆེན་པོར་དབང་བསྐུར་བསྡུས་རྒྱུད་མཛད། ། དེ་ནས་པད་དཀར་བཟང་པོ་རྣམ་རྒྱལ་དང་། ། བཤེས་གཉེན་བཟང་པོ་ཕྱག་དམར་རིན་ཆེན་ཕྱག ། ཁྱབ་འཇུག་སྦས་པ་ཉི་གྲགས་ཤིན་ཏུ་བཟང་། ། རྒྱ་མཚོ་རྣམ་རྒྱལ་རྒྱལ་དཀའ་ཉི་མ་དང་། ། སྣ་ཚོགས་གཟུགས་དང་ཟླ་འོད་མཐའ་ཡས་ཞབས། ། ས་སྐྱོང་དཔལ་སྐྱོང་སེངྒེ་རྣམ་གནོན་དང་། ། ད་ལྟ་རིགས་ལྡན་ཆེན་པོ་སྟོབས་པོ་ཆེ། ། ཁྲིར་བཞུགས་ལོ་གྲངས་ལྔ་བཅུ་ང་གཅིག་སོང་། ། དེ་ནས་མ་འགགས་པ་དང་མིའི་སེང་གེ། ། དབང་ཕྱུག་ཆེན་པོ་མཐའ་ཡས་རྣམ་རྒྱལ་རྣམས། ། རིམ་བཞིན་ཁྲིར་འཁོད་ཆོས་བསྟན་དེ་རྗེས་སུ། ། རིགས་ལྡན་ཆེན་པོ་དྲག་པོ་འཁོར་ལོ་ཅན། ། གསེར་འབྲུག་སྡེ་ལྔས་བཏེགས་པའི་ཁྲིར་བཞུགས་ནས། ། རེ་ཞིག་ཆོས་སྟོན་ཡུལ་ཕྱོགས་ཐམས་ཅད་དུ། ། ཆོས་མིན་ཀླ་ཀློ་ཆོས་དར་མི་བསྲུན་ཚུལ། ། དྲི་བྲལ་ཡེ་ཤེས་སྤྱན་གྱིས་ལེགས་གཟིགས་ཏེ། ། རི་བོ་བཞིན་དུ་འདར་བ་མེད་འགྱུར་རྟ་མཆོག་དུ་མ་སྤྲོ་བ་ཞེས་བྱའི་ཏིང་ངེ་འཛིན་ལ་ལེགས་བཞུགས་ནས། ། དཔུང་ཆེན་ཁ་དོག་སྣ་ཚོགས་བྱེ་བ་དགུ་དང་གླང་ཆེན་མྱོས་པ་གཡུལ་དུ་དཔའ་བ་འབུམ་ཕྲག་བཞི་ལྷག་དང་། ། ཉིས་ཁྲི་ཆིག་སྟོང་བརྒྱད་བརྒྱ་བདུན་ཅུར་ཚོ་རེར་བྱས་པའི་ཚོ་དྲུག་གསེར་གྱི་ཤིང་རྟ་འབུམ་ཕྲག་མང་པོའི་ཚོགས། ། རྒྱ་མཚོ་ལས་བྱུང་རྟ་མཆོག་ཅང་ཤེས་གློག་གི་རྗེས་འགྲོར་ཞོན་པའི་ཚོགས་དང་རྐང་འཐུང་མཐའ་ཡས་དཔུང་མང་བཅས། ། ཆུ་བོ་སི་ཏའི་ལྷོ་ཕྱོགས་སུ། ། བྱོན་ནས་ཀླ་ཀློའི་གཡུལ་བཀྱེ་སྟེ། ། དེ་སྟོན་བྱིས་པའི་བློ་གྲོས་ནི། ། རིགས་ལྡན་ཆེན་པོ་ཉིད་ཀྱིས་བཏུལ། ། དམག་དཔུང་ཧ་ནུ་མནྠ་ཡིས། ། བློན་པོ་ཟླ་བའི་བུ་དང་ནི། ། དཔའ་རྩལ་སྙིང་སྟོབས་ཆེ་རྣམས་ཀྱིས། ། ཀླ་ཀློའི་དཔུང་སྤྱི་ས་སྐྱོང་དང་། ། གླང་ཆེན་རྟ་རྣམས་རང་རིགས་བཏུལ། ། ལྷ་ཆེན་རྣམས་ཀྱིས་ནག་ཕྱོགས་ཀྱི། ། མགོན་སྐྱབས་བྱེད་པའི་ཚོགས་འཇོམས་ཤིང་། ། ལྟ་ངན་ཚོགས་རྣམས་རྒྱུན་བཅད་དེ། ། རྒྱལ་བསྟན་རྫོགས་ལྡན་དུས་བཞིན་མཛད། ། མི་རྣམས་ལོ་བརྒྱ་ངེས་པར་ཐུབ། ། ནད་མུག་དུས་མིན་འཆི་བ་མེད། ། བརྡུངས་བརྡེག་བཅིངས་སོགས་འཚེ་བ་བྲལ། ། འཇམ་པའི་ཁྲིམས་ཀྱིས་འཚོ་བ་ཡིན། ། འབྲས་བུའི་ཚོགས་ཀྱང་མ་རྨོས་པར། ། སྐྱེ་བར་འགྱུར་བས་ལོངས་སྤྱོད་ཆེ། ། རིགས་ལྡན་ཞབས་ནས་ཆོས་ཉན་རྣམས། ། ཚེ་འདིར་དུས་ཀྱི་འཁོར་ལོ་འགྲུབ། ། གནས་མཆོག་འདིར་སྐྱེས་མི་རྣམས་ལ། ། དེ་ནས་བཟུང་སྟེ་ངན་སོང་དུ། ། ནམ་ཡང་སྐྱེ་བ་མེད་ཅེས་གསུངས། །

སྨྲས་པ། ཀ་པཱ་ལ24ཞེས་མི་ཡི་མཁའ་སྤྱོད་གླིང་། ། ཁ་བའི་ཟོལ་འཛིན་ཤེལ་དཀར་འཕྲེང་བས་བསྐོར། ། ག་ནས་བརྟགས་ཀྱང་ཡོན་ཏན་མཛོད་མངའ་ཚུལ། ། ང་འདྲའི་བློ་ཆུང་རྭ་བའི་ཡུལ་ལས་འདས། ། ཅ་ཅོའི་སྒྲ་ཡང་ཆོས་ཀྱི་སྡོམ་བཞིའི25ཚིག ། ཆ་ལུགས་གང་མཐོང་ཡིད་འཕྲོག་བདེ་བའི་དཔྱིད། ། ཇ་སོགས་འདོད་ཡོན་འཚོ་བའི་ངལ་བ་བྲལ། ། ཉ་རྒྱས་ཟླ་བཞིན་འདོད་དགུ་ལྷུན་གྱིས་འགྲུབ། ། ཏ་ལའི་ལྗོན་པ་དུ་མས་ཁོར་ཡུག་ཁྱབ། ། ཐ་རྒོད26བ་ཚྭ་བྲལ་བའི་ས་གཞི་འཇམ། ། ད་ལྟ་བདག་ཅག་རྣམས་ཀྱིས་བགྲོད་དཀའ་ཡང་། ། ན་མོ་ལན་བརྒྱར་བྱས་ན་ཕྱི་མར་ཚང་། ། པཱ་ར་མི་ཏ27ལ་སོགས་མདོ་ཕྱོགས་དང་། ། ཕ་མའི་རྒྱུད28སོགས་གཉིས་མེད་དུས་འཁོར་ལོ29། ། བ་དན་སྲིད་རྩེར་བསྒྲེངས་འདྲའི་གྲགས་སྙན་ཅན། ། མ་ལུས་ཆོས་ཚུལ་རྒྱ་མཚོ་གནས་དེར་དར། ། ཙ་ཏུར་གྲངས་ལྡན་སྐུ་མཆོག་ཚེ་གཅིག་ལ། ། ཚ་གྲངས་དཀའ་སྤྱད་མི་དགོས་ཐོབ་པ་མང་། ། ཛ་ལང་དྲེགས་ལྡན་བྱིས་པའི་བློ་གྲོས་དང་། ། ཝ་སྐྱེས་སེར་བརྫུའི་གཡུལ་ངོ་མིང་ཙམ་མེད། ། ཞ་ལོང་སྡུག་བསྔལ་གྱིས་མནར་ཉམ་ཐག་པ། ། ཟ་ཚོད་ལ་སོགས་འཚོ་བ་དམན་པའི་རིགས། ། འ་འུར་འཇིག་རྟེན་གཡེངས་པ་ཀུན་ཞི་ཞིང་། ། ཡ་མཚན་ཆོས་ཀྱི་བྱ་བའི་དུས་ཀུན་འདའ། ། རྭ་བ་དཀར་པོའི་གླིང་གི་འགྲོ་ཀུན་ལ། ། ལ་གོར30ཐུགས་རྗེ་སྤྱན་གྱིས་ཉེར་གཟིགས་ཏེ། ། ཤཱ་སའི་སྙིང་པོ31ཟུང་འཇུག་གོ་འཕང32མཆོག ། ས་དེར་ཆག་མེད་འགོད་མཁས་འཁོར་ལོ་ཅན། ། ཧ་རིའི་དྲི་ལྟར་ཀུན་ཕན་བརྩེ་བ་དང་། ། ཨ་དར་ཤ་བཞིན་ཀུན་གསལ་མཁྱེན་པ་ཡིས། ། ཧ་ཅང་རྨོངས་པའི་བདག་སོགས་འགྲོ་བ་ཀུན། ། ཨ་དོན་ཆོས་ཀྱི་དབྱིངས་དང་ངོ་སྦྱོར་མཛོད། ། དེ་ལྟར་ངོ་མཚར་ཞིང་གི་བཀོད་པ་མཆོག ། ཆ་ཙམ་བརྗོད་པའི་རྣམ་དཀར་དགེ་བ་ཡང་། ། ཕ་མས་གཙོ་བྱས་འབྲེལ་ཐོགས་འགྲོ་བ་ཀུན། ། རིགས་ལྡན་སྲས་སུ་སྐྱེ་བའི་རྒྱུར་གྱུར་ཅིག །

ཅེས་གྲུབ་པའི་གནས་མཆོག་ཤམྦྷ་ལའི་ཞིང་གི་བཀོད་པ་མདོ་ཙམ་བརྗོད་པ་འདི་ནི། རིགས་ལྡན་ཆེན་པོ་པདྨ་དཀར་པོ་མིའི་གར་གྱི་རྣམ་པར་རོལ་པ་བཀའ་དྲིན་མཚུངས་མེད་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་བློ་བཟང་བསྟན་འཛིན་རྒྱ་མཚོ་དཔལ་བཟང་པོ་སོགས། མཁས་གྲུབ་ཀྱི་སྐྱེས་བུ་དམ་པ་མང་པོའི་ཞབས་རྡུལ་སྤྱི་བོའི་རྒྱན་དུ་ཐོབ་པ་རྨོངས་རྟུལ་གྱི་ན་བ། འཇིགས་མེད་མིང་ཅན་ནས་བྲིས་པའི་ཤོག་བུར་འབེབས་པ་པོ་ནི་དཔྱོད་ལྡན་དགེ་སློང་ངག་དབང་བསྟན་འཛིན་གྱིས་བྲིས། དགེ་བས་བདག་སོགས་འགྲོ་ཀུན་བྱང་ཕྱོགས་ཀ་པཱ་ལར་སྐྱེས་ཏེ་རིགས་ལྡན་གསུང་གི་བདུད་རྩི་ལ་ལོངས་སྤྱོད་ནུས་པའི་རྒྱུར་གྱུར་ཅིག །

2 མཆན་འགྲེལ།

1.དཔལ་དུས་ཀྱི་འཁོར་ལོ། གཉིས་མེད་རྒྱུད་ཀྱི་ཡི་དམ་ཞིག མིང་གི་རྣམ་གྲངས་ལ་ཁམས་གསུམ་འཁོར་ལོས་སྒྱུར་བ་དང་། ཐབས་ཤེས་བདག་ཉིད། ཐོག་མའི་མགོན་པོ། དང་པོའི་སངས་རྒྱས། རྡོ་རྗེ་སེམས་དཔའ། སྡོམ་པ་ལ་འདུས་པ། རྣམ་ཀུན་མཆོག་ལྡན། རྣལ་འབྱོར་རྣམ་པ། འཕོ་མེད། བྱང་ཆུབ་སེམས། ཞི་བ། རིགས་ཀུན་ཁྱབ་བདག རིགས་མེད་པ། ཤེས་དང་ཤེས་བྱའི་བདག་ཉིད་མཆོག ཨེ་ཝཾ་ཡི་གེ་བཅས་སོ། ། 

2.ཡེ་ཤེས་ལྔ། བོད་མཁས་པས་མཛད་པའི《ཞུ་འཕྲིན་ངག་དབང་དཔྱིད་ཀྱི་ཕོ་ཉ》ཞེས་པའི་མཆན་རྟགས་ཨང6ལ་གཟིགས། 

3.པདྨ་དཀར་པོའི་ཞབས། སྐལ་ལྡན་བཞི་བ་བློ་བཟང་ཆོས་གྲགས་རྒྱ་མཚོ་ཡིན་པར་འདོད་དེ། དེའི་འཁྲུངས་རབས་སུ་ཤ་རིའི་བུ་ནས་རིགས་ལྡན་རྒྱལ་པོ་པདྨ་དཀར་པོར་འཁྲུངས་པའི་ཕྱིར། 

4.རྗེ་བཙུན་གསེར་ཁང་པ། གསེར་ཁང་པ་བློ་བཟང་བསྟན་འཛིན་རྒྱ་མཚོ་སྟེ། རབ་བྱུང་གསུམ་པའི་ལྕགས་བྱི(སྤྱི་ལོ1780)ལོར་ཨ་རིག་ཆུ་སྟོད་དུ་འཁྲུངས། དགུང་ལོ་བདུན་པར་ཀ་ཀོར་སྤྲུལ་སྐུའི་དྲུང་ནས་རབ་བྱུང་དང་དགེ་ཚུལ་བསྒྲུབས། བཅུ་གསུམ་པར་རྭ་རྒྱའི་ཆོས་གྲྭར་ཞུགས། ཤིང་བཟའ་པཎྜི་ཏ་བློ་བཟང་དར་རྒྱས་ལས་ཆོས་མང་པོ་གསན། དགུང་ལོ་ཉི་ཤུ་བ་ས་ལུག(སྤྱི་ལོ1799)ལོར་རྗེ་དེ་ཉིད་ལས་བསྙེན་པར་རྫོགས། དེ་ནས་རྭ་རྒྱའི་ཉེ་འཁོར་རྒོད་པོ་རྫོང་དུ་ཡུན་རིང་བཞུགས། མཚོ་སྙིང་དུ་ལོ་ངོ་གསུམ་དུ་སྐུ་མཚམས་བསྡམས། གསེར་ཁང་དུ་འདག་སྦྱར་གྱིས་ལོ་མཚམས་ཁ་ཤས་གནང་བས་གསེར་ཁང་པར་གྲགས། ཙོང་ཆུ་བྱང་རྒྱུད་དུ་དགོན་སྡེ་མཆོད་རྟེན་ཐང་དང་། དགོན་ལུང་། གསེར་ཁོག་སོགས་སུ་ཕེབས་ཏེ་དབང་ལུང་སོགས་ཆོས་ཀྱི་སྦྱིན་པ་རྒྱ་ཆེར་མཛད། དེ་ནས་རྒྱ་ནག་རི་བོ་རྩེ་ལྔར་ཕེབས། པེ་ཅིང་དུ་ཙན་དན་ཇོ་བོ་མཇལ། སྤྱིར་རྗེ་འདིས་མདོ་སྨད་ལྷོ་བྱང་གི་བཤད་སྒྲུབ་ཀྱི་སྡེ་མང་པོ་དང་གོང་མའི་རྒྱལ་ཁབ་ཡན་ཞབས་ཀྱིས་བཅགས་ཏེ་ཐུབ་བསྟན་སྙིང་པོ་རྗེ་བླ་མའི་ལུགས་བཟང་བཤད་སྒྲུབ་ཟུང་འབྲེལ་གྱི་སྒོ་ནས་སྤེལ་བའི་མཛད་རྗེས་མཆོག་ཏུ་ཆེའོ། ། རབ་བྱུང་བཅུ་བཞི་བའི་ས་སྤྲེལ(སྤྱི་ལོ1848)ལོར་སྐུ་གཤེགས། 

5.མཚོ་ཁ་བ་དཀོན་མཆོག་ཀུན་འདུས་ཞབས། རྗེ་འཇིགས་མེད་བསམ་གཏན་གྱི་སློབ་དཔོན་བྲག་ལུང་པ་དཀོན་མཆོག་ཆོས་འཕེལ་ཏེ། དེའི་འཁྲུངས་ལོ་མི་གསལ། རབ་བྱུང་བཅུ་བཞི་བའི་ཤིང་འབྲུག(སྤྱི་ལོ1843)ལོར་འདས་པར་ཨ་ལགས་ཚེ་ཏན་ཞབས་དྲུང་གི《བསྟན་རྩིས་ཀུན་བཏུས》ལས་གསུངས། 

6.དེ་ཉིད་གྲངས་ལྡན་ཆོས་རྒྱལ། དེ་ཉིད་གྲངས་ནི་ཉེར་ལྔ་སྟེ། མུ་སྟེགས་གྲངས་ཅན་པ་རྣམས་ཀྱི་དེ་ཉིད་ཉེར་ལྔར་བཤད་ལ། དེ་ཉིད་གྲངས་ལྡན་ཆོས་རྒྱལ་ཞེས་པ་ནི། རིགས་ལྡན་ཆོས་རྒྱལ་ཉེར་ལྔ་སྟེ། འཇམ་དཔལ་གྲགས་པ་དང་། པདྨ་དཀར་པོ། བཟང་པོ། རྣམ་རྒྱལ། བཤེས་གཉེན་བཟང་པོ། རིན་ཆེན་ཕྱག ཁྱབ་འཇུག་སྦས་པ། ཉི་མ་གྲགས། ཤིན་ཏུ་བཟང་། རྒྱ་མཚོ་རྣམ་རྒྱལ། རྒྱལ་དཀའ། ཉི་མ། སྣ་ཚོགས་གཟུགས། ཟླ་བའི་འོད། མཐའ་ཡས། ས་སྐྱོང་། དཔལ་སྐྱོང་། སེངྒེ། རྣམ་པར་གནོན། སྟོབས་པོ་ཆེ། མ་འགགས་པ། མི་ཡི་སེངྒེ། དབང་ཕྱུག་ཆེ། མཐའ་ཡས་རྣམ་རྒྱལ། རིགས་ལྡན་དྲག་པོ་འཁོར་ལོ་ཅན་ཏེ་ཉེར་ལྔའོ། ། 

7.དུས་བཞི་ཕྱི་མ། རིགས་ལྡན་དྲག་པོའི་བསྟན་པ་ལོ་སྟོང་དང་བརྒྱད་བརྒྱར་གནས་པ་དེ་ཆ་མཉམ་བཞིར་བགོས་པའི་ཆ་རེ་རེ་ལ་ལོ་བཞི་བརྒྱ་ལྔ་བཅུ་ཡོད་པ་ལ་རིམ་བཞིན་རྫོགས་ལྡན། གསུམ་ལྡན། གཉིས་ལྡན། རྩོད་ལྡན་ཏེ་དུས་བཞི་ལ་དུས་བཞི་ཕྱི་མ་ཟེར།

8.འཛམ་གླིང་ཆུང་ངུ་ཆ་དྲུག ལྷ་གླིང་དབུས་མ་དེའི་བྱང་མ་ལ་ཆ་དྲུག་ཏུ་བགོས་ཏེ། གངས་ལྡན། ཤམ་བྷ་ལ། རྒྱ་ནག ལི་ཡུལ། བོད། རྒྱ་གར་བཅས་ཡུལ་དྲུག་གམ། ཡང་ན་རྒྱ་གར། བོད། ལི་ཡུལ། རྒྱ་ནག རྒྱ་ནག་ཆེན་པོ། ཤམྦྷ་ལ་ཞེས་ཀྱང་བཤད་དོ། ། 

9.བགྲོད་བྱེད་བཀྲ་ཤིས་གྲངས་ལྡན་པ། བགྲོད་བྱེད་ནི་རྐང་བ་དང་། བཀྲ་ཤིས་གྲངས་ནི་བརྒྱད་པ་སྟེ། བཀྲ་ཤིས་པའི་རྟགས་ལ་བརྒྱད་ཡོད་པའི་ཕྱིར། བགྲོད་བྱེད་བཀྲ་ཤིས་གྲངས་ལྡན་པ་ནི་རྐང་བརྒྱད་པ་སྟེ་སེངྒེ་རྐང་བརྒྱད་པའམ་རི་དྭགས་རྒྱལ་པོ་ཤ་ར་བྷའོ། ། དེ་སྟོབས་ཤིན་ཏུ་ཆེ་བས་སེངྒེའང་འཇོམས་ནུས་པར་གྲགས། 

10.ཛ་ཧུའི་བུ་མོ། ཆུ་བོ་གངྒཱ། 

11.དུས་ཀྱི་འཁོར་ལོ་རྒྱུད་རྒྱལ། མཆོག་གི་དང་པོའི་སངས་རྒྱས་ལས་བྱུང་བའི་རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོའོ། ། 

12.བསྒོམས་བྱུང་། བསྒོམས་བྱུང་གི་ཤེས་རབ་སྟེ། སེམས་བྱུང་གི་ངེས་པ་རྙེད་པའི་དོན་དེ་ཡང་ཡང་གོམས་པར་བྱས་པའི་ཤིན་སྦྱངས་ཁྱད་པར་ཅན་གྱིས་ཟིན་པའི་རྟོག་བཅས་རྟོག་མེད་ཀྱི་བློ་རྣམས་སོ། ། 

13.ཚུར་མཐོང་། སོ་སོ་སྐྱེ་བོ་རང་ག་བ། 

14.ཨེ་ཝཾ། སྡེ་པ་རིན་སྤུངས་པས་མཛད་པའི《ཆོས་ཀྱི་རྒྱལ་པོ་ངག་དབང་རྣམ་པར་རྒྱལ་བ་ལ་ཞུ་འཕྲིན་དུ་བྱ་བ་རིག་པ་འཛིན་པའི་ཕོ་ཉ》ཞེས་པའི་མཆན་རྟགས་ཨང103ལ་གཟིགས། 

15.ས་བཅུའི་སེམས་དཔའ། བྱང་ཆུབ་སེམས་དཔའི་ས་བཅུ་ལ་གནས་པའི་དཔའ་བོ་སྟེ་བྱང་སེམས་ས་བཅུ་བ་པ། 

16.རིགས་ལྡན་ཆོས་ཀྱི་རྒྱལ། ཤམ་བྷ་ལའི་རྒྱལ་པོ་སྤྱིའི་མིང་སྟེ། དྲང་སྲོང་ཉི་མའི་ཤིང་རྟ་ལ་སོགས་པའི་ཚངས་པའི་དྲང་སྲོང་རྡོ་རྗེའི་རིགས་གཅིག་ཏུ་མཛད་ནས་དབང་སྒྱུར་པས་རིགས་ལྡན་འཇམ་དཔལ་གྲགས་པ་ལ་རིགས་ལྡན་ཞེས་མཚན་གསོལ་བ་དེ་ནས་བཟུང་རིམ་བཞིན་རིགས་ལྡན་ཉེར་ལྔ་བྱོན།

17.སྐབས་གསུམ་དུན་དྷུ་བྷི། ལྷའི་རྔའམ་ལྷའི་རྔ་བོ་ཆེ་སྟེ། སྐབས་གསུམ་པ་ནི་ལྷ་ཡིན་ལ། དུན་དྷུ་བྷི་ནི་རྔའམ་རྔ་བོ་ཆེ་ལ་འཇུག་པའི་ཕྱིར་རོ། ། 

18.ཌཱ་ཀི། མཁའ་འགྲོ།

19.ཆོས་རྒྱལ་ཟླ་བ་བཟང་པོ། སྡེ་པ་རིན་སྤུངས་པས་མཛད་པའི《ཆོས་ཀྱི་རྒྱལ་པོ་ངག་དབང་རྣམ་པར་རྒྱལ་བ་ལ་ཞུ་འཕྲིན་དུ་བྱ་བ་རིག་པ་འཛིན་པའི་ཕོ་ཉ》ཞེས་པའི་མཆན་རྟགས་ཨང95པར་གཟིགས། 

20.བློས་བསླངས། བསྒོམ་བྱ་དཔེ་རིས་གྱེན་དུ་བསླངས་ཏེ་འབུར་དོད་དུ་བཟོས་པའི་དཀྱིལ་འཁོར། 

21.བཞི་ཟུང་འགྲོས་ལྡན་འཕྲོག་བྱེད། སེངྒེ་རྐང་བ་བརྒྱད་པའམ་རི་དྭགས་ཤ་ར་བྷ། 

22.འཁོར་ལོའི་ལག་པ་ཅན། བྱ་ངང་བ། 

23.སྨིན་བྱེད་དབང་། སྒྲིབ་པ་གཏོར་ནས་རྒྱུད་དག་པར་འཁྲུད་པ་དང་། རྒྱུད་དག་པའི་སྣོད་གཙང་མར་ཡེ་ཤེས་ཀྱི་ནུས་པ་བླུགས་པ་ཡིན་ལ། ཆོ་ག་རྣམ་པར་དག་པ་ལ་བརྟེན་ནས་ཕུང་ཁམས་སྐྱེ་མཆེད་ལ་འབྲས་བུ་སྐུ་བཞིའི་ས་བོན་ཁྱད་པར་ཅན་གདབ་པའི་སྒོ་ནས་རྒྱུད་ཡོངས་སུ་སྨིན་པར་བྱེད་པའོ། །

24.ཀ་པཱ་ལ། བོད་སྐད་ལ་ཐོད་པ་ཞེས་པ་སྟེ་སྤྱི་བོ་བདེ་མཆོག་འཁོར་ལོ་ཡིན་ལ། འདིར་བདེ་ཅན་འཛིན་ཏེ་ཤམྦྷ་ལའི་ཡུལ་གྱི་གྲོང་ཁྱེར་རམ་རིགས་ལྡན་རྒྱལ་པོའི་ཕོ་བྲང་ལ་གོ་དགོས་སྙམ། 

25.ཆོས་ཀྱི་སྡོམ་བཞི། ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་སྟེ། འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་པ་ཞི་བ་སྟེ་བཞིའོ། །

26.ཐ་རྒོད། ས་རྒོད་མ་དུལ་བ། 

27.བཱ་ར་མི་ཏཱ། ཕ་རོལ་ཏུ་ཕྱིན་པ་སྟེ་ཤེར་ཕྱིན་གྱི་གཞུང་།

28.ཕ་མའི་རྒྱུད། ཕ་རྒྱུད་དང་མ་རྒྱུད་གཉིས་ཏེ། རྡོ་རྗེ་ཐེག་པའི་སྣང་ཕྱོགས་སྒྱུ་ལས་སམ་ཐབས་བསྐྱེད་པའི་རིམ་པ་གཙོ་བོར་སྟོན་པའི་རྒྱུད་ལ་ནི་ཕ་རྒྱུད་དང་། སྟོང་ཕྱོགས་ཤེས་རབ་ཀྱི་ཆ་གཙོ་བོར་སྟོན་པའི་རྒྱུད་ལ་ནི་མ་རྒྱུད་ཅེས་བྱའོ། ། 

29.གཉིས་མེད་དུས་འཁོར་ལོ། བསྐྱེད་རྫོགས་ཟུང་འཇུག་འོད་གསལ་གྱི་རིམ་པ་གཙོ་བོར་སྟོན་པ་གཉིས་སུ་མེད་པའི་རྒྱུད་དཔལ་དུས་ཀྱི་འཁོར་ལོ་ཞེས་པའོ། ། 

30.ལ་གོར། མགྱོགས་པའམ་སྐྱེན་པ།

31.ཤཱ་སའི་སྙིང་པོ། ཤཱ་ས་ནི་ཤཱ་ས་ནཾ་སྟེ་བསྟན་པའམ་བཅོས་པ་ལ་འཇུག་པས། འདིར་བསྟན་པའི་སྙིང་པོ་ཞེས་པའོ། །

32.ཟུང་འཇུག་གོ་འཕང་། སྐུ་གཉིས་ཟུང་དུ་འཇུག་པ་རྡོ་རྗེ་འཆང་གི་གོ་འཕང་།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-12-03

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།