བྲག་མར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བྲག་མར།
ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་ས་མིང་སྟེ། དེ་ནི་ས་ཆའི་མིང་ཡིན་ལ་བཙན་པོའི་དགུན་བཞུགས་ཕོ་བྲང་གི་མིང་ཡང་ཡིན། བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་ཕོ་བྲང་གནས་ཡུལ་འོམ་བུ་ཚལ་དེང་གི་གྲ་ནང་རྫོང་ཁོངས་བསམ་ཡས་སུ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
扎玛尔
གནས་ཡུལ།
བོད་ལྗོངས་ལྷོ་ཁ་གྲ་ནང་རྫོང་།
བཞེངས་མཁན།
ཁྲི་སྲོང་ལྡེའུ་བཙན།
དུས་སྐབས།
དུས་རབས16-17བར།
མིང་ཁ་ཚང་།
ཕོ་བྲང་བྲག་དམར།
མིང་གཞན།
བྲག་དམར་མགྲིན་བཟང་།
1 ​ངོ་སྤྲོད་མདོར་བསྡུས།

དེ་ནི་ས་ཆའི་མིང་ཡིན་ལ་བཙན་པོའི་དགུན་བཞུགས་ཕོ་བྲང་གི་མིང་ཡང་ཡིན། བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་ཕོ་བྲང་གནས་ཡུལ་འོམ་བུ་ཚལ་དེང་གྲ་ནང་རྫོང་ཁོངས་བསམ་ཡས་སུ་ཡོད།《ཏུན་ཧང་བོད་ཀྱི་ཡིག་ཆ》ལས་བྱུང་བའི་དོན་ཆེན་གནད་བསྡུས་ལོ་ཚིགས་ཞེས་པའི་ནང་། “ལུག་གི་ལོ(ཤིང་ལུག་སྤྱི་ལོ695)ལ།......དགུན་བཙན་པོ(ཁྲི་འདུས་སྲོང་)བྲག་མར་དུ་གཤེགས”ཞེས་བྱུང་བ་དེ་ནི་ད་ཕན་ཐ་སྙད་དེ་ཉིད་ཡིག་ཐོག་ཏུ་འཁོད་པའི་སྔ་ཤོས་དེ་ཡིན། དེ་རྗེས་ཀྱི་བཙན་པོའི་རྒྱལ་རབས་ཀྱི་ལོ་རེའི་དོན་ཆེན་གནད་བསྡུས་ཡི་གེར་འགོད་སྐབས་སུ་ཡི་གེ་མཁན་པོས་སྐབས་རེ་བྲག་མར་དང་ཕོ་བྲང་བྲག་མར། སྐབས་རེ་ཕོ་བྲང་བྲག་གྱི་ཙལ་ཀ ཕོ་བྲང་བྲག་མར་གྱི་དབུ་ཚུལ། ཕོ་བྲང་བྲག་མར་གྱི་འོམ་བུ་ཙལ་ཞེས་གདམ་ང་ཅན་དུ་བྲིས་འདུག ཕྱིས་བྱུང་གི་བོད་ཀྱི་ལོ་རྒྱུས་དེབ་ཐེར་ཕལ་ཆེ་བས་བྲག་དམར་ཞེས་བྲིས། དེ་ཉིད་ས་མིང་ཞིག་ཡིན་པའི་ཆ་ནས་ཡུལ་གང་ལ་ངོས་འཛིན་དགོས་མིན་ཐད་ལ། དཔའ་བོ་གཙུག་ལག་ཕྲེང་བས། “ཆུ་བོ་ལོ་ཧི་ཏའི་འགྲམ་ཧས་པོ་རིའི་དྲུང་དུ་ཡུལ་བྲག་དམར་དུ་བསམ་ཡས་ལྷུན་གྱིས་གྲུབ་པ་ཞེས་བྱ་བའི་གཙུག་ལག་ཁང་ཞིག་བརྩིགས”ཞེས་བྱུང་བས། དེ་ནི་ད་ལྟའི་བསམ་ཡས་ཞེས་པའི་ཡུལ་མིང་མ་བྱུང་གོང་གི་ཡུལ་དེའི་མིང་རྙིང་ཞིག་ཡིན་པ་མཐོང་ཐུབ། ཕལ་ཆེར་བསམ་ཡས་གཙུག་ལག་ཁང་བཞེངས་གྲུབ་རྗེས་ནས་བསམ་ཡས་བྱ་བའི་མཚན་སྙན་གྲགས་ཆེར་སོང་བ་དང་སྦྲགས་སྔར་གྱི་མིང་རྙིང“བྲག་དམར”དེ་ཡང་རིམ་གྱིས་བག་ལ་ཉལ་བ་རེད། དེ་ཉིད་བཙན་པོའི་ཕོ་བྲང་གི་མིང་ཞིག་ཡིན་པའི་ཆ་ནས་བཤད་ན། འགོས་ལོ་གཞོན་ནུ་དཔལ་གྱིས། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་མཁན་པོ་ཞི་བ་འཚོ་བོད་དུ་གདན་འདྲེན་ཞུས་པའི་སྐོར་གླེང་སྐབས་འདི་ལྟར་བྱུང་སྟེ།“དེ་ནས་གསལ་སྣང་གིས་མཁན་པོ་སྤྱན་དྲངས་ནས་འོངས་པ་ལྷ་སར་ཕྱག་ཕེབས།” དེ་ནས་བློན་པོ་རྣམས་ཀྱིས་བཙན་པོའི་བཀའ་བཞིན་མཁན་པོ་ཉིད“བསམ་ཡས་སུ་སྤྱན་དྲངས། འུམ་བུ་ཚལ་དུ་མཇལ། བཙན་པོས་ཕྱག་མཛད”ཅེས་གསུངས་པས། དེ་ནི་དེང་སང་ལྷོ་ཁ་གྲ་ནང་རྫོང་ཁོངས་བསམ་ཡས་དགོན་པའི་ཉེ་ཁུལ་དུ་ཡོད་པར་སྣང་། དེང་སྐབས་ཀྱི་མཁས་པ་མང་པོས་བསམ་ཡས་གཙུག་ལག་ཁང་ཁ་ཤར་དུ་གཏད་པའི་གཡོན་ངོས་ཀྱི་ཐང་དཀྱིལ་དུ་ཡོད་པའི་བྲག་དམར་མགྲིན་བཟང་ཞེས་པའི་ལྷ་ཁང་དེ་དང་ཕོ་བྲང་བྲག་དམར་འོམ་བུ་ཚལ་གཉིས་དོན་གཅིག་མིང་གི་རྣམ་གྲངས་སུ་བརྩི་ནའང་། དེ་གཉིས་བཞེངས་པའི་དུས་ཚོད་ལ་སྔ་ཕྱིའི་དབྱེ་བ་ཡོད་དེ། ཕོ་བྲང་བྲག་དམར་ནི་བཙན་པོ་ཁྲི་ལྡེ་གཙུག་བརྟན་སྐུ་མ་འཁྲུངས་གོང་ནས་བཞེངས་གྲུབ་ཟིན་པ་ཏུན་ཧོང་ཡིག་རྙིང་ལས་བསྟན་པ་དང་། བྲག་དམར་མགྲིན་བཟང་ནི་བཙན་པོ་ཁྲི་ལྡེ་གཙུག་བརྟན་གྱིས་བཞེངས་པ་ཡིན་པ་ཡོངས་གྲགས་ཀྱི་ལོ་རྒྱུས་དེབ་ཐེར་རྣམས་བཞེད་པ་གཅིག་མཐུན་ཡིན། དེས་ན་ཁོ་བོའི་བསམ་པར། རྣམ་པ་གཅིག་ཏུ་ན་སྔར་གྱི་ཕོ་བྲང་བྲག་དམར་རྒྱ་སྐྱེད་ཀྱིས་མཚན་གཞན་བྲག་དམར་མགྲིན་བཟང་ཞེས་བཏགས་པ་ཡང་ཡིན་སྲིད་ལ། དེ་གཉིས་རྩ་བ་ནས་ཡུལ་ཐ་དད་དུ་བཞེངས་པའི་ཕོ་བྲང་ཡང་ཡིན་སྲིད་ཅེས་དཔྱད་གཞིར་ཕུལ་བ་ལགས་སོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-11-20

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།