མདོ་སྔགས་ཀྱི་གཞུང་ལ་སློབ་གཉེར་བྱེད་ཚུལ་གྱི་བསླབ་བྱ་ནོར་བུའི་གླིང་དུ་བགྲོད་པའི་ལམ་ཡིག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གུང་ཐང་རིན་པོ་ཆེ་མཆོག་གིས་རིགས་སྨྲ་དོན་གཉེར་ཅན་རྣམས་ལ་གདམས་པའི་བསླབ་བྱ་འདི་རུ། དལ་བའི་རྟེན་ལ་སྙིང་བོ་ལེན་པར་ཐོས་པའི་ལས་ལ་འཇུག་དགོས་པར་གདམས་པ་ལས་བརྩམས་ཏེ་ཆོས་གྲྭར་ཞུགས་པའི་དགོས་པ། ཐོས་པ་བྱེད་པའི་ཚུལ་དང་གནས། གང་ལ་ཐོས་པ་བྱ་བའི་ཡུལ། ཐོས་པ་དོན་ལ་དབབ་ཚུལ་སོགས་རིམ་པར་གདམས་ཡོད་དོ། །
གཞི་རྩའི་གནས་ཚུལ།

མཛད་པ་པོ།
གུང་ཐང་བསྟན་པའི་སྒྲོན་མེ།
ཡབ།
ལྕགས་པོ་བྱམས།
འཁྲུངས་ཡུལ།
མཛོད་དགེ་སྨད།
ཡུམ།
བོ་ཅོག
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1762-1823)ལོར།
1 ​མཛད་པ་པོ།

གུང་ཐང་བསྟན་པའི་སྒྲོན་མེ་ནི། མདོ་སྨད་ཤར་ལྷོའི་ཕྱོགས་ཀྱི་མཛོད་དགེ་སྨད་དུ་ཡབ་ལྕགས་པོ་བྱམས་དང་ཡུམ་བོ་ཅོག་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ཤིང་རྟ(སྤྱི་ལོ1762)ལོར་སྐུ་འཁྲུངས། དགུང་ལོ་བདུན་པར་ཁྲི་ཆེན་དགེ་འདུན་ཕུན་ཚོགས་ཀྱི་ཡང་སྲིད་དུ་ངོས་བཟུང་ནས་བླ་བྲང་བཀྲ་ཤིས་འཁྱིལ་དུ་གདན་དྲངས། ཀུན་འཇིགས་མེད་དབང་བོ་སོགས་བླ་མ་མང་དུ་བསྟེན། དགུང་ལོ་ཉེར་གཉིས་པར་ལྷ་རམས་པའི་མཚན་བཏགས་བཞེས། མདོ་རྒྱུད་རིག་གནས་དང་བཅས་པའི་བསྟན་བཅོས་པོད་བཅུ་གཉིས་མཛད། དགེ་འདུན་བསྟན་འབར་མ་དང་རྗེ་བསྟོད་དོན་ལྡན་མ་གསུངས་པས། གུང་ཐང་འཇམ་པའི་དབྱངས་ཞེས་བོད་ཁམས་ཡོངས་སུ་གྲགས། དགུང་ལོ་རེ་གཉིས་པ་རབ་བྱུང་བཅུ་བཞི་བའི་ཆུ་ལུག(སྤྱི་ལོ1823)ལོར་སྐུ་གཤེགས། དབལ་མང་པཎྜི་ཏ་སོགས་སློབ་མ་མཁས་ཆེན་མང་དུ་བྱུང་།

2 བརྗོད་དོན་མདོར་བསྡུས།

སྐབབ་བབས་ཀྱི་བསླབ་བྱ་འདི་ནི་རིགས་སྨྲ་དོན་གཉེར་བ་རྣམས་ལ་མཁོ་བར་བསམས་ནས་ཆེད་དུ་གནང་བ་ཡིན་ནོ། ། འདི་ལས་དལ་བའི་རྟེན་ལ་སྙིང་བོ་ལེན་པར་སྐུལ་བ་དང་། སྙིང་བོ་ལེན་པར་ཐོས་པའི་ལས་ལ་འཇུག་དགོས་པར་གདམས་པ་ལས་བརྩམས་ཏེ་ཆོས་གྲྭར་ཞུགས་པའི་དགོས་པ། ཐོས་པ་བླ་མ་རག་ལས་ཚུལ། ཐོས་པའི་གེགས་དང་གཉེན་པོ། ཐོས་པ་བྱེད་པའི་ཚུལ་དང་གནས། གང་ལ་ཐོས་པ་བྱ་བའི་ཡུལ། ཐོས་པ་དོན་ལ་དབབ་ཚུལ་སོགས་རིམ་པར་གདམས་ཏེ། དོན་གྱི་སྙིང་བོ་ནི་ཐག་རིང་བོ་ནས་དཀའ་ཚེགས་ཀྱིས་ཕེབས་པའི་དགོས་དོན་གཙོ་བོ་ནོར་བུའི་གླིང་དུ་ཕྱིན་པའི་དེད་དཔོན་བཞིན་སློབ་གཉེར་ཕུལ་དུ་ཕྱིན་པ་ཞིག་བྱེད་དགོས་པར་བསྐུལ།

3 སྒྱུ་རྩལ་གི་ཁྱད་ཆོས།

དམ་པ་འདིའི་གསུང་རྩོམ་གང་ལའང་སྙན་ངག་གི་ཉམས་ཐོན་པས་ངོ་མཚར་ཞིང་དགའ་བ་སྐྱེད་པ། མདོ་སྔགས་རིག་གནས་ཀྱི་གཞུང་དོན་དང་འབྲེལ་བས་བསྟན་འགྲོའི་གནད་ལ་གོ་བ་སྟེར་བ། ཤེས་རྒྱུད་འདུལ་བའི་ཐབས་སུ་འདྲིལ་བས་བློ་སྦྱོང་གི་གནད་ཚང་བ། སྐུ་ཚེ་སྟོད་ལ་ཤར་ཕྱོགས་གོ་ཌ་བ་ལྟར་བརྗིད་པའི་ཤུགས་ཆེ་ཡང་། སྐུ་ཚེ་སྨད་ལ་ལྷོ་ཕྱོགས་བེེ་དརྦྷ་ལྟར་འཇམ་ཞིང་སྙན་པ་བླ་མའི་ངཀའ་ལྟར་མཛད།

4 བསླབ་བྱའི་འཕྲིན་ལས་རྒྱས་ཚུལ།

གྲྭ་ས་སེ་འབྲས་དགེ་གསུམ་སོགས་ཀྱིས་མཚོན་པའི་དགོན་སྡེ་རྣམས་སུ་བསླབ་བྱ་འདི་ཉིད་མན་ངག་གི་སྙིང་བོར་བཅངས་ནས་ཉམས་སུ་བསྟར་བ་ལགས་ཤིང་། རྣམ་གྲོལ་ནོར་བུའི་གླིང་དུ་འཁྲིད་པའི་དེད་དཔོན་མཚུངས་ཟླ་མེད་པ་ཞིག་ཏུ་འཁུམས་སོ། ། བསླབ་བྱ་འདི་ལ་རྗེ་བཙུན་ཤེས་རབ་རྒྱ་མཚོས་ཀྱང་ཉི་མའི་འོད་ལམ། ཨ་རུ་རྣམ་རྒྱལ། དཔའ་བོའི་མཚོན་ཆ། བཟོ་བའི་རྣོ་འབིགས། དགེ་སྡིག་ཤན་འབྱེད། བདེན་སྨྲ་དྲང་སོང་། དཔའ་བོའི་ཁ་ཆེམས། མོས་པའི་ཚངས་ཐིག སེངྒེའི་ང་རོ་ལྟ་བུར་ཡང་ཡང་བསྔགས་ཤིང་། བསླབ་པ་གསུམ་དང་ལྟ་སྒོམ་སྤྱོད་གསུམ། མཁས་བཙུན་བཟང་གསུམ་བཅས་ཀྱི་གནད་འདུ་བར་ཡོངས་སུ་གསུངས་སོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-11-19

གསར་སྤེལ་མཁན། :ཚེ་དོན།577

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།