བནྡེ་དཔལ་དབྱངས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྤྱི་ལོ་དུས་རབས་བརྒྱད་པའི་ནང་དུ་བྱོན་པའི་ལོ་ཙཱ་བ་ཕུལ་དུ་ཕྱིན་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
万德拜阳
ལས་རིགས།
ལོ་ཙཱ་བ། མཁན་པོ།
མིང་གཞན་ལ།
སྦ་རཏྣ།
དུས་རབས།
བརྒྱད་པ།
1 ངོ་སྤྲོད།

སྤྱི་ལོ་དུས་རབས་བརྒྱད་པའི་ནང་དུ་བྱོན་པའི་ལོ་ཙཱ་བ་ཕུལ་དུ་ཕྱིན་པ་ཞིག་སྟེ། གནའ་དེང་གི་བརྩམས་ཆོས་ཁྲོད་ལོ་ཙཱ་བ་འདི་ཉིད་མཚན་དང་ལོ་པཎ་ངོས་འཛིན་སྟངས་ཐད་ཚུལ་མ་འདྲ་སྣ་ཚོགས་ཤིག་བྱུང་ཡོད་དེ། འདི་ཉིད་ལ་སྦ་ཨ་ཙརྱ་དཔལ་དབྱངས་དང་། སྦ་ཡེ་ཤེས་དབྱངས། ཨ་ཙརྱ་ཡེ་ཤེས་དཔལ་དབྱངས་དང་ཡང་ན་རུས་མཚན་ལ་རྦ་སོགས་སུ་བྲི་ཚུལ་མ་འདྲ་ཞིང་། ཆོས་འབྱུང་མཁས་པའི་དགའ་སྟོན་དུ། ཐོག་མར་བོད་ལ་དད་པ་ཆེ་བའི་རྦ་ཁྲི་གཟིགས་རབ་ཏུ་བྱུང་སྟེ་དགེ་སློང་བྱས། མཚན་དཔལ་དབྱངས་སུ་བཏགས། ལྔའི་མངོན་པར་ཤེས་པ་དང་ལྡན་པས་བཙན་པོ་དགྱེས་ཏེ་དེའི་ཞབས་སྤྱི་བོར་བླངས་ཏེ་ཁྱོད་བོད་ཀྱི་རིན་པོ་ཆེ་ཡིན་ཞེས་བཀའ་བསྩལ་མཚན་ཡང་རྦ་རཏྣ་ཞེས་ཐོགས། བོད་ཀྱི་རབ་བྱུང་ལ་སྔ་བ་དེ་ཡིན་ནོ།།ཞེས་དང་། དེ་ཡང་ཧ་ལམ་སྦ་བཞེད་ལ་ཁུངས་བཅོལ་ཡོད་པར་འདོད་དེ། སྦ་བཞེད་དུའང་། ཐོག་མར་བོད་ལ་དད་པ་ཆེ་བའི་སྦ(སང་ཤི་ཏ་ཡང་ཟེར)ཁྲི་གཟིགས་དགེ་སློང་བྱས་མ་ཐག་ཏུ་མཚན་སྦ་དཔལ་དབྱངས་སུ་བཏགས། ལྔ་མངོན་པར་ཤེས་པ་དང་ལྡན་པས། བཙན་པོ་དགྱེས་ཏེ་དེའི་ཞབས་སྤྱི་བོར་བླངས་ཏེ་ཁྱོད་བོད་ཀྱི་རིན་པོ་ཆེ་ཡིན་ནོ་ཞེས་བཀའ་བསྩལ་ནས་མཚན་ཀྱང་སྦ་རཏྣ་ཞེས་བཏགས་ཏེ། བོད་ཀྱི་རབ་བྱུང་ལ་སྔ་བ་དེ་ཡིན་ནོ།།ཞེས་པ་ལ། ཁོང་ནི་སད་མི་བདུན་གྱི་ཐོག་མ་དང་། བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་གྲུབ་རྗེས་འབངས་ཉེར་ལྔའི་གྲས་སུའང་བགྲངས། ཕྱིས་སུ་བྱུང་བའི་ཡིག་ཚང་ཀློང་ཆེན་ཆོས་འབྱུང་དང་ཆོས་འབྱུང་མཁས་པའི་དགའ་སྟོན་སོགས་སུ་འདི་དང་སྦ་མི་ཁྲི་གཞེར་གཉིས་ལོ་པཎ་གཅིག་ཏུ་ངོས་བཟུང་ནས་སྦ་ཁྲི་གཞེར་སང་ཤི་ཏའམ་ཁྲི་གཞེར་སང་ཤི་ཏ་ཞེས་མཚན་བགྲངས་ཡོད་མོད། དེབ་ཐེར་དམར་པོ་རུ། བོད་འབངས་ནང་ནས། སྦ་གསལ་སྣང་། དབས་ཁྲི་ཤེར། སང་ཤི་ཏ།......སད་མི་བདུན་སོགས་རབ་ཏུ་བྱུང་ཞེས་པ་ལྟར་སྔ་མའི་དེབ་ཐེར་འགའ་རེ་ན་ལོ་པཎ་གཉིས་སུ་ངོས་བཟུང་ཡོད་པ་མ་ཟད། དཔའ་བོ་གཙུག་ལག་ཕྲེང་བ་ལྟར་ན། བུ་སྟོན་གྱིས་སད་མི་བདུན་བགྲངས་དུས་སུ་ཁྲི་གཟིགས་དང་པོ་དང་། དེ་ནས་རྦ་གསལ་སྣང་། རྦ་ཁྲི་བཞེར་ཞེས་བགྲངས་ཡོད་པ་དེ་ལ་རྦ་ཁྲི་གཟིགས་དང་པོ་དང་གསུམ་པ་གཉིས་ཀར་ལན་རེ་གྲངས་ཞེས་ཁྲི་གཟིགས་ཁྲི་བཞེར་གཉིས་ལོ་པཎ་གཅིག་ཏུ་ངོས་བཟུང་བ་དང་། ཡང་མཁས་དགའ་རུ། ཁྲི་བཞེར་གྱི་བུ་སང་ཤི་ཏ་ཞེས་པའི་བུ་དང་རྣམ་དབྱེ་ཆད། གཅོད་མཚམས་ཉམས་པས་མིང་གཉིས་སུ་སོང་ཞེས་པས་དེ་གཉིས་ལོ་པཎ་གཉིས་སུ་ར་འཕྲོད་པ་བྱུང་། ཡང་ཆོས་འབྱུང་དེ་ཉིད་དུ། རྦ་ཁྲི་བཞེར་གྱི་བུ་ཁྲི་གཟིགས་སམ་སང་ཤི་ཏ་དང་ཞེས་བྱུང་བར་བལྟས་ན། ཁྲི་བཞེར་དང་ཁྲི་གཟིགས་གཉིས་ལོ་པཎ་ཁ་ཁ་དང་། ཁྲི་གཟིགས་ནི་སང་ཤི་ཏའི་མཚན་གཞན་དུ་ངེས་པ་མ་ཟད། ཁྲི་བཞེར་དང་ཁྲི་གཟིགས་སམ་སང་ཤི་ཏ་ནི་ཕ་བུའམ་བུ་སློབ་ཀྱི་འབྲེལ་བ་ཡིན་དགོས་ཤིང་། དེ་ནི་གོང་གི་བཞེད་སྟངས་དང་འགལ་ནས་ཡོད་པ་ལྟ་བུར་སྣང་ཞིང་། དེ་ལྟ་ན་ཁྲི་གཟིགས་དང་། དཔལ་དབྱངས་དང་། སང་ཤི་ཏ་སོགས་ནི་ལོ་པཎ་གཅིག་ཏུ་ངོས་འཛིན་དགོས་པ་ལྟ་བུར་མཐོང་། ཉེ་་དུས་བརྩམས་ཆོས་སུ་བནྡེ་དཔལ་དབྱངས་དང་། རྦ་ཁྲི་གཟིགས། རྦ་རཏྣ། སང་ཤི་ཏ་བཅས་ལོ་ཙཱ་བ་དུ་མར་ངོས་བཟུང་ཡོད་པ་ནི་མ་དག་པའི་སྐྱོན་དུ་ཟད་དམ་སྙམ། ཡང་ཉང་ཉི་མའི་ཆོས་འབྱུང་གི་ཤོག་ངོས368དུ། སྦ་རཏྣ་དང་། བེེ་རོ་ཙ་ན། སྦ་དཔལ་དབྱངས་ལ་སོགས་ཉུང་ཤས་ཤིག་སློབ་དཔོན་བོ་དྷི་ས་ཏྭའི་གྲུབ་མཐའ་འཛིན་ཞེས་དང་། དེབ་དེའི་ཤོག་ངོས370རུ། ཨ་ཙརྱ་ཀ་མ་ལ་ཤཱི་ལ་གཡོན་གྲལ་དུ་བཞུགས་ཏེ། འཁོར་བེེ་རོ་ཙ་ན་དང་། སྦ་རཏྣ་དང་། དཔལ་དབྱངས་སོགས་ཉུང་ཤས་གཅིག་ལས་མ་བྱུང་། ཞེས་པར་བལྟས་ན་སྦ་རཏྣ་དང་དཔལ་དབྱངས་ལོ་པཎ་གཉིས་སུ་ངེས་པ་ལྟར་འདུག་པས་འདི་ལ་རྙོག་དྲའི་རྒྱུ་ཅུང་ཆེའོ།།ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་སོགས་ལོ་རྒྱུས་ཞིབ་ཏུ་མ་རྙེད་མོད། ཧ་ལམ་བར་སྐབས་གང་ཙམ་ལ་འཁེལ་ཡོད་ཚུལ་སྦ་བཞེད་ལས། ལུག་གི་ལོའི་རྒུན་ཟླ་འབྲིང་པོའི་ངོ་ལ་བསམ་ཡས་བཞེངས་སུ་གསོལ་ཟིན་པའི་ཞལ་བསྲོས་པྲ་ཏི་ན་རའི་དུས་ཀྱི་མཆོད་པ་ཆེན་པོ་མཛད་པའི་ཚེ། ཇོ་མོ་བཙན་ཁྲི་རྒྱལ་མོ་བཙན་དང་། བསྲུ་བཙན་མོ་རྒྱལ་ལ་སོགས་པ་བརྒྱ་རབ་ཏུ་བྱུང་བའི་མཁན་པོ་རཏྣས་བགྱིས། ཞེས་པས་སྤྱི་ལོ779ལོའི་སྔོན་ཙམ་ནས་ཁོང་ཉིད་རབ་ཏུ་བྱུང་ཚར་བ་ཤེས་ཐུབ། ཉང་ཆོས་འབྱུང་དུ། སྦ་ཡེ་ཤེས་དབང་པོའི་འོག་ཏུ་དཔལ་དབྱངས་ཆོས་དཔོན་ལ་བསྐོས་པ་དང་། རྒྱ་ནག་གི་མཁན་པོ་མ་ཧཱ་ཡན་གྱི་སློབ་བུ་སྒོམ་ཕྲུག་པ་རྣམས་དར་བར་བཞེད་ཅིང་ཀ་མ་ལ་ཤཱི་ལ་སྤྱན་དྲངས་ཏེ་སྟོན་རྩེན་གྱི་རྩོད་པའི་སྔ་ཕྱིའི་ཁོང་གི་མཛད་པ་ཅུང་ཞིབ་པར་ཆོས་འབྱུང་དེ་ཉིད་དུ་གཟིགས་ཤིག ལོ་ཙཱ་བ་འདི་ཉིད་མཇུག་མཐར་བཙན་པོ་དང་ཐུགས་མ་མཐུན་པའམ་རྐྱེན་ཅི་རིགས་ཀྱིས་མཐའ་སྤྲོད་བཏང་བར་འདུག་པ་སོགས་འདིར་རྒྱས་པར་སྤྲོ་བར་མི་བྱ་ཞིང་། ཞིབ་ཏུ་རྩོམ་ཡིག་གཞན་དུ་གླེང་བར་བྱ། འགྱུར་ལ་སློབ་དཔོན་པད་མ་འབྱུང་གནས་དང་། སྤ་གོར་བེེ་རོ་ཙ་ན་དང་། སྣུབས་ནམ་མཁའི་སྙིང་པོ་དང་། སྦ་ཡེ་ཤེས་དབྱངས་དང་། དཔོན་སློབ་ཀུན་གྱིས་ལྷ་མ་སྲིན་སྡེ་བརྒྱད་ལ་དཀར་པོ་གོང་། ནག་པོ་བདུད། དམར་པོ་བཙན། སྲོག་གཅོད་གནོད་སྦྱིན། ཤན་པ་སྲིན་པོ། ནད་གཏོང་མ་མོ། དྲག་པོ་གཟའ། གདུག་པ་ཀླུ་དེ་རྣམས་ཀྱི་སྒྲུབ་ཐབས་བསམ་གྱིས་མི་ཁྱབ་པ་ཞིག་བསྒྱུར་རོ།། ཁྱད་པར་དུ་བསྟན་པ་སྤྱིའི་སྲུང་མ་དཔལ་མགོན་པོ་ནག་པོ་དང་། དཔལ་ལྷ་མོ་ནག་མོ་དང་། སྔགས་སྲུང་ནག་སྨུག་རྣམ་གསུམ་གྱི་རྒྱུད་དང་སྒྲུབ་ཐབས་བསམ་གྱིས་མི་ཁྱབ་པ་བསྒྱུར་རོ།། སྟེང་ནས་ནམ་མཁའ་ལ་དབང་བྱེད་པའི་གཟའ་གདོན་ལ་སོགས་པ་དང་། ཆུ་འཁྱགས་སེར་བ། གནམ་ལྕགས་ཐོག་དང་། མགོ་ནག་ལ་དབང་བྱེད་པའི་ཀླུ་བདུད་ལ་སོགས་པས་མཛེ་ནད་སྣ་ཚོགས་གཏང་བའི་གཏད་ཁྲམ། དེ་ལ་སོགས་པའི་དྲག་སྔགས་ངན་སྔགས་བསམ་གྱིས་མི་ཁྱབ་པ་ཞིག་བསྒྱུར་རོ།།།ཞེས་ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་དུ་བཞེད་ཅིང་། དེ་དག་ཀྱང་དཔོན་སློབ་ཡོངས་ཀྱིས་ལྷན་དུ་བསྒྱུར་མཁན་གྱི་ལོ་ཙཱ་བ་གཞན་པའི་ས་བཅད་ཀྱི་སྐབས་སུ་འགྱུར་བྱང་འདི་རྣམས་བསྐྱར་ཟློས་མི་བྱ་ན་འདི་ལས་ངེས་པར་བྱའོ།། ཁོང་ཉིད་གཅིག་པུས་བསྒྱུར་པའི་འགྱུར་ལ་བཀའ་འགྱུར་ལས། མདོ་སྡེ་པོད(ཀ)པར། འཕགས་པ་བསྐལ་བ་བཟང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། ལོ་ཙཱ་བ་བནྡེ་དཔལ་དབྱངས་ཀྱིས་བསྒྱུར་པ་དང་། ལོ་ཙཱ་བ་དཔལ་བརྩེགས་ཀྱིས་ཞུས་པ(1-340)པོད(ཛ)པར། འཕགས་པ་སངས་རྒྱས་བགྲོ་བ་ཞེས་བྱ་བའི་མདོ་བམ་པོ་གསུམ་པ་སོགས་ཀྱང་ལོ་ཙཱ་བ་དཔལ་དབྱངས་དང་། དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས། (189-226)དེ་བཞིན་གཤེགས་པ་བགྲོ་བ་ཞེས་བྱ་བའི་མདོ་བམ་པོ་གསུམ་པ(226-265)ལོ་ཙཱ་བ་བནྡེ་དཔལ་དབྱངས་ཀྱིས་བསྒྱུར་པ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱིས་ཞུས་པ་སོགས་བཞུགས་སོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-10-26

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།