བཅར་འདྲིའི་གོ་རིམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བཅར་འདྲིའི་གོ་རིམ།
རྒྱུན་དུ་བཀོལ་སྤྱོད་ཆེ་བའི་བཅར་འདྲི་བྱ་བའི་གོ་རིམ་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
采访程序
1 ངོ་སྤྲོད།

རྒྱུན་དུ་བཀོལ་སྤྱོད་ཆེ་བའི་བཅར་འདྲིའི་གོ་རིམ་བརྒྱད་ཡོད་པ་སྟེ། དང་པོ། གསར་འགྱུར་གྱི་ཁུངས་སྣེ་འཚོལ་རྒྱུ། གཉིས་པ། ནང་དོན་གཏན་འཁེལ་བྱ་རྒྱུ། གསུམ་པ། བཅར་འདྲིའི་ཇུས་འགོད་དང་གྲ་སྒྲིག་བྱ་རྒྱུ། བཞི་བ། བཅར་འདྲིའི་འབྲེལ་བ་ལེགས་པོ་ཞིག་འཛུགས་ཐུབ་པ་བྱ་རྒྱུ། ལྔ་བ། བག་ཡངས་པའི་བཅར་འདྲིའི་ཁོར་ཡུག་ཅིག་གཏོད་རྒྱུ། དྲུག་པ། འདྲི་གཞི་གྲ་སྒྲིག་བྱ་རྒྱུ། བདུན་པ། ས་ཡུལ་དངོས་སུ་ལྟ་ཞིབ་བྱ་རྒྱུ། བརྒྱད་པ། བཅར་འདྲིའི་མཇུག་སྒྲིལ་གྱི་ལས་ཀའི་རྒྱུན་ལེགས་པར་འཁྱོངས་དགོས་པ་བཅས་སོ།།

1_1 གསར་འགྱུར་གྱི་ཁུངས་སྣེ་འཚོལ་རྒྱུ།

དེ་ཡང་བྱ་དངོས་ཤིག་གི་བྱུང་འཕེལ་བརྒྱུད་རིམ་དེ་གོ་རིམ་ངེས་གཏན་ཞིག་བརྒྱུད་དགོས་པ་སྟེ། ཕྱིའི་རྣམ་པ་ནས་ནང་གི་ངོ་བོའི་བར་གྱི་འགྱུར་བ་སོགས་མངོན་པའི་བརྒྱུད་རིམ་ཁྲོད་བྱ་དངོས་རང་སྟེང་ནས་འཕོ་འགྱུར་བྱུང་དང་འབྱུང་བཞིན་པའི་ཆ་འཕྲིན་ཞིག་བསྟན་གྱི་ཡོད་པ་དེ་ནི་དངོས་པོའི་རྣམ་པར་བཀྲ་བའི་ནུས་པའམ་ཁྱད་ཆོས་ཤིག་ཡིན། གསར་འགོད་པ་ཞིག་ལ་གསར་འགྱུར་གྱི་ཁུངས་སྣེ་ལེགས་པོ་ཞིག་ཐོབ་རྒྱུའི་གདེང་ཚོད་ཀྱང་འཐོབ་རྒྱུ་རེད། དེས་ན་གསར་འགོད་པ་ཚོས་ལས་རིགས་ཀྱི་ཚོར་བ་སྐྱེན་པོར་བརྟེན་ནས་གསར་འགྱུར་གྱི་ཁུངས་སྣེ་གང་མང་འཐོབ་པ་བྱས་ཏེ་རིན་ཐང་དང་ལྡན་པའི་གསར་འགྱུར་གང་མང་འབྲི་ཐུབ་པ་བྱ་རྒྱུ་ནི་གསར་འགོད་པ་ཞིག་གི་ཆེས་རྩ་བར་གྱུར་པའི་ལས་ཀའི་ཆུ་ཚད་ཀྱང་ཡིན་དགོས་སོ།།

1_2 ནང་དོན་གཏན་འཁེལ་བྱ་རྒྱུ།

སྤྱིར་ན་གསར་འགོད་པས་གསར་འགྱུར་གྱི་ཁུངས་སྣེ་ཞིག་ཐོབ་རྗེས་བཅར་འདྲི་བྱ་བར་ཇི་ལྟར་འཇུག་མིན་གྱི་དམིགས་ཡུལ་དང་འཆར་འགོད་ཅིག་ལམ་ཙམ་གཏན་འཁེལ་བྱས་པ་དང་དེ་རྗེས་གཞི་ནས་བརྗོད་དོན་གཙོ་བོ་ཞིག་ཀྱང་གདམ་གསེས་དང་གཏན་འཁེལ་བྱ་དགོས་ཀྱིན་ཡོད།

དེ་ཡང་གསར་འགྱུར་རྩོམ་ཡིག་ཅིག་གི་ལེགས་ཉེས་ལ་དཔྱད་པ་བྱེད་སྐབས་དང་ཐོག་རྩོམ་ཡིག་དེས་བརྗོད་དོན་གཙོ་བོ་གང་ཞིག་སྤེལ་ཡོད་མེད་ལ་བལྟ་བར་བྱེད་ཀྱིན་ཡོད། འཕྲིན་གསར་གྱི་རྩོམ་ལུས་རྣམ་པའི་ཐོག་ནས་གསར་འགྱུར་ཞིག་སྤེལ་སྐབས་ཀྱང་སྤྱིར་ན་ཁ་བྱང་ལ་བལྟས་པ་ཙམ་གྱིས་ནང་དོན་གང་ཞིག་བསྟན་གྱི་ཡོད་མེད་ཀྱང་ལམ་ཙམ་རྟོགས་ཐུབ་པ་དེ་ནི་བལ་པོའི་སེའུ་མ་བཟས་ཀྱང་ཁ་དོག་ཉིད་ལས་དྲོ་བ་ཤེས་ཞེས་པ་ལྟར་ཡིན་པ་ལགས། དེ་ལྟར་གསར་འགོད་པས་སྤེལ་བྱར་འགྱུར་བའི་གསར་འགྱུར་དེ་མི་ཚོས་དོ་སྣང་བྱ་ཡུལ་དུ་འགྱུར་པ་ཞིག་ཨེ་ཡིན་བལྟ་བར་བྱ། ཏང་དང་སྲིད་གཞུང་གི་འབྲེལ་ཡོད་སྲིད་ཇུས་དང་ཨེ་མཐུན་ཡང་བལྟ་བར་བྱ་དགོས་སོ།།

1_3 བཅར་འདྲིའི་གྲ་སྒྲིག་དང་ཇུས་འགོད།

གང་འདྲ་བྱས་ཏེ་བཅར་འདྲི་མ་བྱས་གོང་གི་གྲ་སྒྲིག་ལས་ཀ་བྱ་དགོས་སམ། བཅར་འདྲིའི་གྲ་སྒྲིག་ལས་ཀར་དབྱེ་ན་གཉིས་ཡོད་པ་སྟེ། རྒྱུན་གཏན་གྱི་གྲ་སྒྲིག་ལས་ཀ་དང་གནས་སྐབས་ཀྱི་གྲ་སྒྲིག་ལས་ཀ་བཅས་ཡིན།

1_4 རྒྱུན་གཏན་གྱི་གྲ་སྒྲིག་ལས་ཀ་ཡག་པོ་བྱ་རྒྱུ།

སྤྱིར་ན་གཤམ་གྱི་ཕྱོགས་ཁག་ནས་རྒྱུན་གཏན་གྱི་གྲ་སྒྲིག་ལས་ཀ་ཡག་པོ་གཉེར་དགོས་པ་སྟེ། གཅིག་ནས་གསར་འགྱུར་གྱི་ཆེད་ལས་ཤེས་བྱ་ཁག་སློབ་སྦྱོང་དང་ཁོང་དུ་ཆུད་པ་བྱ་དགོས། གཉིས་ནས་འབྲེལ་ཡོད་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་ཁག་སློབ་སྦྱོང་དང་ཁོང་དུ་ཆུད་པ་བྱ་དགོས། གསུམ་ནས་འབྲེལ་ཡོད་སྲིད་ཇུས་ཁག་དུས་ཐོག་ལ་སློབ་སྦྱོང་དང་ཁོང་དུ་ཆུད་པ་བྱ་དགོས། བཞི་ནས་རིག་ཚན་ཁྱབ་ཁོངས་གཞན་གྱི་ཤེས་བྱ་ཁག་ཀྱང་དུས་ཐོག་ལ་སློབ་སྦྱོང་དང་ཁོང་དུ་ཆུད་པ་བྱ་དགོས།

1_5 གནས་སྐབས་ཀྱི་གྲ་སྒྲིག་ལས་ཀ་ཡག་པོ་བྱ་རྒྱུ།

དེ་ནི་དང་ཐོག་བཅར་འདྲིའི་དམིགས་ཡུལ་གཏན་འཁེལ་ཡག་པོ་བྱེད་དགོས། དེ་ཡང་བཅར་འདྲིའི་ནང་དོན་ཞིག་གཏན་འཁེལ་བྱས་རྗེས་དེས་གནད་དོན་གང་ཞིག་ཐག་གཅོད་བྱ་ཐུབ་མིན། གནས་ཚུལ་གང་ཞིག་མཚོན་ཐུབ་མིན་སོགས་གཏན་འཁེལ་ལེགས་པོ་བྱེད་དགོས། དཔེར་ན། བོད་ལྗོངས་ཀྱི་བུད་མེད་འཚོ་བ་ཞེས་པའི་དེབ་ནང་གི་མི་སྣ་བདེ་སྐྱིད་སྒྲོལ་དཀར་ལྟ་བུར་བཅར་འདྲི་བྱས་ཏེ་རྩོམ་ཡིག་སྤེལ་བའི་དམིགས་ཡུལ་ནི་ད་ལྟའི་བོད་ལྗོངས་ཀྱི་བུད་མེད་འཚོ་བ་དེ་སྣ་མང་རང་བཞིན་ཡིན་པ་མཚོན་པ་དང་། དུས་རིམ་མི་འདྲ་བ་སོ་སོའི་བོད་ལྗོངས་བུད་མེད་འཚོ་བའི་འཕོ་འགྱུར་མཚོན་པ། བོད་ལྗོངས་ཀྱི་བུད་མེད་ཚོས་འཚོ་བར་བཅངས་པའི་ངོས་འཛིན་མི་འདྲ་བ་མཚོན་པ་སོགས་ལྟ་བུ། དེ་རྗེས་བཅར་འདྲིའི་འབྲེལ་ཡོད་ཀྱི་དཔྱད་གཞི་ཁག་འཚོལ་བསྡུ་ཡག་པོ་བྱེད་དགོས། བཅར་འདྲིའི་འབྲེལ་ཡོད་ཀྱི་དཔྱད་གཞི་ཞེས་པ་དེ་ནི་བཅར་འདྲིའི་ནང་དོན་དང་འབྲེལ་བའི་ཤེས་བྱ་དང་། གསར་འགྱུར་དོན་དངོས་ཀྱི་འབྱུང་རྐྱེན་དང་། ཆ་རྐྱེན། ཁོར་ཡུག དེ་བཞིན་རྒྱབ་ལྗོངས་ཀྱི་རྒྱུ་ཆ་སོགས་ལ་གོ་བ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-10-26

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།