གཏམ་པདྨའི་ཚལ་གྱི་ཟློས་གར། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

གཏམ་པདྨའི་ཚལ་གྱི་ཟློས་གར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(མ་ཡིག མཆན་འགྲེལ། )

ལྷ་ཆོས་དང་མཐུན་པའི་གཏམ་པདྨའི་ཚལ་གྱི་ཟློས་གར་ཞེས་བྱ་བ། བུ་བཀྲ་ཤིས་དགེ་ལེགས་ཀྱིས་ཚིག་རྩ་བཞག་ནས་རྩོམ་པར་བསྐུལ་བ་ལྟར། བག་ཡངས་ཤྲི་ལྷོད་པོས་སྦྱར་བའོ། །
གཞི་རྩའི་གནས་ཚུལ།

རྩོམ་པ་པོ།
རྫ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་བོ།
1 མ་ཡིག

གཏམ་པདྨའི་ཚལ་གྱི་ཟློས་གར།

བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ། ། གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ། ། ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས། ། འཇམ་དཔལ་ཡེ་ཤེས་སེམས་དཔས1སྐྱོངས། ། གང་གི་ཚེ་ལྷ་གཅིག་ཆུའི་པདྨས2བྱིན་གྱིས་བརླབས་ཤིང་། ། བརྟུལ་ཞུགས་པདྨ་རྒྱལ་པོའི3ཞབས་ཀྱིས་བཅགས་ལ། ། ཏཱ་རེ་པདྨོ་ཡོ་གི་ནི4དངོས་སུ་བཞུགས་པའི་ཡུལ་ལྗོངས། ། རྩེ་མཐོ་པདྨའི་རི་བོ་ངོས་ཡངས་ཀྱི་ནགས་ཚལ། ། ཤེལ་དཀར་པདྨའི་ཕུག་པ་ཟླ་བ་ཚེས་པ་ལྟུ་བུའི་གནས་ན། ། བྱང་ཐང་མེ་ཏོག་སྐྱེལ་ཚལ་ནས་འོངས་པའི་བྲམ་ཟེའི་ཁྱེའུ་པདྨ་དགྱེས་པ་ཞེས་བྱ་བ། ཅི་ཡང་ཤེས་པ། གར་ཡང་འགྲོ་བ། གང་དུ་ཡང་གནས་པ། སུ་དང་ཡང་མཐུན་པ་ཞིག་གནས་བཅས་ཏེ། སྐྱོན་མེད་པདྨ་ལྟ་བུ་ཞེས་བྱ་བ་རྒྱལ་སྲས་ཀྱི་སྤྱོད་པ་ལ་སློབ་ཅིང་། ཆགས་མེད་ཆུའི་པདྨ་ཞེས་པའི་བྱ་བའི་བྱང་ཆུབ་ཀྱི་སེམས5ལ་མཉམ་པར་འཇོག་གོ། དེའི་ཚེ་གནས་དེ་དང་ཧ་ཅང་མི་རིང་བ་ན་པདྨ་སྤུངས་པའི་སྐྱེད་ཚལ་ཞེས་བྱ་བ་ལྗོན་ཤིང་གི་ར་བས་བསྐོར་པའི་སྤང་ལྗོངས་མེ་ལོང་གི་ངོས་ལྟར་མཉམ་པ་ན་པདྨ་རྒྱས་བའི་ཚལ་ཡོད་པ་སྟེ། དེ་ཡང་ཁེངས་པའི་པདྨ་རྣམས་སྡོང་བུ་རིང་བ། རྒྱས་པའི་པདྨ་རྣམས་འདབ་མ་ཡངས་པ། སྨིན་པའི་པདྨ་རྣམས་ཟིལ་མངར་མང་བ། བཀོད་པའི་པདྨ་རྣམས་ལོ་ཆེ་བ། མ་སྨིན་པའི་པདྨ་རྣམས་མྱུ་གུ་བཀྲ་བ། ཟུམ་པའི་པདྨ་རྣམས་ཐལ་མོ་སྦྱར་བ། གོད་པའི་པདྨ་རྣམས་གེ་སར་བྲལ་བ། ཟག་པའི་པདྨ་རྣམས་རྩེ་བཅུད་ཀྱིས་སྟོང་བ། རྙིངས་པའི་པདྨ་རྣམས་འདབ་མ་ལྷུང་བ། དགོད་པའི་པདྨ་རྣམས་གེ་སར་ངོམ་པ། སྦས་པའི་པདྨ་རྣམས་སྦུབས་ན་གནས་པ། ལྷུན་གྱིས་གྲུབ་པའི་པདྨ་རྣམས་ཀྱང་སྐྱེ་བར་རུང་བ་ཞིག་ཡོད་དོ། ། དེ་ན་ཁྱད་པར་དུ་ཡང་ཁེངས་ཤིང་སྨིན་ལ་བཀོད་པའི་པདྨ་གསུམ་ཞིག་ཡོད་དེ། དེ་ལས་གཉིས་ནི་རྒྱས་པའི་པདྨ་ཡང་ཡིན་པ། དེ་ལས་ཀྱང་གཅིག་ནི་ལྷག་པར་ཡང་ཁེངས་ཤིང་བཀོད་པ་སོགས་ཡིན་ཡང་སུས་ཀྱང་ཉེར་སྤྱད་དུ་མ་གྱུར་པའོ། །

དེ་ལྟ་བུའི་སྐྱེད་མོས་ཚལ་དེ་ན་བུང་བའི་ཚོགས་དུ་མ་འཕུར་ལྡིང་གཡོ་ཞིང་རྩེ་བ། ཁྱད་པར་དུ་ཡང་གསེར་གྱི་སྦྲང་ཆུང་པདྨའི་འདབ་ཡངས་ཞེས་བྱ་བ་དང་། གཡུའི་སྦྲང་ཆུང་པདྨའི་ངག་སྙན་ཞེས་བྱ་བའི་ཁྱོ་ཤུག་གཉིས་ཀྱང་གནས་ཏེ། གསེར་གྱི་སྦྲང་མ་དེ་ནི་ན་ཚོད་གཞོན་པ། ལང་ཚོ་དར་བ། ཤེས་རབ་གསལ་བ། བློ་ཁོག་ཡངས་པ། གསར་འགྲོགས་མེད་པ། རྒྱུ་བ་ལྷོད་པ། གཏོང་ལ་དགའ་བ་ཡིན་ནོ། ། གཡུ་སྦྲང་ཡང་གཏོང་ཕོད་ཆེ་བ། ཕན་སེམས་ལྡན་པ། ངང་རྒྱུད་འཇམ་པ། ཆོས་ལ་དཀར་བ། གཡོ་སྒྱུ་མེད་པ། ཕྲག་དོག་དང་མིག་སེར་ཆུང་བ་ཡིན་ནོ། ། དེ་གཉིས་ཕན་ཚན་ཤིན་ཏུ་གཅུགས་པའི་ཚུལ་གྱིས་འཛུམ་པའི་བཞིན་དང་། བརྩེ་བའི་ངག་དང་། མཐུན་པའི་སྤྱོད་ལམ་གྱིས་འགྲོགས་ཤིང་། ཕན་ཚུན་ཡིད་ཀྱི་ཞེ་འདོད་ཀྱང་གསང་གཏམ་དུ་སྨྲ་བ་ནི་འདི་ལྟར་རོ། ། ཀྱེ་ཀྱེ་ཡིད་འོང་གཞོན་པའི་ལང་ཚོ། ། ཕུན་ཚོགས་བྱེད་པོའི་པིར་གྱིས་མ་བྲིས། ། ལེགས་བྱས་སྒྱུ་མའི་འཕྲུལ་གྱིས་བཞེངས་པ། ། ལྷ་ཡུལ་ལྷ་ལ་འགྲན་ཡང་ཕོད་དམ། ། དཔལ་འབྱོར་ལོངས་སྤྱོད་རང་གིས་མ་བསགས། ། འདི་ན་བཀོད་པ་སྔོན་གྱི་ལས་དབང་། ། མེ་ཏོག་སྟན་འཇམ་ཐགས་སུ་མ་བཏགས། ། རེག་འཇམ་དང་པོ་རང་གི་ཉེར་སྤྱད། ། གེ་སར་ཟིལ་མངར་གཡོ་སྐོལ་མ་བྱས། ། རོ་བརྒྱའི་བཏུང་བ་འཆི་མེད་བདུད་རྩི། ། བདེ་སྐྱིད་དཔལ་འདི་འབད་པས་མ་ཡིན། ། ཤུགས་ཀྱིས་གྲུབ་པ་སྔོན་བསགས་བསོད་ནམས། ། རང་སེམས་བསམ་བློ་ཆོས་ལ་བཀོད་ན། ། དལ་འབྱོར་ལུས6ཞེས་བཏགས་ཀྱང་ཆོག་གི། ། སྨྲ་ཤེས་དོན་གོ་སྡིག་སྦྱོང་སྒྲུབ་པའི། ། རྐང་གཉིས་གཞན་ལ་ཡིད་སྨོན་མ་དགོས། ། ཀྱེ་ཀྱེ་གསོན་དང་ཡིད་འོང་སྙིང་སྡུག ། འདི་ན་མེ་ཏོག་སྐྱེད་ཚལ་མཛེས་མཛེས། ། ཟིལ་མངར་བདུད་རྩིའི་རོ་བཅུད་མང་མང་། ། དབྱར་ཟླའི་དཔལ་འདི་ཡུད་ཙམ་ཡུད་ཙམ། ། འཆི་བའི་རྐྱེན་མང་གློ་བུར་གློ་བུར། ། བདེ་སྡུག་འགྱུར་བ་སྐད་ཅིག་སྐད་ཅིག ། འཆི་བདག་སུན་མ་ཇེ་ཉེ་ཇེ་ཉེ། ། སྐྱིད་འདོད་ངང་ལ་ཚེ་འདི་འདས་ན། ། འདི་སྣང་བདེ་ལ་སྙིང་པོ་མི་འདུག ། འཁོར་བའི་བྱ་བ་བྲེལ་ལོའི་རྣམ་གཡེང་། ། འཕྲལ་དང་ཡུན་དུ་འཛད་པ་མི་འདུག ། ཚེ་འདིའི་འདུག་ཆུས་ཡུན་དུ་འབད་ཀྱང་། ། ཚེ་ཚད་རྫོགས་ན་སྙིང་པོ་མི་འདུག ། ཡིད་འོང་སྐྱེད་ཚལ་སྣང་བ་བདེ་ཡང་། ། འབྲལ་དགོས་བྱུང་ན་ཕན་པ་མི་འདུག ། དོན་དེ་དགོངས་ནས་བློ་ཐག་ཆོད་དང་། ། ཡིད་མཐུན་བཟའ་ཚོ་ཆོས་ལམ་དེངས་འགྲོ། ། སྐལ་བཟང་ཡིད་མཐུན་ལྷ་ཆོས་བྱེད་འདོད། ། སྙིང་གི་གྲོགས་ཁྱེད་དེ་ལྟར་ཨེ་དགོངས། ། ཞེས་ཟེར་བས་གཅིག་ཤོས་ཀྱིས་ཀྱང་ན་རེ། ལེགས་སོ་ལེགས་སོ་སྙིང་སྡུག་ཁྱོད་བདེན། ། བདེན་ནོ་བདེན་ནོ་ཡིད་འཛིན་སྙིང་གཏམ། ། སྙིང་གཏམ་སྙིང་གི་བཅུད་དུ་བཏབ་པ། ། སྙིང་ལ་འཆི་མེད་བདུད་རྩི་དེ་ལགས། ། ལྷ་ཡུལ་ལྗོངས་ནས་འདི་རུ་མ་བོས། ། མི་ཡུལ་ཡིད་འོང་མེ་ཏོག་སྐྱེད་ཚལ། ། སྐལ་བཟང་ཡིད་མཐུན་བུང་བའི་ལོངས་སྤྱོད། ། རབ་དགའ་སྦྱིན་པ་སྔོན་གྱི་ལས་དབང་། ། མཛེས་ཀྱང་མི་རྟག་འཁོར་བའི་མཚན་ཉིད། ། འབྱོར་ཀྱང་མི་རྟག་སྒྱུ་མའི་ལོངས་སྤྱོད། ། སྤྱད་ཀྱང་མི་ངོམས་འདོད་ཡོན་སླུ་བྲིད། ། སྙིང་པོ་མེད་པ་འཁོར་བའི་གནས་ལགས། ། ཁྱེད་ཀྱང་སེམས་ལ་གོ་ཆ་གྱོན་དང་། ། ངས་ཀྱང་སྙིང་ལ་རི་མོ་བྲི་ཡིས། ། ཐག་ཆོད་གྲོས་ལ་འགྱུར་བ་ཅི་ཡོད། ། སྐལ་བཟང་ཡིད་མཐུན་ཆོས་ལམ་སྙེག་འགྲོ། ། བསགས་པའི་ནོར་ལ་སྙིང་པོ་མི་འདུག ། འབད་པས་བཙལ་ཀྱང་གཞན་གྱི་ལོངས་སྤྱོད། ། བསྐྱངས་པའི་འཁོར་ལ་སྙིང་པོ་མི་འདུག ། བརྩེ་བས་བསྐྱངས་ཀྱང་དགྲ་ཡི་གཡབ་མོ། ། བརྩེགས་པས་མཁར་ལ་སྙིང་པོ་མི་འདུག ། ཕན་པར་སེམས་ཀྱང་སྲོག་གཅོད་རྦབ་རྒོད། ། རྨོས་པའི་ཞིང་ལ་སྙིང་པོ་མི་འདུག ། བཟང་པོར་བརྩི་ཡང་འབུ་སྲིན་བཤན་ཁང་། ། འོན་ཏེ་ངང་བསྲིང་དལ་གྱིས་དགོས་ཀྱི། ། ཙབ་ཙོབ་བྱ་བས་མཐའ་གཞུག་མི་འཁྱོངས། ། སྙིང་གི་དམ་བཅའ་སྙིང་ལ་བྲིས་ན། ། རང་སེམས་རང་དབང་ཆེ་བ་ལགས་མོད། ། ཅེས་ཟེར་རོ། །

དེའི་ཚེ་ལྗོངས་ཀྱི་དྲང་སྲོང་དོན་ཀུན་གྲུབ་པ་ཞེས་བྱ་བ། བརྩེ་བའི་ཐུགས་དང་ལྡན་པ། ཞི་བའི་སྤྱོད་ལམ་དང་ལྡན་པ། འགྲོ་དོན་ལ་ལྷག་པར་དགྱེས་པ་ཞིག་ཡོད་པ་དེ་ཡང་ཕྱོགས་དེར་ཕེབས་པའི་དྲུང་དུ་བུང་བ་གཉིས་ཕྱིན་ནས་གུས་པའི་ཚིག་གིས་བཏུད། སྦྲང་རྩིའི་རོ་མངར་གྱིས་མཆོད། སྙན་པའི་གཏམ་གྱིས་མདུན་བསུས་ནས་གསོལ་བ་བཏབ་པ། ཀྱེ་ཀྱེ་ལྷའི་དྲང་སྲོང་ཆེན་པོ། ཁྱེད་ནི་སྟོན་པའི་རྒྱལ་ཚབ་ལགས་པས། སྟོན་པའི་བཀའ་དང་འདྲ་བའི་ཆོས་ཤིག་གསུང་དུ་གསོལ། བསྟན་པའི་སྒྲོན་མེ་ལགས་པས་ཉམས་ལེན་གནད་ཀྱི་ཆོས་ཤིག་གསུང་དུ་གསོལ། འཕགས་པའི་དགེ་འདུན་ལགས་པས་རྒྱལ་བའི་སྲས་ཀྱི་སྤྱོད་ཡུལ་ཞིག་བསྟན་དུ་གསོལ། བདག་ཀྱང་དམ་པ་ཁྱེད་ཀྱི་རྗེས་སུ་སློབ་པར་འཚལ་ལོ། ། ཞེས་གསོལ་བ་བཏབ་པས་དྲང་སྲོང་ཆེན་པོ་དེས་ཀྱང་དགྱེས་པའི་མདངས་ཕྱུང་། སྐུ་ཡི་ཟིལ་བསྐྱེད། གསུང་གི་དཔངས་བསྟོད་ནས། ཆོས་གསུང་བ། ན་མོ་ཨཱརྱ་དམ་པ7། ། མི་མཆོག་སྐྱོབ་པ་ལྷ་ཡི་ལྷར་གྱུར་པ། ། མཚུངས་མེད་འདྲེན་པ་ཁ་ལོ་སྒྱུར་བ་པོ། ། ཤཱཀྱའི་སྐྱེས་མཆོག8དེ་ལ་ཕྱག་འཚལ་ལོ། ། འགྲོ་དྲུག་བློ་སྣ་ཆོས་ལ་བསྒྱུར་དུ་གསོལ། ། སྔོན་ནས་ལས་ཀྱིས་འབྲེལ་བའི་སྦྲང་ཆུང་གཉིས། ། སྙིང་ནས་ཆོས་ལམ་གཉེར་ན་དོན་འདིར་དགོངས། ། རྒྱལ་བའི་བཀའ་ལུང9ལགས་ཀྱི་དགོངས་པ་དཔྱོད། ། ཆོས་ཀྱི་ཉིང་ཁུ་ལགས་ཀྱི་ཡིད་ལ་ཆོངས། ། ཨེ་མ་རིགས་དྲུག་འཁོར་བའི་སེམས་ཅན་རྣམས། ། སྔོན་ནས་འཁོར་བའི་གནས་འདིར་འཁྱམས་ཡུན་རིང་། ། ཕྱིས་ཀྱང་ལས་ཉོན་འཁྲུལ་སྣང་ཟད་པ་མེད། ། བསྐལ་པ་བྱེ་བ་གྲངས་ཀྱིས་མི་ཆོད་པར། ། དཀོན་མཆོག་མཚན་ཐོས་ཙམ་ཡང་རྙེད་དཀའ་ན། ། ཐུབ་པའི་བསྟན་དང་མཇལ་བ་ཉིན་སྐར་ཙམ། ། ད་རེས་རྣམ་འདྲེན་བཞི་བ་ཟས་གཙང་སྲས10། ། འདྲེན་མཆོག་ཐུབ་པའི་དབང་པོ་འཇིག་རྟེན་བྱོན། ། ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར11། ། ལྔ་བརྒྱ་ཕྲག་བཅུའི་བསྟན་པའི་ཚད12མ་རྫོགས། ། རང་ཉིད་ཆོས་ལམ་གཉེར་བའི་འདུན་མ་ཡོད། ། མཐུན་རྐྱེན་དགེ་བའི་བཤེས་ཀྱིས་ཟིན་དུས་འདིར། ། སྙིང་ནས་ཆོས་ལམ་དོན་དུ་མ་གཉེར་ན། ། ཕྱིས་ནས་འདི་འདྲའི་ཡུལ་དུ་མི་སྐྱེ་ཞིང་། ། དཀོན་མཆོག་མཚན་ཐོས་ཙམ་ཡང་རྙེད་པར་དཀའ། ། ཨེ་མ་འཁྲུལ་སྣང་འཁོར་བའི་འཇིག་རྟེན་པ། ། འདུས་བྱས་སྙིང་པོ་མེད་ལ་རྟག་པར་འཛིན། ། ཕྱི་སྣོད་སྣོད་ཀྱི་འབྱུང་བའི་ཁམས་མི་རྟག ། ནང་བཅུད་སྐྱེ་འགྲོ་སེམས་ཅན་ཚེ་མི་རྟག ། བར་དུ་དུས་བཞི་ནམ་ཟླའི་དཔལ་མི་རྟག ། རྒྱལ་དང་དེ་སྲས་དམ་པའི་སྐྱེས་བུ་ཡང་། ། མི་རྟག་མྱ་ངན་འདའ་ཚུལ་སྟོན་ལ་གཟིགས། ། སྲིད་ན་ཆེ་བའི་ཚངས་དབང་སྐྱེ་རྒུའི་བདག ། འཆི་བདག་ཞགས་པས་འདེབས་པ་ལྟ་ཅི་སྨོས། ། སུ་ལའང་ནམ་འཆི་འདིར་འཆིའི་ངེས་བཟུང་མེད། ། འཆི་བའི་རྐྱེན་མང་འཚོ་རྐྱེན་ཉུང་བ་ཞིག །  དེས་ན་མྱུར་དུ་ཆོས་ལམ་མ་གཉེར་ན། ། འཆི་བདག་ནམ་འོང་མེད་དོ་འགྲོ་བ་ཀུན། ། འཆི་ངེས་བཤས་རར་ཚུད་པའི་དུད་འགྲོ་བཞིན། ། ཨེ་མ་ཤི་ནས་མེད་དུ་མི་འགྲོ་སྟེ། ། འགྲོ་ཞིང་འཁོར་བའི་གནས་འདིར་སྐྱེ་བ་ལེན། ། གང་དུ་སྐྱེས་ཀྱང་བདེ་བའི་སྐབས་མེད་དེ། ། དམྱལ་ཁམས་བཅོ་བརྒྱད13ཚ་གྲང་དུཿཁས་གདུང་། ། ཡི་དྭགས14བཀྲེས་སྐོམ་དུད་འགྲོ་ཕན་ཚུན་ཟ། ། མི་རྣམས་ཚེ་ཐུང་ལྷ་མིན་འཐབ་ཅིང་རྩོད། ། ལྷ་རྣམས་བག་མེད་གཡེངས་ཤིང་འཆི་འཕོ་ལྟུང་། ། གར་ཡང་བདེ་བ་མེད་དེ་མེ་ཡི་འོབས། ། སྐྱེ་དང་ཚེ་རབས་སྡུག་བསྔལ་བརྒྱུད་མར་འཁོར། ། འཁོར་བའི་ཆོས་ལ་སྐྱོ་བ་སྐྱེ་བར་རིགས། ། ཨེ་མ་བདེ་དང་སྡུག་བསྔལ་ལས་ཀྱིས་བྱེད། ། ལས་ནི་ཀུན་བྱེད་རི་མོ་མཁན་དང་འདྲ། ། ལས་སྨིན་བསྐལ་པ་བརྒྱར་ཡང་ཆུད་མི་ཟ། ། རང་བྱས་གཞན་གྱིས་མི་མྱོང་འགྱུར་བ་མེད། ། དགེ་བས་བདེ་འགྲོ་ཐོབ་རིས་ཐར་པ་དང་། ། སྡིག་པས་སྡུག་བསྔལ་ངན་སོང་འཁོར་བ་སྒྲུབ། ། རྒྱུ་ཆུང་ན་ཡང་འབྲས་བུ་མང་དུ་སྨིན། ། མཐོ་རིས་ལྷ་ཡི་བདེ་སྐྱིད་དཔལ་འབྱོར་དང་། ། ངན་སོང་དམྱལ་བའི་སྡུག་བསྔལ་བཟོད་དཀའ་ཡང་། ། རང་བྱས་ལས་ཀྱིས་བསྐྱེད་དེ་རྒྱུ་གཞན་མེད། ། དེས་ན་དུས་དང་གནས་སྐབས་ཐམས་ཅད་དུ། ། དྲན་དང་ཤེས་བཞིན་བག་ཡོད་ཉར་བཞག་སྟེ། ། རྒྱུ་འབྲས་སྤང་བླང་ཚུལ་ལ་ནན་ཏན་མཛོད། ། ཨེ་མ་ཐར་ལམ་འདྲེན་པའི་སྒྲོན་མེ་མཆོག ། ཡོན་ཏན་ཀུན་གྱི་འབྱུང་གནས་དགེ་བའི་བཤེས། ། སྙིགས་དུས་རྒྱལ་བ་དངོས་འདྲའི་མཛད་པ་ཅན། ། ཐུགས་རྗེ་བཀའ་དྲིན་ཚད་མེད་རྒྱལ་ལས་ལྷག ། ཡང་དག་དགེ་བའི་བཤེས་གཉེན་མ་བསྟེན་ན། ། དམུས་ལོང་དམིགས་བུ་མེད་པའི་ལམ་ཞུགས་འདྲ། ། དེ་བས་འདོད་འབྱུང་ནོར་བུ་དཔག་བསམ་ཤིང་། ། དང་པོ་དམ་པའི་མགོན་དེ་བརྟན་ཅིང་བསྟེན། ། ཐ་མར་དགོངས་སྤྱོད་བསླབ་ཅིང་ཐུགས་ཡིད་བསྲེ། ། སྐལ་བཟང་དེ་འདྲ་བདུད་ཀྱི་དབང་མི་འགྲོ། ། རྒྱལ་བ་དགྱེས་པའི་ལམ་བཟང་རྙེད་པར་འགྱུར། ། ཨེ་མ་མྱ་ངན་འདས་ཞི་བདེ་བའི་གནས། ། འཁོར་བའི་གཅོང་ནད་ཀུན་དང་བྲལ་བའི་ཆོས། ། སྡུག་བསྔལ་རྒྱུ་བཅས་ཟད་པའི་ཡང་དག་མཐའ། ། ཟད་མེད་ལམ་བཅས་ཐར་པ་དམ་པའི་གྲོང་། ། རྒྱལ་དང་རྒྱལ་སྲས་འབྱོར་བས་ཡོངས་གང་ཞིང་། ། ཉན་རང་འཕགས་པའི་སྐྱེ་བོ་བསྟི་བའི་གནས། ། ཐར་པའི་ལམ་དེ་གཉེར་ལ་བརྩོན་པར་རིགས། ། ཨེ་མ་གཏན་དུ་མི་བསླུ་དམ་པའི་སྐྱབས། ། མཚུངས་མེད་དཀོན་མཆོག་རིན་ཆེན་བཀའ་དྲིན་ཅན། ། ངེད་ཀྱང་སྐྱབས་གནས་ཁོང་ལ་བཅོལ་བས་འཚེངས། ། ཁྱེད་ཀྱང་སྐྱབས་གནས་འདི་ལ་འཆོལ་བར་རིགས། ། སྙིང་ནས་ཡིད་ཆེས་གུས་པས་སྐྱབས་སོང་ན། ། དུས་ཀུན་མི་བསླུ་དཀོན་མཆོག་གསུམ་འདྲ་མེད། ། འཁོར་བའི་སྡུག་བསྔལ་སྐྱོབ་ནུས་དཀོན་མཆོག་གསུམ། ། སྐྱབས་སོང་བསོད་ནམས་ནམ་མཁའི་མཐའ་དང་མཉམ། ། ཚེ་འདིར་འཇིགས་པ་བརྒྱད་དང་བཅུ་དྲུག15སོགས། ། མི་མཐུན་གནོད་པའི་ཚོགས་ཀུན་སེལ་བ་དང་། ། ཕྱི་མ་ངན་སོང་ངན་འགྲོར་འཁོར་བ་ཡི། ། སྡུག་བསྔལ་ཀུན་ལས་ཐར་པར་ངེས་པས་ན། ། དུས་ཀུན་མི་བརྗེད་དཀོན་མཆོག་རྗེས་དྲན་ཞིང་། ། ཡང་ཡང་སྐྱབས་སུ་སོང་ལ་གསོལ་བ་གདབ། ། ཨེ་མ་གྲངས་མེད་རྒྱལ་བ་གཤེགས་པའི་ཤུལ། ། རྒྱས་སྲས་ཀུན་གྱི་བགྲོད་པ་གཅིག་པུའི་ལམ། ། མཚུངས་མེད་བྱང་ཆུབ་སེམས་མཆོག་དམ་པའི་ནོར། ། སྨོན་དང་འཇུག་པའི་བདག་ཉིད16བསྐྱེད་པར་མཛོད། ། དེས་ནི་རྒྱལ་བའི་སྲས་ཀྱི་མིང་འཐོབ་ཅིང་། ། བདེ་བའི་ལམ་ནས་བདེ་བའི་གནས་སུ་འགྲོ། ། ཡང་དག་རྫོགས་པའི་སངས་རྒྱས་རིང་བ་མིན། ། ཁམས་གསུམ17འགྲོ་འདི་དྲིན་ཅན་ཕ་མ་སྟེ། ། སྐྱབས་མེད་བཤེས་བྲལ་ལོང་བ་ཐང་འཁྱམས་འདྲ། ། བདེ་བ་འདོད་ཀྱང་སྡུག་བསྔལ་རྒྱུ་ལ་སྤྱོད། ། འདི་ལ་བྱམས་དང་སྙིང་རྗེའི་བློ་བཞག་ནས། ། འགྲོ་ཀུན་སྡུག་བསྔལ་བདག་གིས་བསལ་སྙམ་པས། ། དཔག་མེད་སེམས་སྟོབས་ཆེན་པོའི་གོ་ཆ་བགོ། ། བདག་གཞན་མཉམ་བརྗེ་བདག་པས་གཞན་གཅེས་དང་། ། ཚད་མེད་བཞི18དང་བསྡུ་དངོས་བཞི20། ། སྙིང་ནས་བརྩོན་པས་ཉམས་སུ་བླང་གྱུར་ན། ། རྒྱལ་སྲས་རྣམས་ཀྱི་སྤྱོད་པ་མ་ལུས་པ། ། ལམ་བཟང་ཕར་ཕྱིན་དྲུག་ལ་འདུ་ཞེས་གསུངས། ། ཡང་དག་རྒྱལ་བ་དགྱེས་པའི་ལམ་བཟང་འདི། ། སྙིང་གི་སྙིང་པོ་ལགས་ཀྱི་སྙིང་དབུས་ཆོངས། ། ཨེ་མ་འཁོར་བའི་གནས་འདིར་ཡུན་རེ་རིང་། ། ཐོག་མ་མེད་ནས་ལས་ངན་ཚབས་ཆེར་བསགས། ། དེ་ཕྱིར་སྟོབས་བཞི21ཚང་བའི་མན་ངག་གིས། ། སྡིག་སྟུག་བཤགས་པའི་ཐབས་ལ་མ་འབད་ན། ། ངན་སོང་འཁོར་བའི་གནས་ནས་ཐར་པ་དཀའ། ། བདེ་གཤེགས་སངས་རྒྱས་ཀུན་གྱི་སྐུ་གཅིག་པུ། ། རྩ་བརྒྱུད་བླ་མ་ཀུན་འདུས་ནོར་བུའི་ལུགས། ། རྡོ་རྗེ་སེམས་དཔའ་དུང་དང་ཟླ་བའི་མདོག ། པད་དཀར་ཟླ་བའི་གདན་གནས་འཛུམ་པའི་ཞལ། ། བསྒོམ་ཞིང་ཡི་གེ་བརྒྱ་བ་ཆོ་ག་བཞིན། ། བཟླས་ན་སྡིག་དང་ལྟུང་བ་ཀུན་འཇོམས་ཤིང་། ། ན་རཀ22དམྱལ་བའི་གནས་ཀུན་དོང་ནས་སྤྲུགས། ། ཨེ་མ་ཚོགས་བསགས་པ་ལ་སངས་རྒྱས་ཏེ། ། ཚོགས་མ་བསགས་ལ་དངོས་གྲུབ་སྐལ་བ་མེད། ། དེས་ན་ཐབས་མཁས་འབྱོར་བའི་ཚོད་བསྟུན་ནས། ། ཡིད་སྤྲུལ་རྒྱལ་བའི་ཞིང་ཁམས་མཆོད་པ་འབུལ། ། སྟོང་གསུམ23སྤྲུལ་སྐུ24འོག་མིན་ལོངས་སྤྱོད་རྫོགས25། ། ཆོས་སྐུའི26ཞིང་ཁམས་རྣམས་བསམས་ལ། ། ལུས་དང་ལོངས་སྤྱོད་དུས་གསུམ་དགེ་བར་བཅས། ། བླ་མ་དཀོན་མཆོག་སྐུ་གསུམ་ལྷ་ལ་འབུལ། ། རང་གི་ཚོགས་རྫོགས་སངས་རྒྱས་ཞིང་སྦྱངས་ཤིང་། ། འགྲོ་བའི་རྒྱུད་སྨིན་བསོད་ནམས་ཕ་མཐའ་ཡས། ། དེས་ན་ཚོགས་བསགས་གདམས་པའི་སྙིང་པོར་ཟུངས། ། ཨེ་མ་ཐོག་མེད་དུས་ནས་མ་རིག་པ། ། བདག་མེད་བདག་ཏུ་བཟུང་བས་འཁོར་བར་འཁྱམས། ། ལུས་མེད་ལུས་སུ་ཞེས་པས་ཆགས་སྡང་བྱུང་། ། དེ་ཕྱིར་གཅེས་འཛིན་སྒྱུ་མའི་ཕུང་པོ་འདི། ། ཆགས་མེད་མཆོད་སྦྱིན་ཡོན་དུ་བསྔོ་བར་བྱ། ། བདུད་རྩིའི་རང་བཞིན་ཡར་ལ་དཀོན་མཆོག་མཆོད། ། མར་ལ་འགྲོ་དྲུག་ཚིམ་ཞིང་ཚོགས་གཉིས་རྫོགས། ། ལན་ཆགས་གདོན་བགེགས་ཀུན་སེལ་བར་ཆད་ཞི། ། ཡིད་སྤྲུལ་མཆོད་པའི་རྫས་དང་མཁོ་རྒུའི་དཔལ། ། ཡར་མཆོད་མར་སྦྱིན་དགེ་བ་འགྲོ་ལ་བསྔོ། ། ཆོས་ཀུན་བསམ་པའི་བྱེ་བྲག་ཙམ་ཡིན་ཕྱིར། ། རང་ལུས་དངོས་སུ་སྦྱིན་དང་བསོད་ནམས་མཉམ། ། གཏོང་བ་ཆེན་པོའི་གནས་ལ་བག་ཆགས་འཇོག ། ཚོགས་རྫོགས་སྒྲིབ་དག་བར་དོའི་འོད་གསལ་ཟིན། ། འཆི་བ་བསླུ་ཞིང་ན་ཚ་གདོན་བགེགས་བཟློག ། དེ་ཕྱིར་ཐབས་ལ་མཁས་པའི་ཚོགས་བསགས་ཡིན། ། ཨེ་མ་དཀོན་མཆོག་ཀུན་འདུས་བཀའ་དྲིན་ཅན། ། སངས་རྒྱས་ཀུན་གྱི་རང་བཞིན་རིན་པོ་ཆེ། ། བརྒྱུད་གསུམ27གདམས་པའི་མཛོད་འཛིན་བྱིན་རླབས་ཅན། ། འདྲེན་མཆོག་རྩ་བའི་བླ་མར་གསོལ་བ་ཐོབ། ། སྤྱི་བོའི་གཙུག་བསྒོམ་སྙིང་གི་དཀྱིལ་བསྒོམས་ན། ། བདེ་གཤེགས་ཀུན་བསྒོམས་པ་དང་བསོད་ནམས་མཉམ། ། བརྒྱུད་གསུམ་བླ་མའི་བྱིན་རླབས་རང་རྒྱུད་འཇུག ། ཐུགས་ཡིད་དབྱེར་མེད་འདྲེས་ནས་རྟོགས་པ་འཆར། ། དེས་ན་གནས་ལུགས་རྟོགས་པའི་བོགས་འདོན་ལ། ། མཆོག་གྱུར་བླ་མའི་རྣམ་འབྱོལ་གནད་དུ་ཟབ། ། གནས་གསུམ་ཡི་གེའི་28འོད་ལས་དབང་བཞི29བླང་། ། སྒྲིབ་པ་བཞི30དག་སྐུ་བཞིའི་གོ་འཕང31དང་། ། རྣམ་བཞིའི་རིག་འཛིན32ཐོབ་པའི་སྐལ་བ་བཞག ། ལམ་བཞིའི་ཉམས་ལེན33ལ་དབང་དམ་ཚིག་གསོ། ། འཁོར་འདས་ཆོས་ཀུན་བླ་མའི་རོལ་པར་འཆར། ། གནས་སྐབས་མི་མཐུན་ཞི་ཞིང་བསམ་དོན་འགྲུབ། ། ཚེ་འདིར་ཆོས་སྐུའི་རྒྱལ་སྲིད་ཟིན་པའོ། ། མིན་ཀྱང་ཕྱི་མ་པདྨ་འོད་དུ་སྐྱེ། ། གནས་དེར་རིག་འཛིན་བཞི་ཡི་ལམ་བགྲོད་ནས། ། གདོད་མའི་དབྱིངས་སུ་མིག་འཕྲུལ་ལྟ་བུར་འགྲོ། ། ནམ་མཁའི་མཐའ་མཉམ་འགྲོ་བའི་དོན་བྱེད་ཅིང་། ། སྐུ་དང་ཡེ་ཤེས་སྣང་བས་སྣང་སྲིད་འགེངས། ། ཨེ་མ་རྒྱལ་བ་ཀུན་གྱི་བགྲོད་གཅིག་ལམ། ། བརྒྱུད་གསུམ་རིག་འཛིན་བརྒྱུད་པའི་ཞལ་གྱི་ལུང་། ། བརྒྱད་ཁྲི་བཞི་སྟོང་དམ་ཆོས34འདུས་པའི་མདོ། ། གདམས་ངག་གནད་ཀྱི་སྙིང་པོ་དེ་ལྟར་ལགས། ། མཁས་པ་བརྒྱ་དང་གྲུབ་པ་སྟོང་བྱོན་ཡང་། ། འདི་ལས་ཟབ་པའི་དམ་ཆོས་སྟོན་པ་མེད། ། དམ་ཆོས་བདུད་རྩིའི་ཉིང་ཁུ་དེ་ལགས་ཏེ། ། འཕགས་ཚོགས་དགེ་འདུན་སྟོང་གི་ཐུགས་དམ་མཐིལ། ། ལམ་འདི་བཤད་དང་ཉན་ལས་བསོད་ནམས་ཚོགས། ། གང་ཞིག་ཐོབ་དེས་མཐའ་ཡས་འགྲོ་བ་ཀུན། ། ལམ་བཟང་འདི་ལ་བརྟེན་ནས་ཚེ་གཅིག་གིས། ། ཡང་དག་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག ། ཅེས་གསུངས་ནས་སྦྲང་བུ་གཉིས་ལ་བྱིན་རླབས་དང་སྨོན་ལམ་མཛད་ནས། ལྗོངས་རྒྱུ་ཞིང་མཐོང་ཐོས་དྲན་རེག་གི་སེམས་ཅན་གྱི་དོན་བྱས་ནས་མིག་སྨན་ཐིག་ལེའི་དགོན་པ་ཞེས་བྱ་བར་བུད་ཤིང་ཟད་པའི་མེ་ལྟར་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་སོ། །

དེ་ནས་བུང་བ་དེ་གཉིས་ཀྱང་སྤྱོད་ལམ་ཕལ་ཆེར་དྲང་སྲོང་གི་བཀའ་བཞིན་དུ་བསྒྲུབས་ལ། རེས་འགའ་ནི་བག་མེད་རྩེད་མོ་ནི་རྩེ་ཞིང་འདོད་པའི་ཡུལ་ལ་ཆགས་ཏེ་རིང་ཞིག་འདས་པའི་ཚེ། ངག་སྙན་གྱིས་མེ་ཏོག་གི་ཟིལ་མངར་འཐུང་ཞིང་། འདབ་ཡངས་ཀྱིས་ནམ་མཁའ་ལ་འཕུར་ལྡིང་གཡོ་བའི་སྐབས་ཤིག་ཉི་མའི་མདངས་འོད་གློ་བུར་དུ་ཉམས་ནས། སྤྲིན་ནག་གི་གྲིབ་མ་ས་ལ་ལྷུང་སྟེ་པདྨོ་རྣམས་ཅིག་ཅར་དུ་ཁ་ཟུམ་པས་ངག་སྙན་པདྨའི་སྦུབས་སུ་འཐུམས་ནས་དབུགས་འཐུམས་ཏེ་འཇིགས་སྐྲག་མདངས་ཤིང་གཏམ་བརྗོད་མ་ནུས་པར་བུབ་བུབ་བུབ་ཟེར་ཞིང་འདུག་པ་ན། འདབ་ཡངས་ཀྱང་འཇིགས་ཤིང་སྐྲག་སྟེ་ཅི་བྱ་གཏོལ་མེད་པར་གྱུར་ནས་པད་ལྗོན་གྱི་དྲུང་དུ་ས་ལ་བབས་ནས་མྱ་ངན་གྱི་གདུང་བས་སྙིང་ལ་ནོན་ཏེ་ས་ལ་འགྲེ་ལྡོག་བྱེད་ཅིང་འདི་སྐད་དུ།

ཀྱི་ཧུད་ཀྱི་ཧུད་འཇིགས་ཤིང་སྐྲག་པ། ། ཨ་ཙི་ཨ་ཙི་གློ་བུར་རྐྱེན་ངན། ། ཅི་བྱེད་ཅི་བྱེད་མ་རུངས་འཚེ་བ། ། འཕྲལ་དུ་འདི་རུ་བདུད་པོ་སུ་སླེབ། ། མཁའ་ལམ་ཡིད་འོང་ཉིན་བྱེད་དཀྱིལ་འཁོར། ། གློ་བུར་འགེགས་པའི་དྲན་ཤུལ་དེ་སུ། ། ས་གཞིར་བཀོད་པའི་མེ་ཏོག་འདབ་བརྒྱ། ། འཕྲལ་དུ་སྡུད་པའི་རྐྱེན་ངན་དེ་ཅི། ། ཡིད་འོང་སྙིང་སྡུག་གྲོགས་དེ་གར་སོང་། ། འཇམ་པའི་འདབ་ཡངས་བསྐྱོད་དེ་གར་སོང་། ། སྙན་པའི་གླུ་སྒྲ་སྒྲོགས་དེ་གར་སོང་། ། བརྩེ་བའི་གསང་གཏམ་ཅན་དེ་གར་སོང་། ། མཛེས་པའི་འཛུམ་མདངས་ཅན་དེ་གར་སོང་། ། དགྱེས་པའི་འཕུར་ལྡིང་ཅན་དེ་གར་སོང་། ། གཡུ་ལོ་ཟུར་མིག་ཅན་དེ་གར་སོང་། ། རྐང་དྲུག་ཡན་ལག་མཛེས་དེ་གར་སོང་། ། གསལ་བའི་ཐིག་ལེ་ཅན་དེ་གར་སོང་། ། གནག་སྣུམ་སྐྲ་ལོ་ཅན་དེ་གར་སོང་། ། ཁོ་བོའི་སྙིང་གི་དུམ་བུ་གར་སོང་། ། འདབ་ཡངས་ཁོག་པ་སྟོང་ན་ཅི་བྱེད། ། ལང་ལོང་ངག་སྙན་སྙིང་སྡུག་ཨེ་གོ། ། འདབ་ཡངས་གཏམ་ལ་ཨ་ལེན་མེད་ན། ། སྙི་འདི་སྦྲང་བུའི་ཉམས་མྱོང་འདི་ཅི། ། འདབ་ཡངས་པད་མ་འདབ་བརྒྱའི་དྲིན་ཅན། ། ཁྱེད་ལ་རང་དབང་མེད་པ་ལགས་སམ། ། ཀུན་ཕན་ཉིན་བྱེད་སྙིང་རྗེའི་མངའ་བདག ། མ་རུངས་སྤྲིན་ནག་གྲིབ་ན་མ་བཞུགས། ། ཐུགས་རྗེའི་ཚ་ཟེར་འོད་སྣང་སྤྲོས་ཤོག ། མ་རུངས་སྤྲིན་ནག་གཏོར་བའི་རླུང་པོ། ། པ་ཡ་བེ་དེ་ཡིན་ན་དགའ་བ། ། པད་མ་འདབ་བརྒྱ་འབྱེད་པའི་སྟོབས་ལྡན། ། རྐང་གཉིས་མི་ཞིག་ཡིན་ན་དགའ་བ། ། ཉམ་ཆུང་སྦྲང་བུའི་ལས་བསྐོས་འདི་འདྲ། ། ཀྱི་ཧུད་མཐོན་པོ་གནམ་གྱིས་ཨེ་དགོངས། ། མ་རུངས་སྤྲིན་ལ་བཀའ་ཞིག་ཕེབས་ཤོག ། ངག་སྙན་ངག་སྙན་སྙིང་གི་ཐིག་ལེ། ། ངག་སྙན་ངག་སྙན་ཡིད་ཀྱི་འཁྲི་ཤིང་། ། ངག་སྙན་ངག་སྙན་བརྩེ་བའི་ཟླ་གྲོགས། ། ངག་སྙན་ངག་སྙན་སྙིང་སྡུག་ལྷ་མོ། ། ཀྱི་ཧུད་ཀྱི་ཧུད་འདབ་ཡངས་སྡུག་སྡུག ། ཅེས་ཟེར་ཞིང་ཤིན་ཏུ་ཉམ་ཐག་པར་བསྒྲེ་ཞིང་འདུག་གོ། །

དེའི་ཚེ་ངག་སྙན་གྱིས་འདབ་ཡངས་ཀྱིས་འབོད་པའི་སྐད་ཀྱང་ཐོས། རང་ཉིད་པདྨའི་སྦུབས་སུ་འཐུམས་པ་ཡང་ཤེས་ཏེ་རྟོག་དཔྱོད་ཞིབ་ཏུ་བཏང་ནས། ཨ་ཁ་ཁ་ངེད་གཉིས་ནས་སྔོན་ཆད་དྲང་སྲོང་ཆེན་པོ་དོན་ཀུན་གྲུབ་པ་དེའི་དྲུང་ནས་ཟབ་རྒུའི་གདམས་ངག་ཐོབ་པ་ཡིན་ཀྱང་ཉམས་སུ་ནི་ཅུང་ཟད་ཀྱང་མ་ལོན། ཡང་དག་པའི་ལྷ་ཆོས་བསྒྲུབ་འདོད་ཀྱི་བློ་གཏད་དང་དམ་བཅའ་ཡོད་དེ། ཆོས་བྱེད་འདོད་ཀྱི་ངང་ལ་ཚེ་ཚད་རྫོགས། ད་ནི་པདྨའི་སྦུབས་འདིར་ལྷ་འཕོ་ལྟུང་གི་སྡུག་བསྔལ35ལྟ་བུ་ཡུན་རིང་མྱངས་ནས་མཐར་འཆི་དགོས་པ་ཡིན་ནོ། ། ཡང་ན་སླར་ཡང་ཉི་མའི་འོད་ཟེར་ཕོག་ནས་མེ་ཏོག་གི་འདབ་རྒྱ་གྲོལ་ནས་མ་ཤི་བར་ཐར་པ་ཡང་སྲིད་དམ། གང་ལྟར་ཡང་འདབ་ཡངས་མྱ་ངན་གྱིས་ནོན་འདུག་པས་འདི་ལ་གཏམ་ལན་ཞིག་གཞལ་ན་ཐོས་པ་ཡིན་ནམ་སྙམ་དུ་འདི་སྐད་དུ།

ཀྱེ་ཀྱེ་འདབ་ཡངས་ཀྱེ་ཀྱེ་འདབ་ཡངས། ། འདབ་མ་རབ་ཡངས་ལྷ་ཡི་སྲས་པོ། ། གསུང་སྙན་ཡིད་འོང་རྣ་བའི་བདུད་རྩི། ། ཐོས་པར་ཡོད་པ་སྙིང་ལ་དགའ་ཡང་། ། ལང་ཚོའི་ཞལ་མཛེས་མིག་གི་བདུད་རྩི། ། མཇལ་དུ་མེད་པའི་སྐལ་དམན་འདི་ཅི། ། གློ་བུར་མུན་པ་འཆི་བདག་བང་ཆེན། ། ནམ་ཙམ་སླེབ་པ་ངེས་ནི་མ་ཤེས། ། ཀུན་ཕན་ཉིན་བྱེད་སྣང་བའི་དཀྱིལ་འཁོར། ། མཁའ་ལམ་མི་གནས་གང་དུ་ཕེབས་སོང་། ། རེག་འཇམ་འདབ་མའི་མལ་སྟན་བཀོད་དང་། ། རོ་མངར་རྩི་བཅུད་བདུད་རྩི་འཛག་ལ། ། དྲི་ཞིམ་སྤོས་བསུང་སྣ་ཡི་བཅུད་ལེན། ། དཀར་དམར་ལང་ཚོ་མིག་གི་དགའ་སྟོན། ། འདོད་རྒུའི་ལོངས་སྤྱོད་པད་མོའི་དཀྱིལ་འཁོར། ། སྲོག་གཅོད་གཤེད་པོར་གྱུར་པ་འདི་ཅི། ། སྲབ་འཇམ་འདབ་བརྒྱ་གདུག་པའི་བཙོན་ཁང་། ། འབྱོར་བ་ཟིལ་མངར་སྡོམ་བྱེད་ལྕགས་སྒྲོག ། འགྱུར་བའི་སྡུག་བསྔལ36འདི་འདྲ་ལགས་མོད། ། ཀྱེ་ལགས་དྲིན་ཅན་དྲང་སྲོང་ཆེན་པོས། ། བཀའ་གསུང་བདུད་རྩིའི་གདངས་ངག་གནང་དུས། ། མི་རྟག་འཁོར་བའི་མཚན་ཉིད་གསུངས་པ། ། ད་རེས་རང་རེའི་སྟེང་དུ་མངོན་སུམ། ། བདེ་སྐྱིད་ལྷ་ལ་འགྲན་པའི་ལོངས་སྤྱོད། ། ཉམ་ཐག་གཤིན་རྗེའི་གྲོང་སྒོར་སླེབ་ལ། ། མིག་གི་འབྱེད་འཛུམ་ཙམ་ལས་མ་འགོར། ། ཀྱི་ཧུད་འཕོ་ལྟུང་སྡུག་བསྔལ་འདི་འདྲ། ། ལྷ་ཆོས་བསྒྲུབ་འདོད་སེམས་ན་ཡོད་ཀྱང་། ། འཕྲལ་དུ་བརྩོན་པའི་ཉམས་ལེན་མ་ནུས། ། འཕྲང་རིང་བར་དོ་འགྲིམ་དགོས་བྱུང་ན། ། བློ་གཏད་ཕེར་བའི37དམ་ཆོས་མི་འདུག ། འཆི་བ་འོང་སྙམ་སེམས་ན་ཡོད་ཀྱང་། ། ནམ་འཆི་ཆ་མེད་རྒྱུད་ལ་མ་སྐྱེས། ། བག་ཡངས་སྙོམ་ལས་ལེ་ལོའི་ངང་ལ། ། འཆི་བདག་བདུད་པོ་གློ་བུར་སླེབས་བྱུང་། ། འཁོར་བའི་སྡུག་བསྔལ་སེམས་ན་ཡོད་ཀྱང་། ། འཕྲལ་སྣང་ཉམས་དགའི་ཞེན་པ་མ་ཆོད། ། ཡུལ་ལྔའི38བདུད་ཀྱིས་དབང་ལྔ39བསླུས་ནས། ། སྡུག་བསྔལ་འཁོར་བའི་གཞི་མ་གྲུབ་སོང་། ། རྒྱུ་འབྲས་བསླུ་མེད་སེམས་ན་ཡོད་ཀྱང་། ། སྤང་བླང་ཟབ་མོའི་ལག་ལེན་མ་བྱུང་། ། རྣམ་གཡེང་ངང་ལ་མི་ཚེ་ཟད་ནས། ། དགེ་བ་འདི་སྒྲུབ་གཏད་སོ་མི་འདུག ། ཀྱེ་ལགས་སྙིང་སྡུག་བུང་བ་གཞོན་ནུ། ། འཆི་བདག་བདུད་པོ་འཇིགས་སུ་རུང་བའི། ། དགྲ་ཞིག་ཡོད་ཅེས་སྔོན་དུ་ཐོས་པ། ། ད་རེས་མངོན་སུམ་སླེབ་པ་འདྲའོ། ། འདུག་པའི་གནས་ལ་པདྨའི་སྐྱེད་ཚལ། ། བསྐྱུར་འདོད་བསམ་པ་སྙིང་ན་མེད་དེ། ། ད་རེས་གློ་བུར་འཆི་བདག་རྒྱལ་པོས། ། གཤིན་རྗེའི་གྲོང་སྒོར་ཁྲིད་པར་འདུག་གོ། ། བཟའ་བའི་ཟས་ལ་རྩི་བཅུད་ཟིལ་མངར། ། སྤང་འདོད་བསམ་པ་སེམས་ན་མེད་དེ། ། ད་རེས་དབང་མེད་བཙན་པོའི་ཁྲིམས་ཀྱིས། ། ཟས་སུ་དྲི་གསུར་ཟ་དགོས་འདུག་གོ། ། འགྲོ་བའི་ལམ་ལ་བར་སྣང་ཡངས་པ། ། འདི་ལས་གཞན་དུ་འབབ་འདོད་མེད་དེ། ། ད་རེས་དབང་མེད་གཤིན་རྗེས་ཁྲིད་ནས། ། འཕྲང་རིང་བར་དོར་འགྲིམ་དགོས་འདྲའོ། ། བརྩེ་བའི་གཉེན་ལ་དྲིན་ཆེན་ཕ་མ། ། འདི་ལ་བྱེད་འདོད་སེམས་ན་མེད་དེ། ། ད་རེས་ཆོས་ཀྱི་རྒྱལ་པོའི40ཁྲིམས་རར། ། གཉེན་མེད་བཤེས་མེད་འཁྱམས་པ་འདྲའོ། ། བསྐྱངས་པའི་འཁོར་ལ་འབུ་སྦྲང་སྲོག་ཆགས། ། འདི་ལས་འབྲལ་འདོད་སེམས་ན་མེད་དེ། ། །ད་རེས་ཕྱི་མའི་ལམ་ཆེན་བླངས་ནས། ། གྲོགས་མེད་གཅིག་པུར་འགྲོ་དགོས་འདྲའོ། ། བགོ་བའི་གོས་ལ་ཤིང་བལ་རེག་འཇམ། ། འདི་ལ་སྤང་འདོད་སེམས་ལ་མེད་དེ། ། ད་རེས་འཆི་བདག་ཞགས་པས་བཅིངས་ནས། ། གོས་མེད་གཅེར་བུར་འཁྲིད་པ་འདྲའོ། ། འགྲོགས་པའི་གྲོགས་ལ་འདབ་ཡངས་གསེར་སྦྲང་། ། འདི་ལས་འབྲལ་འདོད་སེམས་ན་མེད་དེ། ། ད་རེས་འདུས་བྱང་རང་མཚང41བསྟན་ནས། ། མཐོང་ཐོས་མེད་པར་འགྲོ་བ་འདྲའོ། ། ཀྱེ་ཀྱེ་ཡིད་འོང་སྙིང་སྡུག་གཞོན་པ། ། དང་པོ་འགྲོགས་ནས་ད་ལྟའི་བར་དུ། ། བརྩེ་བའི་འཛུམ་གྱིས་བསྐྱངས་པའི་ཞལ་མཛེས། ། གནག་པའི་ཁྲོ་གཉེར་བསྡུས་པ་མི་དྲན། ། བྱམས་པའི་གསུང་གིས་བསྐྱངས་པའི་ངག་སྙན། ། ཁྲོས་པའི་བཀའ་བཀྱོན་གནང་བ་མི་དྲན། ། བརྩེ་བའི་ཐུགས་ཀྱིས་འགྲོགས་པའི་ངང་བཟང་། ། ཁྲེལ་མེད་ཕྱི་ཐག་བསྟུང་བ་མི་དྲན། ། འཕྲལ་དགོས་ལོངས་སྤྱོད་ཡུལ་གྱི་ཉེར་སྤྱད། ། ང་ཁྱོད་ཁྱད་པར་ཕྱེ་བ་མི་དྲན། ། རྒྱུན་རིང་འཕྲལ་དང་འཕྲལ་གྱི་མཛད་སྤྱོད། ། མི་དགེའི་རྣམ་འགྱུར་ངོམ་པ་མི་དྲན། ། གཞུང་བཟང་ཕྱི་ཐག་རིང་བའི་ཐུགས་ཀྱིས། ། བསྐྱངས་པའི་སྐུ་དྲིན་སེམས་ན་ཡོད་ལགས། ། ཐུགས་བརྩེ་འདུ་འབྲལ་མེད་པའི་ཚུལ་གྱིས། ། འགྲོགས་པའི་བརྩེ་དུང་སེམས་ན་ཡོད་ལགས། ། ཡིད་འོང་སྣང་བ་མཐུན་པའི་གསུང་གི། ། བྱམས་པའི་གསུང་སྒྲོས་སེམས་ན་ཡོད་ལགས། ། ཡིད་གཅུགས་འདུ་འབྲལ་མེད་པའི་ཚུལ་གྱིས། ། ཐུགས་བརྩེའི་ཐུགས་གཏད་སེམས་ན་ཡོད་ལགས། ། སྡོད་པའི་གནས་དང་འབྲལ་འབྲལ་འདྲ་ཡང་། ། གནས་ཡུལ་རང་གནས་བསམས་ནས་མི་འགྱོད། ། བསགས་པའི་ནོར་དང་འབྲལ་འབྲལ་འདྲ་ཡང་། ། ལོངས་སྤྱོད་འབྱོང་བ་བསམས་ནས་མི་འགྱོད། ། བསྐྱངས་པའི་གཡོག་དང་འབྲལ་འབྲལ་འདྲ་ཡང་། ། མངག་གཞུག་འཁོར་གཡོག་བསམས་ནས་མི་འགྱོད། ། གཅེས་པའི་ལུས་དང་འབྲལ་འབྲལ་འདྲ་ཡང་། ། ལང་ཚོའི་ན་ཚོད་བསམས་ནས་མི་འགྱོད། ། ཕངས་པའི་སྲོག་དང་འབྲལ་འབྲལ་འདྲ་ཡང་། ། འདི་སྣང་བདེ་སྐྱིད་དྲན་ནས་མི་འགྱོད། ། བྱམས་སྐྱོང་སྙིང་སྡུག་ཁྱེད་ཀྱི་དྲུང་ནས། ། འབྲལ་དགོས་སྡུག་བསྔལ་སྙིང་ལ་ཟུག་པའི། ། འགྱོད་པ་འདི་ལ་བཟློག་ཐབས་མི་འདུག ། བྱམས་པའི་ཞལ་གྱི་མཛེས་པ་དྲན་ནས། ། མིག་ལས་མཆི་མའི་ཆར་རྒྱུན་ཐར་ཐར། ། བརྩེ་བའི་ཐུགས་ཀྱིས་དགོངས་པ་དྲན་ནས། ། སེམས་ལ་སྡུག་བསྔལ་མུན་པ་འཐིབ་འཐིབ། ། བརྩེ་བའི་གསུང་གིས་དབུགས་དབྱུང་དྲན་ནས། ། ཡིད་ལ་གདུང་བའི་མེ་དཔུང་འབར་ཡང་། ། ད་ནི་ལས་དབང་སླེབས་པས་ཅི་བྱ། ། འཆི་བདག་གཤིན་རྗེའི་དམག་དཔུང་སུས་བཟློག ། སྡུག་བསྔལ་འཁོར་བའི་སྣང་ཚུལ་སུས་འགེགས། ། ཁྱེད་ཀྱང་གནས་ཚུལ་འདི་ལ་དགོངས་ནས། ། ཐུགས་ལ་འགྱོད་པ་མེད་པར་ཞུའོ། ། ད་དུང་ཉིན་བྱེད་སྣང་བའི་འོད་འཕྲོ། ། ཐེབས་ན་ཐར་ཡང་སྲིད་པ་ཡོད་ཀྱི། ། བག་ཡངས་ཐུགས་བག་བརྐྱངས་ལ་བཞུགས་མཛོད། ། གལ་ཏེ་མ་ཐར་འདི་རུ་ཤི་ཡང་། ། བརྩེ་བས་འགྲོགས་པའི་སྙིང་གྲོགས་ཁྱེད་ཀྱིས། ། སྔོན་ཆད་བརྩེ་དུང་བྱམས་པས་སྐྱོང་ཚུལ། ། དེ་ལས་ལྷག་པའི་མཛད་ཐབས་མེད་ཀྱི། ། ཚེ་མཐའི་འདུན་མ་འཁྱོངས་པ་ཡིན་ལགས། ། སྔོན་ཆད་རང་རེ་སྐྱིད་པའི་སྐབས་ན། ། ཞེ་འདོད་སྙིང་ལ་བྲིས་པའི་དམ་བཅའ། ། ད་ལྟ་དམ་པའི་ཐུགས་ལ་མངའ་འམ། ། ཕྱིན་ཆད་འབྲལ་བའི་དུས་ཚོད་བྱུང་ཡང་། ། ཁྱེད་ཐུགས་དམ་བཅའ་བསྐྱུར་བར་མ་མཛད། ། བློ་གཏད་དམ་ཆོས་འཕྲལ་འཁྱོལ་བྱུང་ན། ། དེ་ལས་གཞན་པའི་དུ་དོན་མེད་ལགས། ། ཞེས་ཟེར་ཞིང་འདུག་གོ། །

དེར་འདབ་ཡངས་ན་རེ། ཀྱེ་ཀྱེ་ངག་སྙན་ཀྱེ་ཀྱེ་ངག་སྙན། ། ངག་སྙན་གླུ་ལེན་གཡུ་ཡི་སྦྲང་ཆུང་། ། མ་འཇིགས་མ་འཇིགས་བློ་ཡི་བག་ཕོབས། ། མ་སྐྲག་མ་སྐྲག་སེམས་ཀྱི་དཔའ་སྐྱེད། ། ཡུན་རིང་མི་བརྟན་འཕྲལ་གྱི་སྐྱིད་སྡུག ། གནས་གཅིག་མི་འདོད་ནམ་མཁའི་སྤྲིན་ནག ། ཉམས་མ་མི་སྲིད་ཉིན་བྱེད་འོད་སྣང་། ། གློ་བུར་སྤྲིན་ནག་འཕྲལ་གྱི་རྐྱེན་ངན། ། བར་ཆད་འདི་ལ་སེལ་ཐབས་ཡོད་འགྲོ། ། བསྐྱངས་པའི་འབུ་སྦྲང་སྲིན་བུའི་འཁོར་ཡང་། ། ཕྱོགས་ཕྱོགས་མངགས་གཞུག་བང་མིར་བཏང་ན། ། དོན་གཉེར་ཡིད་ཀྱི་འདོད་པ་སྒྲུབ་ཆོག ། བསགས་པའི་ནོར་རྫས་སྦྲང་རྩིའི་བང་མཛོད། ། གཏོང་ཕོད་བྱས་ན་འཕྲལ་རྐྱེན་སེལ་འགྲོ། ། རྒྱལ་ཁམས་ཤེས་ཅན་མཁས་དགུར་དྲིས་ན། ། འཕྲལ་རྐྱེན་རྒྱུ་རྐྱེན་ཟློག་ཐབས་ཤེས་ཡོང་། ། ནུས་ལྡན་དབང་ཡོད་གཞན་ལ་རེ་ན། ། གློ་བུར་སྤྲིན་ནག་གདོང་བཟློག་བྱེད་འགྲོ། ། ཕྱོགས་མེད་གྲོང་དང་བྲག་རིའི་ཚང་ན། ། ནག་ཆུང་ཕོ་རོག་སྐད་འགྱུར་རྒྱག་ཅིང་། ། རྒྱལ་ཁམས་ཡོངས་ལ་མངོན་ཤེས་འཆད་སྐད། ། འདི་ལ་དྲིས་ན་ལུང་བསྟན་གནང་འོང་། ། མཐོན་པོའི་མཁར་གྱི་མཐོངས་ཁ་བད་རྩེར། ། མཆིལ་བ་རྒྱ་བོའི་མང་ཚོགས་འདུས་པས། ། འུར་འུར་གཟུངས་སྔགས་རྣམ་འཇོམས42གསུངས་སྐད། ། ཚོགས་འདི་དྲངས་ན་གསུང་སྒྲུབ་གནང་འགྲོ། ། ཁྲོན་པ་རྫིང་བུའི་རླན་གཤེར་ཁྲོད་ན། ། མི་སྡུག་སྟོན་པའི་སྦལ་བ་རྒྱ་བོ། ། ཀླུ་བདུད་ནག་པོའི་ཕོ་ཉ་ཡིན་སྐད། ། འདི་ལ་ཞུས་ན་ཐབས་ཤིག་ཡོད་འགྲོ། ། ཁུང་དང་ཤིང་དྲུང་ལོ་མའི་ཁྲོད་ན། ། འཇིགས་གཟུགས་ངོམ་པའི་དུག་སྦྲུལ་ནག་པོ། ། ཆུ་བདག་གདུག་པའི་རང་གཟུགས་ཡོད་སྐད། ། འདི་ལ་སྐྱབས་ན་སྤྲིན་ནག་བཟློག་འགྲོ། ། རི་རྩེ་ས་ཕུག་རང་གི་གནས་ན། ། ཡུན་རིང་བསྒོམས་པའི་འཕྱི་བ་སྒོམ་ཆེན། ། བསམ་གཏན་གྲུབ་པའི་ཏིང་འཛིན་ཡོད་སྐད། ། ཁོང་ལ་ཞུས་ན་ཐུགས་གཏད་གནང་འོང་། ། ཡིད་འོང་ལྗོང་ཤིང་འདབ་མའི་རྩེ་ལ། ། སྙན་སྙན་སྒྲོག་པའི་གཡུ་བྱ་ཁུ་བྱུག ། ཆར་སྤྲིན་འབོད་པའི་སྐད་གཏོང་ཡིད་སྐད། ། འདི་ལ་བརྔན་ན་གསུང་ངག་བསྡམ་འགྲོ། ། བྱང་ཐང་སྤང་ལྗོངས་ཉམས་དགའི་ཐང་ན། ། ཁ་དཀར་རྐྱང་ཆུང་ལྷ་ཡི་བང་ཆེན། ། ཉི་ཟེར་འབོད་པའི་ནོར་བུ་ཡོད་སྐད། ། ཁོང་ལ་ཞུས་ན་མུར་མུར་བཏེག་འགྲོ། ། ངེས་མེད་གནས་དང་རང་གི་ཁུང་ན། ། ཀུན་གསོད་རྔོན་པ་སྡོམ་ནག་ལག་དགུ། ། གདོལ་བ་ནག་པོའི་སྤྲུལ་པ་ཡིན་སྐད། ། འདི་ལ་གཅར་ན་ཐབས་ཚུལ་བྱེད་འགྲོ། ། བར་སྣང་ལམ་ནས་རི་རྩེ་བྲག་སྟོང་། ། འཚེར་སྐད་སྒྲོགས་པའི་འོལ་བ་སྨུག་ཆུང་། ། མཁའ་ལྡིང་རྒྱལ་པོའི་ཕོ་ཉ་ཡིན་སྐད། ། འདི་ལ་གཏད་ན་དྲག་ཤུལ་བྱེད་འགྲོ། ། ཅིས་ཀྱང་མི་བཟློག་རྐྱེན་ངན་མི་སྲིད། ། བཤགས་ཀྱང་མི་འདག་ལས་ངན་མི་སྲིད། ། གཉེན་པོས་མི་ནོན་བར་ཆད་མི་སྲིད། ། བཤགས་ཀྱང་མི་འདག་ལས་ངན་མི་སྲིད། ། གཉེན་པོས་མི་ནོན་བར་ཆད་མི་སྲིད། ། ཟློག་ཐབས་མེད་པའི་བདུད་གཅོད་མི་སྲིད། ། བློ་ཡོད་ཐབས་ཡོད་གསེར་སྦྲང་འདབ་ཡངས། ། གུ་ཡངས་གནས་ན་རང་དབང་ཐེམས་འདུག ། ཅི་དགའ་གང་དྲག་ཐབས་བརྒྱ་འབད་དགོས། ། ཞེས་ཟེར་ནས་བྱ་རོག་གི་དྲུང་དུ་སོང་ནས་དྲིས་པས། འབྱུང་ཁུངས་ཀླུ་ཡིན་འདུལ་བྱེད་ཁྱུང་། ། གཉེན་པོ་རླུང་ཡིན་ཟློག་ཐབས་མང་། ། འཕྲལ་དུ་འཚུབས་ཀྱང་ཕུགས་མི་སྐྱོན། ། ཟེར་སྐད། དེ་བཞིན་ཐམས་ཅད་ཀྱི་དྲུང་དུ་ཕྱིན་པས། ། མཆིལ་བའི་ཚོགས་དཔོན་ན་རེ། འདུས་པའི་བྱིན་རླབས་མེ་དཔུང་འདྲ། ། སྔོན་ལས་ནགས་ཚལ་སྲེག་ནུས་ན། ། འཕྲལ་རྐྱེན་རྩ་སྦུར་སྨོས་ཅི་དགོས། ། འབུལ་བ་ཞབས་ཏོག་གཟབ་དགོས་སོ། ། ཟེར་ནས་ཕེབས་ཏེ་གསུང་སྒྲུབ་བྱེད་སྐད། ། སྦལ་བ་ན་རེ། མི་སྡུག་སྟོན་པའི་སྦལ་བ་ང་།  ། ཀླུ་བདུད་ནག་པོའི་ཕོ་ཉ་ཡིན། ། སྤྲིན་ནག་འབྱུང་ཁུངས་གདོལ་བ་ཀླུ། ། ཁོང་ལ་ཞུས་ན་སེལ་ལོས་ནུས། ། ཟེར་ནས་ལྟ་སྟངས་གནམ་དུ་གཅེར་སྐད། ། སྦྲུལ་ན་རེ། ཆུ་བདག་ཁྲོས་པའི་གདེངས་ཀ་ལས། ། རླངས་པ་སྤྲིན་ནག་སེར་བ་བྱུང་། ། གདེངས་ཀ་གདུག་པ་སྦྲུལ་ལ་དབང་། ། སྤྲིན་ནག་སེལ་ཐབས་ང་ལ་ཡོད། ། ཟེར་ནས་འཁྱིལ་འགྲོས་བྱེད་སྐད། ། འཕྱི་བ་ན་རེ། ངས་ནི་ཡེངས་མེད་ཏིང་འཛིན་བསྒོམ། ། འོན་ཀྱང་གསེར་སྦྲང་ཞལ་ངོ་གཉན། ། མཚམས་ཁུང་ཞབས་བརྟན་ལོས་ཀྱང་སྒྲུབ། ། ནམ་ཕུགས་མི་སྐྱོན་ངེས་པ་ཡིན། ། ཟེར་ནས་མིག་ཟིམ་ཟིམ་བྱེད་སྐད། ཁུ་བྱུག་ན་རེ། ཆར་སྤྲིན་ལྷ་ཡི་བཀའ་སྡོད་ལ། ། བང་ཆེན་ཁུ་བྱུག་སྔོན་མོ་ཡིན། ། བྱོན་བཞུགས་རང་དབང་ཅུང་ཟད་ཡོད། ། གང་དྲན་ཐབས་ཚུལ་ལོས་ཀྱང་བྱེད། ། ཟེར་ནས་ལྡེམ་ལྡེམ་འདུག་སྐད། རྐྱང་ན་རེ། ཕོ་རེང་རྐྱང་ཆུང་འུ་ར་ང་། ། ཡ་མཆུ་ཡིད་བཞིན་ནོར་བུ་ཡིན། ། མཁའ་སྒྲུབ་སེལ་བའི་ཕྱགས་མ་ཡིན། ། ང་ལ་རེ་བ་མ་ནོར་འདུག ། ཟེར་ནས་ཡ་མཆུ་གནམ་དུ་བཏེགས་སོ། ། སྡོམ་ནག་ན་རེ། གདོལ་བ་ཁྲོས་པའི་ཁ་རླངས་དེ། ། སེལ་བྱེད་གཞན་གྱིས་སེལ་མི་ནུས། ། འབུ་སྦྲང་མང་པོའི་ཤ་ཚོགས་ན། ། ཡས་མཆོད་གདོན་བཀྲོལ་ང་ཡིས་བྱེད། ། ཟེར་ནས་མདོས་ཐག་མང་པོ་བྲན་སྐད་དོ། ། འོལ་བ་ན་རེ། ཀླུ་འདུལ་ཁྱུང་ཆེན་ང་རང་ཡིན། ། སྦྲུལ་བཟའ་སྦལ་འཆའ་ཀླུ་ནོར་གཞོམ། ། སྡེར་མོའི་ནུས་པ་གནམ་ལྕགས་འདྲ། ། དྲག་ཤུལ་སྒོ་ནས་རྡུལ་དུ་བརླག ། ཟེར་ནས་ནམ་མཁའ་ལ་བཤུར་ཞིང་བཤུད་སྐད་འདེབས་སྐད་དོ། །

དེར་འདབ་ཡངས་ནས་ཀྱང་ཡོངས་ལ་གྲགས་པའི་སྲོག་ཆགས་ཆེ་རྒུ་དེ་དག་ནི་གསུང་ཚུལ་ལ་བལྟས་ན་ནམ་ཕུགས་སྤྲིན་ནག་དེངས་ནས་ངག་སྙན་ཡང་ཐར་པ་ཞིག་འོང་བ་ཡིན་ནམ་སྙམ་ནས་བློ་བག་ཕག་སྟེ་ཅུང་ཞིག་གནས་པའི་ཚེ། ནམ་མཁའ་ལ་སྤྲིན་ནག་ལྷོག་ལྷོག་ཁོལ་ཞིང་ཕྱོགས་ཐམས་ཅད་ཀྱང་ངམ་ནག་འཁོར་འཁོར་བྱེད་ལ། ལྷོ་ཕྱོགས་ནས་འབྲུག་སྒྲ་ལྡི་རི་རི་བྱེད་པ་དང་ཆབས་ཅིག་རླུང་དྲག་པོ་འུ་རུ་རུ་གཡོ་བ་དང་མཉམ་དུ་པདྨའི་འདབ་མ་རྣམས་ཀྱང་ལྷག་པར་ཡང་བཅུམ་ཞིང་སྡུད་དུ་བྱུང་བས་ངག་སྙན་ཡང་པདྨའི་སྦུབས་སུ་འཐུམས་ནས་རྐང་ལག་རྣམས་བརྐྱང་བསྐུམ་མི་ནུས་ཤིང་། དབུགས་ཀྱང་འཚུབས་ཏེ་སྐད་འདོན་དཀའ་བར་གྱུར་ནས་སྐད་གདངས་དམའ་བས་འདི་སྐད་དུ། ཀྱེ་མ་འདབ་ཡངས་ལྷ་ཡི་སྲས། ། མེ་ཏག་འདབ་རྒྱ་བཅུམ་ཞིང་བྱུང་། ། གེ་སར་གདུག་རྩུབ་ཚེར་ལྟར་ལྟར། ། འདབ་མའི་སུལ་མང་རྡོ་ལྟར་སྲ། ། འཐུམས་པས་རྐང་ལག་བརྐྱང་བསྐུམ་དཀའ། ། འཚུབ་པས་དབུགས་ཀྱི་འབྱིན་སྡུད་དཀའ། ། འཚངས་པས་གཏམ་གྱི་བརྗོད་པ་དཀའ། ། ད་ནི་མི་ཐར་ཐག་གིས་ཆོད། ། ཕྱོགས་ནས་འབྲུག་སྒྲ་ལྡི་རི་རི། ། གློ་བུར་རླུང་པོ་འུ་རུ་རུ། ། པད་སྦུབས་འཕྱོ་ཞིང་ལྡིང་ལུགས་ཀྱིས། ། རྫིང་བུ་འཕྱོ་ཞིང་གཡོ་བ་འདྲ། ། སྤྲིན་ནག་སེར་བ་འོང་ཐག་ཆོད། ། སྐྱིན་ཐང་དྲག་ཤུལ་བྱུང་བ་ན། ། སྐྱེས་པའི་རྩྭ་ལྗང་སྙོལ་ཞིང་འགྲོ། ། འགྲེང་བའི་རྐང་སྦུབས་གཅོག་ཅིང་འགྲོ། ། བཀོད་པའི་ཡལ་འདབ་གཅོད་ཅིང་འགྲོ། ། སྨིན་པའི་འབྲས་བུ་གཏོར་ཞིང་འགྲོ། ། རྒྱས་པའི་མེ་ཏོག་བརླག་ཅིང་འགྲོ། ། གནམ་ས་ཐོག་འོག་བསྒྱུར་ལ་ཁད། ། སྲ་མོའི་བྲག་ཀྱང་བཤིག་ལ་ཁད། ། མཐོན་པོའི་ཤིང་ཡང་བཅོམ་ལ་ཁད། ། དྲག་ཤུལ་གནམ་ལྕགས་འབེབས་ཤིང་འོང་། ། ད་ནི་ཁྱེད་ཀྱང་འབྲོས་ན་འཐད། ། ངག་སྙན་མི་ཐར་ཐག་གིས་ཆོད། ། ཤི་གསོན་བྱེ་བའི་གཏམ་གཞུག་ལ། ། སྨྲ་མང་མི་འཐད་མདོ་དོན་འདྲིལ། ། སྔོན་ཆད་དྲང་སྲོང་ཆེན་པོའི་གསུང་། ། ད་རེས་སེམས་ལ་ལྷག་པར་གཅགས། ། སྡུག་བསྔལ་འཁོར་བའི་གནས་ཚུལ་གཏམ། ། ད་རེས་ལྷག་པར་རང་ངོ་འཕྲོད། ། ཐམས་ཅད་རྟག་པ་མེད་པའི་གསུང་། ། དེ་རེས་ལྷག་པར་མངོན་དུ་གྱུར། ། འདུས་ཚད་ངེས་པར་འབྲལ་བ་ལས། ། ཁྱེད་ཀྱང་ཐུགས་གཅོང་བྱས་གཞན་འདྲ། །ངས་ཀྱང་མི་འགྱོད་སྙིང་རུས་བྱེད། ། སྔར་གཏམ་དར་གྱི་མདུད་པ་དེ། ། ད་དུང་མ་གྲོལ་དམ་ལགས་སམ། ། ཞེ་འདོད་རྡོ་ཡི་རི་མོ་དེ། ། ད་དུང་མ་ཟུམ་བཀྲ་ལགས་སམ། ། དམ་བཅའ་སྙིང་གི་ཕུར་བ་དེ། ། ད་དུང་མི་བུད་བརྟན་ལགས་སམ། ། སྡུག་བསྔལ་འཁོར་བའི་སྣང་ཚུལ་ལ། ། སྐྱོ་བ་གཏིང་ནས་སྐྱེས་ལགས་སམ། ། འཆི་བདག་ནམ་འོང་མེད་པ་ལ། ། ངེས་ཤེས་ཐུགས་ཐག་ཆོད་ལགས་སམ། ། འདོད་ལྔ་ཡུལ་གྱི་བསླུ་བྲིད་ལ། ། ཞེན་པ་གཏིང་ནས་ལོག་ལགས་སམ། ། འདུས་ཚད་ངེས་པར་འབྲལ་བ་ལ། ། ཡིད་ཆེས་བརྟན་པ་ཐོབ་ལགས་སམ། ། དམ་པའི་རྗེ་དང་མཇལ་ན་ཡང་། ། སྒྲོ་འདོགས་མ་ཆོད་ང་རེ་འགྱོད། ། དམ་ཆོས་ལེགས་གསུང་ཐོས་ན་ཡང་། ། ཉམས་སུ་མ་ལོན་ང་རེ་འགྱོད། ། དལ་འབྱོར་མི་ལུས་ཐོབ་ན་ཡང་། ། སྙིང་པོ་མ་ལོན་ང་རེ་འགྱོད། ། མི་རྟག་འཆི་བ་ཤེས་ན་ཡང་། ། འཆི་ཆོས་མ་འགྲུབ་ང་རེ་འགྱོད། ། འཁོར་བའི་སྡུག་བསྔལ་གསུངས་ན་ཡང་། ། སྐྱོ་ཤས་མ་སྐྱེས་ང་རེ་འགྱོད། ། ད་ནི་འཆི་བ་གློ་བུར་སླེབ། ། འཆི་བདག་ཁྲོ་གཉེར་མུན་ལྟར་གནག ། སྡང་མིག་གཡོ་ཚེ་ང་རེ་འཇིགས། ། འཇིགས་རུང་མུན་པས་མདུན་ནས་བསུ། ། རང་ལམ་མི་མཐོང་ང་རེ་འཇིགས། ། ལས་ཀྱི་རླུང་དམ་རྒྱབ་ནས་དེད། ། རང་དབང་མི་ཐོབ་ང་རེ་འཇིགས། ། སོད་སོད་རྒྱོབ་རྒྱོབ་འབྲུག་ལྟར་བསྒྲོགས། ། འཁྱལ་སྣང་ཤར་ཚེ་ང་རེ་འཇིགས། ། གཤིན་རྗེའི་ལས་མཁན་ཨམ་གཙིགས་བསྡམས། ། དྲག་ཤུལ་བྱེད་ཚེ་ང་རེ་འཇིགས། ། འཆི་བདག་ཞགས་པས་སྐེ་ལ་ཐེབས། ། དབང་མེད་ཁྲིད་ཚེ་ང་རེ་འཇིགས། ། ཕྱི་མའི་ཡུལ་དུ་སྐྱས་ཆེན་འདེགས43། ། གྲོགས་མེད་གཅིག་པུ་ང་རེ་འཇིགས། ། རྒྱུས་མེད་ཡུལ་དུ་མི་ལྡོག་འཁྱམས། ། གར་འགྲོ་མི་ཤེས་ང་རེ་འཇིགས། ། རིགས་དྲུག་འཁྲུལ་སྣང་སྐར་ལྟར་བཀྲ། ། སྐྱབས་མེད་མགོན་མེད་ང་རེ་འཇིགས། ། ཆོས་ལ་བྱེད་བློ་ཡོད་ན་ཡང་། ། འཕྲལ་དུ་མ་འགྲུབ་ང་དང་འདྲ། ། སྙིང་ནས་བརྩེ་བའི་སྦྲང་ཆུང་ཁྱེད། ། དོན་འདི་དགོངས་ལ་ལྷ་ཆོས་རེམས། ། མ་འགྱངས་དམ་པའི་ཆོས་ལ་ཕེབས། ། མ་གཡེངས་སྒྲུབ་ལ་བློ་ཐག་ཆོད། ། མ་བཤོལ་སྙིང་རུས་བློ་སྣ་ཟུངས། ། མ་འགྱངས་ལ་འུར་བརྩོན་པ་སྐྱེད། ། གལ་ལ་ཐུག་ཀྱང་ཆོས་མ་འདོར། ། སྲོག་ལ་བབས་ཀྱང་དམ་བཅའ་ཟུངས། ། འདི་སྣང་ཁ་ཏ་བདུད་ཀྱི་ཚིག ། ཐུགས་ལ་མ་བཞག་ཁྲེལ་གྱིས་ཐོབ། ། རྣམ་གཡེང་ལེ་ལོ་བསླུ་བའི་རྒྱུ། ། དེ་ལ་མ་ཞེན་དུག་ལྟར་སྤོངས། ། ཚེ་དང་སྒྲུབ་པ་མཉམ་པ་ཞིག ། མི་ཚེ་ཆོས་ལ་འབྲེལ་བ་ཞིག ། དམ་ཆོས་མཐའ་རུ་ཕྱིན་པ་ཞིག ། ཁྱེད་ཀྱང་བཙན་ས་ཟིན་པ་ཞིག ། ང་ཡང་ཐར་ལམ་ཐོབ་པ་ཞིག ། མཐར་ཐུག་བདེ་ཆེན་ཞིང་ཁམས་སུ། ། ཤི་གསོན་དངོས་མཇལ་འོང་བ་ཞིག ། ཨེ་མཛད་མི་མཛད་ཁྱེད་རང་ཤེས། ། རེ་བ་ཕྱི་མའི་ཡུལ་ནས་བྱེད། ། ཤི་མིག་དུར་ཁུང་ནང་ནས་བལྟ། ། ཁ་ཆེམས་ཚིག་གསུམ་དེ་ལས་མེད། ། དོན་དེ་སྙིང་གྲོགས་ཐུགས་ལ་ཆོངས། ། ད་ནི་བཙན་པོའི་རྫོང་ལ་བྱོན། ། ང་རང་ཤི་ཡུལ་འགྲོ་ན་ཡང་། ། རྗེས་ལ་ཁྱོད་ཡོད་སེམས་ལ་ཕན། ། ལྷ་ཆོས་འགྲུབ་ན་གཉིས་ཀར་ཕན། ། སྐྱིན་ཐང་སེར་བ་མ་སླེབས་གོང་། ། ལ་འུར་གབ་ས་བཙལ་ན་དགའ། ། སྐུ་ཁམས་བདེ་བའི་སྨོན་ལམ་འདེབས། ། ཡུན་དུ་བཞུགས་པའི་སྨོན་ལམ་འདེབས། ། ལྷ་ཆོས་འགྲུབ་པའི་སྨོན་ལམ་འདེབས། ། ཐུགས་བཞེད་མཐར་ཕྱིན་སྨོན་ལམ་འདེབས། ། ད་ནི་སྐུ་ཁམས་ཅི་བདེར་བཞུགས། ། ཟེར་ནས་དབུགས་འཐུམ་འཐུམ་འདུག་གོ། །

དེར་འདབ་ཡངས་ཀྱང་སྙིང་ལ་སྡུག་བསྔལ་གྱི་ཚེར་མ་དབལ་ཚ་བ་གློ་བུར་དུ་སླེབས་ཤིང་མྱ་ངན་གྱིས་གདུངས་ནས་གཏམ་ལན་གཞལ་མ་ནུས་པས་ཨ་ཁ་ཁ་ཟེར་ཞིང་འདུག་པ་ན། རླུང་དམར་གྱི་གསེབ་ནས་སེར་བ་ཐ་ར་ར་འབེབས་ཤིང་། སྟེང་གི་ནམ་མཁའ་ནས་འབྲུག་སྒྲ་དྲག་པོ་འུ་རུ་རུ་སྒྲོགས་ཏེ། གློག་དམར་གྱི་ཞགས་པ་བར་སྣང་ལ་འཚུབ་འཚུབ་འཁྱུགས་ཤིང་བྱུང་བས། འདབ་ཡངས་ཀྱང་ཅི་བྱ་གཏོལ་མེད་པར་གྱུར་ནས་གད་ཁུང་ཞིག་ཏུ་འཛུལ་ནས་ཀྱི་ཧུད་ཀྱི་ཧུད་ཅེས་སྨྲ་ཞིང་འདུག་གོ། །

དེ་ནས་སེར་བ་དྲག་ཏུ་བབས་ཏེ་ཤྭ་འོད་དང་རྦབ་རྒོད་ཀྱིས་རི་ལུང་ཁེངས་ཤིང་། གནམ་ལྕགས་ཀྱི་ཚག་སྒྲས་གནམ་ས་འགེངས་པ་ལྟར་བྱེད། ཆུ་ཀླུང་ཐམས་ཅད་རྦ་རླབས་འཕྱོ་ཞིང་གནམ་དུ་འཕྱུར་བ་སྙམ་བྱེད། རི་ཐམས་ཅད་ནི་གྲོག་མོར་བཏང་། ཐང་ཐམས་ཅད་ནི་གྲམ་པར་བརྡལ། མཚོ་ཐམས་ཅད་ནི་ཁྲག་ཏུ་ཁོལ། རྩྭ་ལྡུམ་དང་མེ་ཏོག་ཐམས་ཅད་ཀྱང་ཆེ་བ་རྣམས་བསྙིལ། ཆུང་བ་རྣམས་བརྡལ། རིང་བ་རྣམས་བཅག ཐུང་བ་རྣམས་མནན། ཕྲ་མོ་རྣམས་རྗེས་ཤུལ་ཙམ་ཡང་མེད་པར་བྱས་ནས་འདུག་གོ། ། དེའི་རྗེས་སུ་སྤྲིན་ནག་རྣམས་དྭངས་ནས་ཉི་མ་གསལ་བོ་ཞིག་ཚོར་བྱུང་བས་འདབ་ཡངས་ལངས་ཏེ་པད་མའི་ཚལ་དུ་ཕྱིན་པས། སྤང་དང་འདམ་ལ་སྐྱེས་པའི་མེ་ཏོག་ཐམས་ཅད་ནི་ཆེ་བ་རྣམས་ཐང་མར་བརྡལ་ནས་བསྙེལ་འདུག ཆུང་བ་རྣམས་ནི་ཤུལ་རྗེས་ཙམ་ཡང་མི་མངོན་པར་སོང་འདུག ཆུ་ན་གནས་པའི་པདྨ་ཐམས་ཅད་ནི་སེར་བ་འབབ་པའི་ཚེ་ཆུ་གཏིང་དུ་བྱིངས་ནས། སླར་སེར་བ་དྭངས་ཚེ་ཆུ་ཁར་གཡེངས་ཤིང་འདབ་མ་ཡང་ཁ་ཕྱེ་སྟེ་འདུག་པ་ལ་བུང་བ་འགའ་ཞིག་འཕུར་ལྡིང་གིས་རྩེ་ཞིང་ཉམས་དགའ་ལྟར་འདུག ངག་སྙན་གནས་པའི་མེ་ཏོག་ཀྱང་སེར་བས་མ་བཅོམ་པར་འདུག་རུང་མེ་ཏོག་ཆུ་གཏིང་དུ་བྱིངས་པས་ངག་སྙན་སྦུབས་སུ་འཐུམས་ནས་ཤི་སྟེ་རོ་ཡང་གུམ་གུམ་པོར་བྱས་ནས་གེ་སར་ལ་འབྱར་འདུག དེར་འདབ་ཡངས་ཤིན་ཏུ་མྱ་ངན་གྱིས་ནོན་ནས་སྙིང་ཁར་འཚངས་ཤིང་མིག་མཆི་མས་གང་ནས་འདུག་སྟེ། ཉི་འོད་གསལ་བ་དང་པད་འདབ་ཕྱེ་བ། བུང་བ་གཞན་གྱི་རྩེ་དགའི་རྣམ་འགྱུར་སོགས་སྔར་སེམས་ལ་དགའ་བ་བསྐྱེད་པ་ཐམས་ཅད་ཀྱང་སྡུག་བསྔལ་གྱི་ནོན་པར་གྱུར་ནས་ཤིན་ཏུ་ཉམ་ཐག་པའི་སྐད་ཀྱིས་སྨྲེ་སྔགས་འདོན་པ། ཀྱི་ཧུད་ཀྱི་ཧུད་ཀྱི་ཧུད། ། རེ་སྡུག་རེ་སྡུག་རེ་སྡུག ། སྡུག་བསྔལ་འཁོར་བའི་གནས་ཚུལ། ། སྡུག་བསྔལ་འདི་ལ་ལྟོས་དང་། ། མི་རྟག་སྒྱུ་མའི་གྲོང་ཁྱེར། ། ཞིག་ཤུལ་འདི་ལ་ལྟོས་དང་། ། མི་རྟག་འཁྲུལ་བའི་གནས་ཁང་། ། འགྱེལ་ཚུལ་འདི་ལ་ལྟོས་དང་། ། སྔར་ཞིག་བཀོད་པའི་མེ་ཏོག ། ད་ལྟ་འདབ་རྒྱ་ཉམས་འདུག ། སྔར་ཞིག་སྐྱེས་པའི་ལོ་མ། ། ད་ལྟ་གཅལ་དུ་བཀྲམ་འདུག ། ད་ནངས་བདེ་སྐྱིད་ཡུལ་ལྗོངས། ། ད་ལྟ་ལུས་སེམས་བྲལ་འདུག ། སྔོན་ཆད་བག་ཕེབས་འདབ་ཡངས། ། ད་རེས་རེ་ཐག་ཆད་འདུག ། སྔོན་ཆད་ཉམས་དགའ་འདོད་ཡོན། ། ད་ལྟ་སྡུག་བསྔལ་རྒྱུར་འདུག ། ད་ནངས་མཛེས་པའི་རྐང་དྲུག ། ད་ལྟ་རོ་རུ་གྱུར་འདུག ། སྣང་ཚུལ་འདི་ལ་བསམས་པས། ། སྐྱོ་སྐྱོ་སེམས་པ་སྐྱོའོ། ། རྨོངས་རྨོངས་བློ་སེམས་རྨོངས་སོ། ། འཁྲུག་འཁྲུག་སེམས་པ་འཁྲུག་གོ། ། འདར་འདར་ལུས་སེམས་འདར་རོ། ། གློ་བུར་འཆི་བདག་བདུད་པོས། ། སྔོན་མ་ཁོང་ལ་སླེབས་སོང་། ། ངེད་ལ་ནམ་ཙམ་སླེབ་འོང་། ། མཁྱེན་ནོ་བླ་མ་མཁྱེན་ནོ། ། སྡུག་གོ་འདབ་ཡངས་སྡུག་གོ། ། བློ་སྣ་ཆོས་ལ་འགྱུར་བར། ། བླ་མས་བྱིན་གྱིས་རློབས་ཤིག ། ཅེས་སོགས་སྨྲེ་སྔགས་དུ་མ་འདོན་ཅིང་ཡིད་ལྷག་པར་སྐྱོ་ནས་དེར་སྡོད་མ་ཚུགས་པས་རྩེ་མཐོ་པདྨའི་རི་བོའི་ངོས་སུ་ཕྱིན་ཏེ། བྲམ་ཟེའི་ཁྱེའུ་པདྨ་དགྱེས་པའི་གནས་དང་ཉེ་བ་གཡུ་ཤུག་ཟིལ་བ་མཐའ་ཡས་པའི་ལོ་མའི་དྲུང་ནས་འཕུར་ལྡིང་བྱེད་ཅིང་སྐྱོ་ཤས་ཀྱི་གླུ་བླངས་པ། ཀྱེ་མ་ཉམས་དགའ་མེ་ཏོག་གི་སྐྱེད་ཚལ། ། ཉམས་ལ་མི་དགའ་སྡུག་བསྔལ་གྱི་གྲོང་ཁྱེར། ། ཡིད་འོང་འདོད་ཡོན་ཡུལ་ལྔ་ཡི་ལོངས་སྤྱོད། ། ཡིད་དུ་མི་འོང་འདུ་བྱེད་ཀྱི་སྡུག་བསྔལ། ། སྙིང་སྡུག་ཡིད་འཕྲོག་ཚེ་གང་གི་གཏན་གྲོགས། ། སྙིང་ལ་མི་སྡུག་རོ་རུལ་དུ་གྱུར་འདུག ། མཁྱེན་ནོ་མཁྱེན་ནོ་དཀོན་མཆོག་གསུམ་མཁྱེན་ནོ། ། དྲན་ནོ་དྲན་ནོ་ལྷ་ཆོས་རང་དྲན་ནོ། ། ལ་འུར་ལ་འུར་ཆོས་ལམ་ལ་ཞུགས་འགྲོ། ། བརྩེགས་ཚད་འགྱེལ་ན་གནས་ཁང་གིས་ཅི་བྱེད། ། བསགས་ཚད་འཛད་ན་ནོར་རྫས་ཀྱིས་ཅི་བྱེད། ། འདུས་ཚད་འབྲལ་ན་གཉེན་འདུན་གྱིས་ཅི་བྱེད། ། མཐོ་ཚད་ལྷུང་ན་ཐོབ་ཐང་གིས་ཅི་བྱེད། ། སྐྱེས་ཚད་འཆི་ན་འདི་སྣང་གིས་ཅི་བྱེད། ། ལས་ཀྱིས་འབྲེལ་བའི་བརྩེ་གདུང་གི་ཟླ་གྲོགས། ། བར་དོའི་ཡུལ་ན་ད་ལྟ་ཙམ་སླེབ་ཡོད། ། ཤི་ན་རེ་ས་ལྷ་ཆོས་ལས་མི་འདུག ། ཕན་པའི་ལྷ་ཆོས་རང་བྱས་ཤིག་མེད་ན། ། འབྱོར་ཀྱང་ནོར་གྱིས་ཉོ་རྒྱུ་ནི་མི་འདུག ། མང་ཡང་དཔུང་གིས་འཕྲོག་རྒྱུ་ནི་མི་འདུག ། མཐུན་ཡང་གྲོགས་ལ་བསླུ་རྒྱུ་ནི་མི་འདུག ། ལས་དཀར་རྫོངས་ལ་བསྐུར་རྒྱུ་ནི་མི་འདུག ། གཤིན་རྗེའི་ཁྲིམས་ལ་ཕྱི་བཞག་ནི་མི་འོང་། ། མ་བསྒྲུབས་བཞག་པའི་ཐོས་པ་དེས་མི་ཕན། ། མ་རྨོས་བཞག་པའི་ས་ཞིང་དེས་མི་ཕན། ། མ་ཞོན་བཞག་པའི་རྟ་ཕོ་དེས་མི་ཕན། ། ད་ནི་ཅིས་ཀྱང་དགོས་མེད་ཅིག་དྲན་པས། ། མི་ཚེའི་ལྷག་མ་ལྷ་ཆོས་ལ་དྲིལ་གཏོང་། ། དགྲ་ཡང་མི་བསམ་འདུལ་ཐབས་ནི་མི་བྱེད། ། གཉེན་ཡང་མི་བསམ་སྐྱོང་བྲན་ནི་མི་འགྲུབ། ། ནོར་ཡང་མི་བསམ་གསོག་འཇོག་ནི་མི་ཁོམ། ། དཔོན་ཡང་མི་བསམ་ངོ་སྲུང་ནི་མི་འཛེམ། ། གྲོགས་ཀྱང་མི་བསམ་བརྩེ་གདུང་ནི་མི་མོས། ། གོས་ཀྱང་མི་བསམ་དྲོ་འཇམ་ནི་མི་འབྱོར། ། ཟས་ཀྱང་མི་བསམ་ཞིམ་མངར་ནི་མི་རྙེད། ། གནས་ཀྱང་མི་བསམ་མཁར་ཁང་ནི་མི་འཛིན། ། ཚེ་འདི་མི་བསམ་འདི་སྣང་འདི་བདུད་རེད། ། ཅིར་ཡང་མི་བསམ་འཁྲུལ་སྣང་འདི་དགྲ་རེད། ། རྟོགས་མེད་ངང་ལ་བག་ཡངས་སུ་གནས་ཤིང་། ། བསམ་མེད་ངང་དུ་མཉམ་གཞག་རང་ལྷོད་དེ། ། སྒོམ་མེད་ངང་ནས་ཆོས་སྐུ་དང་མཇལ་བའི། ། རི་སུལ་ཉལ་བའི་རྟོགས་ལྡན་དེ་སྐྱིད་དོ། ། འཁྲུལ་སྣང་ཞིག་པས་རྣམ་རྟོག་ནི་མི་མང་། ། སྤང་བླང་ཞིག་པས་བཅོས་མ་ནི་མི་བྱེད། ། རེ་དོགས་ཞིག་པས་ཞེ་འདོད་དང་བྲལ་བའི། ། འཁྲུལ་བ་ཞིག་པའི་ཞིག་པོ་དེ་སྐྱིད་དོ། ། སེམས་ཉིད་མ་བཅོས་ཐ་མལ་གྱི་ཤེས་པ། ། རལ་བ་མ་བཅོས་ལྕང་ལོ་ཡི་ཟར་བུ། ། སྤྱོད་ལམ་མ་བཅོས་གཏད་མེད་དུ་བྱུང་རྒྱལ། ། བཅོས་མ་སྤངས་པའི་རྣལ་འབྱོར་དེ་སྐྱིད་དོ། ། གཏུམ་མོ་སྦར་བས44གཅེར་བུ་རུ་བག་ཡངས། ། ཏིང་འཛིན་འབྱོངས་པས་ཟས་མེད་དུ་ཉམས་དགའ། ། རང་རིགས་རྟོགས་པས་གཅེར་བུ་རུ་ལྷོད་ཆགས། ། ལམ་རྟགས་འབྱོངས་པའི་གྲུབ་ཐོབ་དེ་སྐྱིད་དོ། ། སྙིང་རུས་ཆེ་བས་དཀའ་ཐུབ་ལ་སེམས་སྤྲོ། ། དམ་བཅའ་ཐུབ་པས་གཅིག་པུ་རུ་སྡོད་ཚུགས། ། ཆ་དང་རྡེའུའི་བཟའ་བཏུང་གིས་འཚོ་བའི། ། བརྟུལ་ཞུགས་གྲུབ་པའི་དྲང་སྲོང་དེ་སྐྱིད་དོ། ། གང་ཡང་སྐྱིད་དོ་ཆོས་བཞིན་དུ་སྤྱོད་ཚད། ། སུ་ཡང་སྡུག་གོ་འཁོར་བ་ཡི་གྲོང་ཁྱེར། ། གཏན་དུ་འཚེང་ངོ་དཀོན་མཆོག་ལ་བསྟེན་ཚད། ། ནམ་ཡང་ཕུང་ངོ་ཁེ་གྲགས་ལ་རེ་ཚད། ། གོང་གི་དཔོན་ལ་འཇའ་འཇལ་ནི་འཇལ་ཡོད། ། འཇལ་ཚོད་མི་འདུག་གང་དགའ་རུ་སྐྱུར་ཐོངས། ། འོག་ཏུ་གཡོག་ལ་བྱིན་བྱིན་ནི་བྱིན་ཡོད། ། སྦྱིན་ཚོད་མི་འདུག་གང་དགའ་རུ་སྐྱུར་ཐོངས། ། བར་གྱི་གཉེན་ལ་བསྐྱངས་བསྐྱངས་ནི་བསྐྱངས་ཡོད། ། བསྐྱང་ཚོད་མི་འདུག་གང་དགའ་རུ་སྐྱུར་ཐོངས། ། སྡང་བའི་དགྲ་ལ་འཐབ་འཐབ་ནི་འཐབ་ཡོད། ། འཐབ་ཚོད་མི་འདུག་གང་དགའ་རུ་སྐྱུར་ཐོངས། ། རྨོས་པའི་ཞིང་ལ་བཏབ་བཏབ་ནི་བཏབ་ཡོད། ། འདེབས་ཚོད་མི་འདུག་ཐ་རྒོད་དུ་སྐྱུར་ཐོངས། ། བརྩིགས་པའི་མཁར་དུ་བསྡད་བསྡད་ནི་བསྡད་ཡོད། ། འདུག་ཚོད་མི་འདུག་དབེན་རི་ལ་ཆས་འགྲོ། ། བཟའ་བའི་ཟས་ལ་ཟོས་ཟོས་ནི་ཟོས་ཡོད། ། ཟ་ཚོད་མི་འདུག་དཀའ་ཐུབ་ལ་བསྟེན་འགྲོ། ། བགོ་བའི་གོས་ལ་གྱོན་གྱོན་ནི་གྱོན་ཡོད། ། གྱོན་ཚོད་མི་འདུག་གཅེར་བུ་རུ་འཕྱོངས་འགྲོ། ། ད་བྱེད་ད་བྱེད་ལྷ་ཆོས་རང་བྱེད་དོ། ། ད་སྒྲུབ་ད་སྒྲུབ་འཆི་ཆོས་ཤིག་སྒྲུབ་བོ། ། དམ་བཅའ་ཡིན་ནོ་ལྷ་རྣམས་ཀྱིས་དགོངས་མཛོད། ། ཁས་ལེན་ཡིན་ནོ་རང་སེམས་འདི་དཔང་ངོ་། ། ཞེས་ཟེར་བར་པདྨ་དགྱེས་པའི་བསམ་པ་ལ། གསེར་སྦྲང་འདབ་ཡངས་འདི་སྔོན་ནས་ཆོས་ལ་དཀར་ཞིང་བྱ་བ་གང་ཡང་ཚུགས་ཐུབ་ཅིང་གཞུང་བཟང་བ་ཞིག་ཡིན་མོད་ཀྱི། ད་རེས་རྐྱེན་གྱིས་བསྒྱུར་པའི་ངེས་འབྱུང45གློ་བུར་བ་ལ་ནམ་ཕུགས་རང་མེད་ལས་ཆེ་ཡང་བརྟག་དཔྱད་ཅིག་བྱེད་དགོས་སྙམ་ནས་འདི་སྐད་དུ། ཀྱེ་ལགས་གསེར་སྦྲང་འདབ་ཡངས་སྙིང་གི་གྲོགས། ། གཅིག་པུར་སྐྱོ་གླུ་ལེན་པ་ཇི་ལྟར་ལགས། ། ད་རེས་ལས་ཀྱིས་བསྐོས་པའི་གཏན་གྲོགས་ལ། ། གློ་བུར་འཆི་བདག་ཞགས་པས་བཏབ་ན་ཡང་། ། ཐུགས་ངལ་མ་མཛད་སྙིང་ལ་རུས་པ་སྐྱེད། ། ལྷ་ཆོས་གཞི་མ་མི་ཆོས་ཕུན་སུམ་ཚོགས། ། མི་ཆོས་ཟེར་བ་འཁོར་བའི་བདེ་སྐྱིད་ཡིན། ། བདེ་སྐྱིད་མི་འདོད་ཆོས་ཀྱིས་ཅི་ཞིག་བྱ། ། ཆོས་ལྷུར་ལེན་ལ་བདེ་སྐྱིད་འདོད་པ་ཡིན། ། གྲོགས་གཅིག་ཤི་ཡང་གྲོགས་ཀྱིས་ག་ལ་ཕོངས། ། ཤི་བས་ཐབས་ཆག་འཁོར་བའི་དཔེ་ལ་མེད། ། སྐྱིད་སྡུག་རེས་མོས་འཁོར་བའི་གནས་ཚུལ་ཡིན། ། སྐྱིད་དམ་སྙམ་པ་ད་དུང་བརྒྱ་རེ་འོང་། ། གློ་བུར་ངེས་འབྱུང་རཱ་ཛའི་ཆོ་འཕྲུལ46ཡིན། ། དེ་ལ་སྙིང་པོ་མེད་པ་མ་དགོངས་སམ། ། འཕྲལ་སྣང་དད་པ་བློ་ཡི་འགྱུར་བག་ཡིན། ། དེ་ལ་ནམ་ཕུགས་མེད་པ་མ་དགོངས་སམ། ། ཐོ་ཅོའི་གཏོང་ཕོད་ཨ་ལ་ཧ་སུད་ཡིན། ། དེ་ལ་འབྲས་བུ་མེད་པར་མ་དགོངས་སམ། ། རྐྱེན་ངན་གློ་རྡེག་འཕྲལ་སྣང་སྐད་ཅིག་ཡིན། ། དེ་ལ་ཕུང་འཚེངས་མེད་པ་མ་དགོངས་སམ། ། ལུགས་གཉིས་ཟུང་འབྲེལ་མཁས་པའི་བསྒྲུབ་བྱ་ཡིན། ། དེ་ལ་ཐར་ལམ་ཡོད་པ་མ་དགོངས་སམ། ། འདོད་ཡོན་ལམ་ཁྱེར47གསང་སྔགས་ཐབས་མཁས་ཡིན། ། དེ་ལ་ཉེ་ལམ་ཡོད་པ་མ་དགོངས་སམ། ། རྒྱལ་པོའི་ས་འཛིན་རྒྱལ་སྲས་སྤྱོད་པ་ཡིན། ། དེ་ལ་འགྲོ་དོན་ཡོད་པ་མ་དགོངས་སམ། ། ནོར་རྫས་བསགས་པ་ཅན་ལ་སྦྱིན་གཏོང་ཡོད། ། དེ་ལ་ཕྱིན་དྲུག་ཚང་བ་མ་དགོངས་སམ། ། ཞེ་གཅད་མེད་པའི་དམ་བཅའ་མང་བ་དེ། ། མཐར་ཐུག་འགལ་བ་མང་བའི་རྒྱུར་ཤེས་དགོས། ། སྙིང་རུས་མེད་པའི་དཀའ་ཐུབ་བྱེད་པ་དེ། ། མཐར་ཐུགས་ལོག་ལྟ48སྐྱེ་བའི་རྒྱུ་ཡིན་གཟབ། ། ནམ་ཕུགས་མེད་པའི་ཞེན་ལོག་ངེས་འབྱུང་དེ། ། མཐར་ཐུག་རང་ཆུས་ཤོར་བའི་རྒྱུ་ཡིན་གཟབ། ། ཏིང་འཛིན་མ་སྐྱེས་དབེན་རི་འཛིན་པ་དེ། ། མཐར་ཐུག་སུན་པ་སྐྱེ་བའི་རྒྱུ་ཡིན་གཟབ། ། ལྟ་བ་མ་རྟོགས་གཉན་ས་འགྲིམ་པ་དེ། ། མཐར་ཐུག་ལྷ་འདྲེས་བརླམ་པའི་རྒྱུ་ཡིན་གཟབ། ། གྲུབ་པ་མ་ཐོབ་བརྟུལ་ཞུགས་སྤྱོད་པ49དེ། ། མཐར་ཐུག་དམྱལ་བར་སྐྱེ་བའི་རྒྱུ་ཡིན་གཟབ། ། རང་རྒྱུད་མ་འགྱུར་ཆ་ལུགས་བསྒྱུར་པ་དེ། ། མཐར་ཐུག་གཞན་གྱིས་ཁྲེལ་བའི་རྒྱུ་ཡིན་གཟབ། ། བརྟག་དཔྱད་མ་བཏང་ཙབ་ཙོབ་བློ་མང་དེ། ། མཐར་ཐུག་འགྱོད་པ་སྐྱེ་བའི་རྒྱུ་ཡིན་གཟབ། ། གཅིག་ཏུ་མ་ངེས་བྱ་སྤྱོད་གྲངས་མང་དེ། ། མཐར་ཐུག་ཐམས་ཅད་སུན་པའི་རྒྱུ་ཡིན་གཟབ། ། མཐོང་ལམ50མ་ཐོབ་མངོན་ཤེས་འཆད་པ་དེ། ། མཐར་ཐུག་རང་གཞན་ཕུང་བའི་རྒྱུ་ཡིན་གཟབ། ། སྙིང་རྗེ་མ་འབྱོངས་འགྲོ་དོན་བྱེད་པ་དེ། ། མཐར་ཐུག་ཞེན་པ་སྐྱེ་བའི་རྒྱུ་ཡིན་གཟབ། ། སྟབས་གཟབ་རྟོག་དཔྱོད་ཞིབ་ཏུ་མ་བཏང་བར། ། སེམས་ལ་དྲན་ཚུད་ཁ་རུ་འདོན་མི་རུང་། ། ཁ་ཡིས་སྨྲས་ཚད་ལག་ཏུ་ལེན་མི་རུང་། ། འཇུས་ནས་མ་ཤོར་བ་ཞིག་གནད་དུ་ཆེ། ། བཟུང་ནས་མ་བཏང་བ་ཞིག་གནད་དུ་ཆེ། ། བཤད་ནས་མ་རྫུན་པ་ཞིག་གནད་དུ་ཆེ། ། གསེར་སྦྲང་ཐིག་ལེའི་ཐུགས་ལ་དེ་ལྟར་ཞོགས། ། བག་ཡངས་པད་མ་དགྱེས་པའི་སྙིང་གཏམ་ཡིན། ། རང་བློ་ཉམས་མྱོང་ཡིན་གྱི་ཐུགས་མ་ཁྲེལ། ། བརྩེ་བའི་གསང་གཏམ་ཡིན་གྱི་བཀའ་མ་བཀྱོན། ། ཐུགས་བཞག་བརྟག་དཔྱད་མཛོད་དང་བདེན་གཏམ་ཡིན། ། ཟེར་བས་གསེར་སྦྲང་གི་ཡིད་ལ་ཅུད་ཟད་མ་འཐད་ནས་འདི་སྐད་དུ།

ཨེ་མ་དབེན་པའི་ནགས་ཚལ་ན། ། བྲམ་ཟེའི་ཁྱེའུ་ལྷོད་རེ་ཆགས། ། པདྨ་དགྱེས་པ་ཉམས་རེ་དགའ། ། གཅིག་པུར་ལུས་པའི་སྦྲང་ཆུང་ལ། ། སྐྱོ་གྲོགས་བྱེད་པ་འདྲིས་གཞུང་བཟང་། ། སྐྱོ་གླུ་ལེན་པའི་འདབ་ཡངས་ལ། ། གསང་གཏམ་འཆད་པ་ཕྱི་ཐག་རིང་། ། མྱ་ངན་གདུང་བའི་གསེར་སྦྲང་ལ། ། སེམས་གསོ་བྱེད་པ་སྐུ་དྲིན་ཆེ། ། སྡུག་བསྔལ་འཁོར་བའི་གནས་ཚུལ་ལ། ། སྐྱོ་བ་སྐྱེས་པའི་སྦྲང་ཆུང་ང་། ། སྔོན་ནས་དམ་པའི་དྲུང་དུ་བསྡད། ། བློ་རྩེ་དམ་པའི་ཆོས་ལ་གཏད། ། སྒྲུབ་པའི་དམ་བཅའ་སྙིང་ལ་བཅངས། ། གོང་མའི་རྣམ་ཐར་ཡིད་ལ་བཞག ། བྱིས་པའི་བསམ་ཚོད་བྱས་རེ་ཤི། ། བློ་རྩེ་དཀོན་མཆོག་གསུམ་ལ་གཏད། ། དྲིན་ཆེན་བླ་མ་གཙུག་ཏུ་ཁུར། ། གཏད་ས་ནོར་བ་ཡོད་རེ་ཤི། ། སྡང་བའི་དགྲ་ལ་ཁོག་ཡངས་བྱས། ། བྱམས་པའི་གཉེན་ལ་ཕྱི་གཞུང་བཟུང་། ། སྡུག་འཐབ་ཁོང་ཁྲོ་བྱེད་རེ་ཤི། ། མཆོད་པ་དཀོན་མཆོག་གསུམ་ལ་འབུལ། ། སྦྱིན་པ་མ་ནུས་པ་ལ་གཏོང། ། འབྲས་མེད་སྦྱིན་གཏོང་བྱེད་རེ་ཤི། ། རང་གི་ཡོན་ཏན་སྦུབས་སུ་བསྐྱིལ། ། གཞན་གྱི་ཡོན་ཏན་དར་བཞིན་འཕྱར། ། ཐོ་ཅོ་ང་རྒྱལ་བྱེད་རེ་ཤི། ། ཚེ་གང་བསྐོས་པའི་གཏན་གྲོགས་ལ། ། འཆི་བདག་ཞགས་པས་གློ་བུར་ཐེབས། ། ད་རེས་མི་རྟག་མངོན་སུམ་མཐོང་། ། སྐྱོ་ཤས་ངེས་འབྱུང་གཏིང་ནས་སྐྱེས། ། གཏམ་ལ་ཟོལ་ཟོག་ཡོད་རེ་ཤི། ། དམ་བཅའ་སྙིང་གི་དབུས་སུ་བྲིས། ། ལག་ལེན་བརྩོན་འགྲུས་ལྕག་གིས་འདེབས། ། ཚིག་ལ་བརྫུན་པ་ཡོད་རེ་ཤི། ། ཡིད་མཐུན་པདྨ་དགྱེས་པ་ཁྱོད། ། བླ་མ་སངས་རྒྱས་དངོས་དང་མཇལ། ། ཟབ་དགུའི་གདམས་ངག་མངའ་ལགས་སམ། ། ཐོས་བསམ་ཕྱོགས་མེད་གཞུང་ལ་བྱས། ། ཚིག་གི་སྒྲོ་འདོགས་ཆོད་ལགས་སམ། ། ཉམས་ལེན་དབེན་པའི་གནས་སུ་བསྐྱངས། ། བཅོས་མིན་རྟོགས་པ་སྐྱེ་ལགས་སམ། ། སྐྱིད་གླུ་བྲག་རིའི་དྲུང་ནས་བླངས། ། ཉམས་སྣང་རྩལ་ཁ་འབར་ལགས་སམ། ། སྤྱོད་པ་བག་ཡངས་བྱུང་རྒྱལ་བྱས། ། རོ་སྙོམས51ལམ་དུ་ལོས་ལགས་སམ། ། ལྟད་མོ་འཁོར་བའི་གྲོང་ལ་བལྟས། ། སྐྱོ་ཤས་གཏིང་ནས་སྐྱེས་ལགས་སམ། ། ཆོས་དང་མཐུན་པའི་གཏམ་སྨོས་ཤིག ། ལམ་དང་མཐུན་པའི་གླུ་ཞིག་ལོངས། ། མི་རྟག་སྟོན་པའི་དཔེ་ཞིག་ཤོད། ། འཁོར་བའི་གྲོང་ཁྱེར་སྨྲ་ཕབ་མཛོད། ། ཐར་པའི་ལམ་གྱི་ཡོན་ཏན་ཤོད། ། དབེན་པའི་རི་ལ་བསྔགས་བརྗོད་གྱིས། ། གསེར་གྱི་སྦྲང་ཆུང་འདབ་ཡངས་ང་། ། སྡོད་ས་དབེན་པའི་རི་ལ་བྱེད། ། བརྩེ་གདུང་ལྷ་ཆོས་གྲོགས་ལ་བྱེད། ། ལྟད་མོ་རང་གི་སེམས་ལ་བལྟ། ། ཡིད་མཐུན་བགྲོ་གླེང་ཁྱོད་ལ་བྱེད། ། ཚིག་ལ་སྦ་གསང་མེད་པར་ཞུ། ། ཞེས་ཟེར་བས་བྲམ་ཟེའི་ཁྱེའུ་པདྨ་དགྱེས་པས་ཀྱང་། གསེར་གྱི་སྦྲང་ཆུང་འདབ་ཡངས་འདི་གཞུང་བཟང་ཕྱི་ཐག་རིང་ཞིང་ཚུགས་ཐུབ་པ་ཡིན་པར་ཐོ་ཅོའི་བློ་མང་བྱེད་པ་ཕལ་བ་དང་མི་འདྲ་བ་ཙམ་ཞིག་ཡོད། གང་ལྟར་ཡང་ད་ལྟའི་ཟེར་ཚུལ་ལ་དཔགས་ན་གཏིང་ནས་ཆོས་ལ་དད་པ་འདྲ་མོ་ཞིག་འདུག་པས། དེ་ལྟར་ན་ཁོང་གི་བློ་ལ་འཐད་པའི་གཏམ་ཞིག་བྱེད་དགོས་སྙམ་ནས་འདི་སྐད་དུ། ཀྱེ་ཀྱེ་ཡིད་གཅུགས་སྙིང་གི་གྲོགས། ། གསེར་གྱི་སྦྲང་ཆུང་འདབ་ཡངས་ཁྱོད། ། བློ་གཏད་དཀོན་མཆོག་གསུམ་ལ་བྱས། ། ཡིད་ཆེས་དམ་པའི་ཆོས་ལ་འབུངས། ། སྐྱོ་ཤས་ངེས་འབྱུང་བློ་སྣ་བསྟུང་། ། སྒྲུབ་ལ་མོས་པ་ཡོད་པ་དེ། ། ཚེ་སྔོན་ལེགས་སྨོན་སོང་བའི་རྟགས། ། འདུས་བྱས་མི་རྟག་སྒྱུ་མར་གོ། ། འཁོར་བའི་གྲོང་ལ་སྐྱོ་བ་སྐྱེས། ། ཆོས་བརྒྱད52ཚེ་འདིའི་བློ་ངན་བཤོལ། ། དབེན་པའི་རི་ལ་དགའ་བ་དེ། ། ཆོས་ལ་ལས་འཕྲོ་ཡོད་པའི་རྟགས། ། རྣམ་དཔྱོད་ཐོས་བསམ་ཡིད་ལ་ཤར། ། ལས་འབྲས་ཟབ་མོའི་སྤང་བླང་གོ། ། རྒྱལ་སྲས་དམ་པའི་མཛད་སྤྱོད་ཤེས། ། ལམ་མཆོག་འཇུག་སྒོ་རྙེད་པ་དེ། ། དམ་པའི་མགོན་གྱིས་ཟིན་པའི་རྟགས། ། སྐལ་བ་བཟང་པོའི་སྦྲང་ཆུང་ལ། ། བླ་མ་བཟང་པོའི་སློབ་མ་ངས། ། ངེས་ཤེས་བཟང་པོའི་གསལ་ཞིག་འདེབས། ། ཐུགས་བསྐྱེད53བཟང་པོའི་སྣོན་པ་མཛོད། ། མར་ལ་འཁོར་བའི་གྲོང་ཞིག་ན། ། སྣོད་ལ་འཁྲུལ་སྣང་སྒྱུ་མ་ཟེར། ། བཅུད་ལ་ཨ་འཐས་འཁྲུལ་བ་ཟེར། ། སྣོད་བཅུད་འཛོམས་པའི་སྐབས་ཤིག་ན། ། སྡིག་ལ་ཧབ་ཐོབ་བྱས་བྱས་ནས། ། སྡུག་བསྔལ་ནགས་མེ་མཆེད་པ་འདྲ། ། དགེ་ལ་རྒྱབ་ཀྱིས་ཕྱོགས་ཕྱོགས་ནས། ། བདེ་སྐྱིད་ནམ་ལངས་སྐར་མ་འདྲ། ། སྤྱོད་ངན་དང་དུ་བླངས་བླངས་ནས། ། དུས་ངན་དགོང་ཁའི་གྲིབ་སོ་འདྲ། ། ཞེ་སྡང་གདུག་པའི་རང་འཐག་ལ། ། འདོད་ཆགས་ཞེན་པའི་ལྟེ་ཁུང་དོད། ། མཐོ་རིས་མི་ཡི་ཡོས་ཁྲ་བླུགས། ། བཏགས་ཤིང་ངན་སོང་གཏིང་དུ་བབས། ། སྟེང་ནས་གོད་ཀི་ཆེ་ལུགས་ལ། ། ཞབས་ནས་འཕེལ་གྱི་མང་ལུགས་ལ། ། རྒྱུ་འབྲས་བབས་ཀྱི་ཞིབ་ལུགས་ལ། ། གནའ་ཞིག་འཛམ་གླིང་མི་ཡུལ་ན། ། གྲོང་ལ་མུ་དང་བརྒྱུད་དུ་འབྲེལ། ། ཕན་ཚུན་བྱ་གག་འཕུར་བས་སླེབ། ། ལོངས་སྤྱོད་བདེ་སྐྱིད་ལྷ་ལ་འགྲན། ། དཔོན་ལ་འཁོར་ལོས་སྒྱུར་རྒྱལ་བཞུགས། ། མངའ་ཐང་གསེར་གྱི་འཁོར་ལོས་བསྒྱུར54། ། བྲན་ལ་གླིང་བཞི་གླིང་ཕྲན་བསྐོར། ། ཁྲིམས་ལ་དགེ་བ་བཅུ་བོ་དར། ། མི་འཕེལ་མཐོ་རིས་ལྷ་ཡུལ་འགྲོ། ། ལྷ་འཕེལ་མེ་ཏོག་སྐྱེད་ཚལ་གང་། ། དེང་སང་བསྐལ་པའི་སྙིགས་མ་ལ། ། གྲོང་ལ་གྱང་རལ་མུ་རུ་འབྲེལ། ། ཞིང་ལ་ཐ་བ་བརྒྱུད་དུ་མཐུད། ། ལོངས་སྤྱོད་ཤ་ཁྲག་ཟས་ལ་བྱེད། ། དཔོན་ལ་དམྱལ་བའི་བང་ཆེན་བཞུགས། ། མངའ་ཐང་དམེ་ཤི་འཁྲུག་པས་བསྒྱུར། ། བྲན་ལ་ལས་ངན་སེམས་ཅན་འཁོར། ། ཁྲིམས་ལ་གཡོ་སྒྱུ་ཟ་ཐབས་དར། ། མི་ཟད་རྟིང་བ་ཁྲམ་པས་བཟུང་། ། ཁྲམ་པ་ངན་སོང་གྲོང་སྒོ་འགྲིམ། ། འཕེལ་ལ་དམྱལ་བ་ཚ་གྲང་ཆེ། ། གཡུལ་ལ་ལྷ་མིན་སྲིན་པོ་རྒྱལ། ། བཟའ་བ་ནད་བདག་གོད་བདག་ཆེ། ། ཁྲི་ཐོག་རྒྱལ་པོས་ཁྲམ་ཞིག་བྱེད། ། ཐབས་ཀྱིས་ཉེས་མེད་ཆད་པས་གཅོད། ། བརྫུན་གྱིས་བྲན་ལ་ཉེས་པ་བགྲང་། ། གཡོ་སྒྱུས་རང་གཞན་ཕུང་ལ་སྦྱོར། ། གདུགས་ཞབས་བླ་མས་ཁྲམ་ཞིག་བྱེད། ། དམ་པའི་ཆོས་ལ་ཕག་ཅིག་གཡར། ། མངོན་ཤེས་རྫུན་གྱི་འོལ་ཚོད་བསྒྲོགས། ། དབང་ལ་ནོར་གྱི་ཉོ་འཚོང་བྱེད། ། མཐོ་བའི་དཔོན་ལ་ངོ་འཛིན་བྱེད། ། ཆོས་ལ་གྲོང་བའི་རྐྱེན་བཟློག་བྱེད། ། རི་ཁྲོད་སྒོམ་ཆེན་ཁྲམ་ཞིག་བྱེད། ། རི་ཁྲོད་གནས་ན་རོ་ཉལ་བྱེད། ། ཕལ་བས་མཐོང་ན་ལུས་ཚུགས་འཛིན། ། རང་ནོར་ཡོད་པ་གུད་དུ་སྦས། ། སྦྱིན་བདག་དྲུང་དུ་ཁ་གསག་བརྗོད། ། སྐྱེ་བོ་ཕལ་གྱིས་ཁྲམ་ཞིག་བྱེད། ། སེམས་ལ་རྫ་མཁན་འཕང་ལོ་འདྲ། ། ཅི་དགོས་བལྟ་ཞིང་འཁོར་ལོ་བསྐོར། ། གཏམ་ལ་མགར་བའི་ལག་ཆ་འདྲ། ། གར་འགྲོ་བལྟ་ཞིང་བདེ་ཁ་བསྒྱུར། ། བྱ་བྱེད་སོས་ཀའི་གནམ་དང་འདྲ། ། ད་ལྟ་དཀར་ཡང་ད་ལྟ་གནག ། ཕྱི་ཐག་སྦྲང་བུའི་མཆུ་དང་འདྲ། ། ཟ་ཚེ་ཡོད་དེ་ཚར་ཚེ་མེད། ། ངོ་སྲུང་ཐང་ཀའི་རི་མོ་འདྲ། ། སྔ་སོ་ལེགས་ཀྱང་ཕྱི་སོ་མེད། ། དད་འདུན་གློ་བའི་ཚོད་མ་འདྲ། ། ཁ་ལ་ཡོད་དེ་གཏིང་ལ་མེད། ། ཆོས་པ་རྣམས་ཀྱིས་ཁྲམ་ཞིག་བྱེད། ། ཐོས་བསམ་ལྕོམ་མོའི་ལུས་དང་འདྲ། ། མགོ་བོ་ཆེ་སྟེ་མཇུག་མ་ཕྲ། ། དོན་གཉེར་སྦལ་བའི་ཁ་དང་འདྲ། ། ཉན་དུས་ཡོད་དེ་སྒྲུབ་དུས་མེད། ། རྫུན་གྱིས་བླ་མའི་མགོ་བོ་བསྐོར། ། གཡོ་ཡིས་ཆོས་མིན་ཆོས་སུ་བརྫུ། ། སྒྱུ་ཡིས་ཉམས་ལེན་ཁ་བཤད་བྱེད། ། ས་སྟེང་ཁྲམ་པས་བཟུང་བའི་དུས། ། བདེན་པའི་གཞུང་ལམ་གང་ནས་འཛིན། ། རྒྱལ་ཁམས་ཟོག་པོས་གང་བའི་དུས། ། མཁས་པའི་གཞུང་ལུགས་སུ་ལ་འཆད། ། རྒྱལ་པོས་རང་ཁྲིམས་བཤིག་པའི་དུས། ། འབངས་ཀྱི་སྐྱིད་སྡུག་སུ་ལ་རེ། ། བླ་མས་རང་དོན་གཉེར་བའི་དུས། ། ཉམ་ཐག་གཞན་ཕན་སུ་ཡིས་བྱེད། ། དཔོན་གྱིས་བྲན་འཁོར་བཅོམ་པའི་དུས། ། ཉམ་ཆུང་ཁ་འཛིན་སུ་ལ་རེ། ། ཀྱེ་མ་ཀྱེ་ཧུད་ཀྱེ་མ་ཀློང་། ། ཁྱེའུ་ཆུང་སྐྱོ་བ་གཏིང་ནས་སྐྱེས། ། མི་རྟག་སྲིན་པོའི་སོ་བར་ན། ། ཁམས་གསུམ་སེམས་ཅན་འཁོར་ཞིང་རྒྱུག ། ད་དུང་རྟག་འཛིན་ཞེན་པས་བཅིངས། ། ཚེ་འདིར་རང་དོན་བསྒྲུབས་བསྒྲུབས་ནས། ། འཆི་ཁར་འགྱོད་པས་བྲང་ལག་འཐབ། ། སང་གི་ཆོས་ལ་བློ་ཐག་གཅོད། ། ཕྱི་མའི་ཆོས་ལ་ཕྱི་བཤོལ་བྱེད། ། ད་ནངས་གསོན་པོའི་ལུས་པོ་ལགས། ། དོ་དགོང་རོ་ཞེས་འབོད་ལ་ལྟོས། ། སང་དང་འཇིག་རྟེན་ཕྱི་མ་གཉིས། ། སྔོན་ལ་གང་ཡོང་ཤེས་ལགས་སམ། ། ཁྱེའུ་ཆུང་པདྨ་དགྱེས་པ་ང་། ། བླ་མ་སངས་རྒྱས་དངོས་དང་མཇལ། ། ཐུགས་བརྩེ་ཐུགས་རྗེས་རྗེས་སུ་བཟུང་། ། དད་འདུན་ཡིད་ཆེས་རྩེ་གཅིག་ཡིན། ། མོས་གུས་ལྟེམ་རྐྱང་བྱེད་མ་མྱོང་། ། ཞུ་དོན་བློ་ལ་གང་ཤར་ཡིན། ། ཚིག་སྒྲོས་གདམ་ག་བྱེད་མ་མྱོང་། ། བྱེད་སྤྱོད་རང་གཤིས་ལྷུག་པ་ཡིན། ། གཡོ་སྒྱུ་མངོན་ལྐོག་བྱེད་མ་མྱོང་། ། བློ་གཏད་མི་གཅིག་ལྷ་གཅིག་ཡིན། ། སྐྱབས་གནས་གཞན་ནས་འཚོལ་མ་མྱོང་། ། དམ་པའི་དྲུང་དུ་འདུག་ཡུན་རིང་། ། མཁས་པའི་བླ་མ་བསྟེན་གྲངས་མང་། ། ཕྱོགས་མེད་གཞུང་ལུགས་མཐོང་རྒྱ་ཆེ། ། དེ་ཕྱིར་ཆོས་དང་ཆོས་འདྲ་ཤེས། ། གསེར་གྱི་སྦྲང་ཆུང་འདབ་ཡངས་ཁྱེད། ། སྙིང་ནས་ཆོས་ཤིག་མཛད་དགོངས་ན། ། སྐྱོ་ཤས་གཏིང་ནས་སྐྱེས་པ་ན། ། འདྲ་མིན་སྤང་བའི་ཆོས་ཤིག་དགོས། ། དང་པོ་ཆོས་ལམ་གཉེར་བའི་དུས། ། སྐྱོ་ཤས་འདི་ལ་འདྲ་ཞིག་ཡོད། ། སྡུག་བསྔལ་ཅན་གྱི་གདུང་ཡུས་གཅིག ། གློ་བུར་རྐྱེན་གྱིས་ཡི་ཆད་གཉིས། ། སྙིང་སྡུག་གྲོགས་ཀྱི་རེ་འཁང་གསུམ། ། ངལ་དུབ་དཀའ་བའི་ཚེགས་ཡུལ་བཞི། ། གནས་སྐབས་འགྱུར་བའི་ཁམས་འདུས་ལྔ། ། སྐྱོ་ཤས་འདྲ་སྟེ་སྐྱོ་ཤས་མིན། ། ངེས་འབྱུང་འདི་ལ་འདྲ་ཞིག་ཡོད། ། ཆ་ལུགས་འཆོས་པའི་འཕྱོར་འདོད་གཅིག ། རི་ཁྲོད་བདེ་བའི་དལ་འདོད་གཉིས། ། ནུས་མཐུ་རེ་བའི་བཟླས་བརྗོད་གསུམ། ། རྒྱལ་ཁམས་ལྟད་མོའི་གནས་སྐོར་བཞི། ། རེ་དོགས་སྒྲུབ་པའི་ཆོས་བརྒྱད་ལྔ། ། ངེས་འབྱུང་འདྲ་སྟེ་ངེས་འབྱུང་མིན། ། རི་ཁྲོད་འཛིན་ལ་དྲ་ཞིག་ཡོད། ། ཕྱི་དམ་ནང་ལྷོད་དེ་དང་གཅིག ། ཁྲིགས་མེད་བག་ཡངས་དེ་དང་གཉིས། ། ལག་ཤེས་རིག་གནས་སྐྱོང་དང་གསུམ། ། འཕྲལ་སྤྱོད་བྱ་ལག་མང་དང་བཞི། ། གཉིས་ཉལ་མི་ཚེ་འཕུལ་དང་ལྔ། ། རི་ཁྲོད་བསྡད་ཀྱང་སྙིང་པོ་མེད། ། ཞེན་ལོག་འདི་ལ་འདྲ་ཞིག་ཡོད། ། མི་ཆོས་མ་ཕེར་གྲོས་ཁུངས་གཅིག ། སྨྱོ་རྒོད་རྒྱུག་པའི་ཐོ་ཅོ་གཉིས། ། བསམ་བློ་མ་བཏང་ཁ་ཕོ་གསུམ། ། མདོ་མེད་ནོར་ལ་རྩིས་ཆུང་བཞི། ། བློ་མེད་འཕྲལ་གྱི་ཐབས་རྡུགས་ལྔ། ། ཞེན་ལོག་འདྲ་སྟེ་ཞེན་ལོག་མིན། ། རྒྱལ་ཁམས་འགྲིམ་ལ་འདྲ་ཞིག་ཡོད། ། ལྟད་མོ་བལྟ་བའི་མཚར་འདོད་གཅིག ། དད་པ་མ་སྐྱེས་གནས་མཇལ་གཉིས། ། ཕན་ཡོན་མི་ཤེས་སྐོར་བ་གསུམ། ། ཟ་འདོད་བསྙད་འཚོལ་ཁྲམ་པ་བཞི། ། བསམ་བློ་མ་བཏང་སྐོར་རྒྱུག་ལྔ། ། གནས་བསྐོར་འདྲ་སྟེ་གནས་སྐོར་མིན། ། མཚམས་སྒྲུབ་བྱེད་ལ་འདྲ་ཞིག་ཡོད། ། ལྷར་སྣང་མེད་པའི་བཟླས་བརྗོད་གཅིག ། ངེས་ཤེས་མེད་པའི་བསྐྱེད་རྫོགས་གཉིས། ། ནུས་མཐུ་རེ་བའི་དྲག་སྒྲུབ་གསུམ། ། རྣམ་གྲངས་བརྩི་བའི་དུས་སོན་བཞི། ། འདི་སྣང་རེ་བའི་ཕྲིན་སྒྲུབ་ལྔ། ། མཚམས་སྒྲུབ་འདྲ་སྟེ་སྙིང་པོ་མེད། ། བར་དུ་ཉམས་སུ་ལེན་པའི་དུས། ། སྐྱབས་འགྲོ་འདི་ལ་འདྲ་ཞིག་ཡོད། ། ཚིག་ཙམ་གསོག་པའི་ཁ་གྲངས་གཅིག ། ཁྱེད་ཤེས་བློ་གཏད་མི་ཤེས་གཉིས། ། སྐྱབས་ཡུལ་ཁྱད་པར་མི་ཤེས་གསུམ། ། དཀོན་མཆོག་ཡོན་ཏན་མི་ཤེས་བཞི། ། རེ་འཁང་བྱེད་པའི་སྐབས་འགྲོ་ལྔ། ། སྐྱབས་འགྲོ་འདྲ་སྟེ་སྙིང་པོ་མེད། ། སེམས་བསྐྱེད་འདི་ལ་འདྲ་ཞིག་ཡོད། ། རང་བཟང་འདོད་པའི་སེམས་བསྐྱེད་གཅིག ། རྣམ་སྨིན་འབྲས་བུ་འདོད་དང་གཉིས། ། ཕྱོགས་རིས་ཅན་གྱི་སྙིང་རྗེ་གསུམ། ། ཁ་ཙམ་བྱེད་པའི་སེམས་བསྐྱེད་བཞི། ། བསླབ་བྱ་མི་ཤེས་གོ་ཡུལ་ལྔ། ། སེམས་བསྐྱེད་ཟེར་ཡང་སྙིང་པོ་མེད། ། བསྐྱེད་རིམ55འདི་ལ་འདྲ་ཞིག་ཡོད། ། གསལ་སྣང་མ་ཟིན་ང་རྒྱལ་གཅིག ། ང་རྒྱལ་མེད་པའི་གསལ་སྣང་གཉིས། ། རང་རྒྱུད་འཛིན་པའི་རེ་དོགས་གསུམ། ། སེམས་བསྐྱེད་མེད་པའི་དྲག་ཤུལ་བཞི། ། དག་རྫོགས་སྨིན་གསུམ56མི་སྦྱོར་ལྔ། ། བསྐྱེད་རིམ་ཟེར་ཡང་འཁོར་བའི་རྒྱུ། ། རྫོགས་རིམ57འདི་ལ་འདྲ་ཞིག་ཡོད། ། འོད་གསལ་མི་ཤེས་རྩ་རླུང་གཅིག ། སྒྱུ་མར་མི་འབྱོངས་རྨི་ལམ་གཉིས། ། རྩ་མདུད་མི་གྲོལ་ཐབས་ལམ་གསུམ། ། གྲོལ་ལུགས་མི་ཤེས་ཕྱག་རྫོགས་བཞི། ། སྣང་ངོར་ཞེན་པའི་ཐོད་རྒལ་ལྔ། ། རྫོགས་རིམ་ཟེར་ཏེ་སྙིང་པོ་མེད། ། ཐ་མ་བསྒྲུབས་འབྲས་འབྱིན་པའི་དུས། ། གཞན་དོན་བྱེད་ལ་འདྲ་ཞིག་ཡོད། ། ཉམས་སྣང་བསྒྲུབས་པའི་མངོན་ཤེས་གཅིག ། ལྷ་འདྲེས་བརླམས་པའི་གྲུབ་རྟགས་གཉིས། ། ཆོས་བརྒྱད་སྒྲུབ་པའི་ཆོས་བཤད་གསུམ། ། ཆོས་ལ་མི་འཁོད་འཁོར་སྡུད་བཞི། ། རང་ཉམས་མེད་པའི་ཁྲིད་བཤད་ལྔ། ། འགྲོ་དོན་འདྲ་སྟེ་སྙིང་པོ་མེད། ། འདྲ་མིན་ལྔ་བཅུ་རྩ་ལྔ་འདི། ། གཞན་སྐྱོན་ལྟ་བའི་མེ་ལོང་མིན། ། ངས་ཀྱང་རང་ལ་གསལ་འདེབས་ཡིན། ། ཁྱེད་ཀྱང་རྒྱུན་དུ་ཐུགས་ལ་ཆོངས། ། ལྟར་སྣང་ཆོས་བཞིན་བྱེད་པའི་དུས། ། འདྲ་མིན་གོལ་ས་བྱུང་མ་བྱུང་། ། ཞུ་དག་ཞིབ་ཏིག་ནན་ཏན་དགོས། ། ཚིག་ལ་སྙན་ཆ་མི་ཆེ་ཡང་། ། དོན་ལ་ཟབ་དགུའི་བཅུད་གདའ། ། མཚུངས་མེད་བླ་མའི་ཞལ་རྒྱུན་ཡིན། ། སྙིང་ནས་དམ་ཆོས་མཛད་དགོངས་ན། ། ཁ་ཕོ་ཁ་བཤད་བྱེད་རྒྱུ་མེད། ། ཤོམ་ར་བཅའ་ག་བསྒྲིག་རྒྱུ་མེད། ། དུས་ཚོད་ངེས་བཟུང་བྱེད་རྒྱུ་མེད། ། ཕར་ལ་ཆོས་སྙེག་འགྲོ་མི་དགོས། ། ལྷ་ཆོས་ལུས་དང་ཡན་ལག་འདྲ། ། ནམ་དགོས་རང་གི་དྲུང་ན་ཡོད། ། སྐད་ཅིག་རེར་ཡང་སྙིང་རུས་དགོས། ། ཐང་ཅིག་རེར་ཡང་གསལ་འདེབས་དགོས། ། ཡུད་ཙམ་རེར་ཡང་ཞུ་དག་དགོས། ། ཉིན་ཞག་རེར་ཡང་བསྔོ་བགྲང་དགོས། ། ནངས་མ་རེ་བཞིན་དམ་བཅའ་དགོས། ། ཐུན་རེ་བཞིན་དུ་བརྟག་དཔྱད་དགོས། ། ཞར་དང་ཞོར་ལ་མི་འབྲལ་དགོས། ། དུས་དང་རྒྱུན་དུ་མི་བརྗེད་དགོས། ། ཉམས་ལེན་ཞིབ་ལ་མ་ཕེབས་ན། ། ཤོམ་རེ་ཆེ་བའི་ཆོས་པ་དེ། ། ཆོས་གཟུགས་འོང་བའི་དོན་འབྲས་མེད། ། ལེ་ལོས་རི་ལ་ཁྱེར་དང་གཅིག ། རྣམ་གཡེང་དགོན་པར་སྒྲུབ་དང་གཉིས། ། སྐྱིད་འདོད་དབེན་པ་འཚོལ་དང་གསུམ། ། དེ་ལས་སྡུག་པ་སྲིད་ན་མེད། ། དགོངས་སམ་གསེར་སྦྲང་ལྷ་ཡི་སྲས། ། སྐྱིད་ན་མི་དགའ་སྡུག་ན་དགའ། ། སྐྱིད་ན་ཉོན་མོངས་དུག་ལྔ58འབར། ། སྡུག་ན་སྔོན་བསགས་ལས་ངན་འཛད། ། སྡུག་བསྔལ་བླ་མའི་ཐུགས་རྗེ་ཡིན། ། བསྟོད་ན་མི་དགའ་སྨད་ན་དགའ། ། བསྟོད་ན་ང་རྒྱལ་ཁེངས་སེམས་ཆེ། ། སྨད་ན་རང་སྐྱོན་ཐེར་ལ་འབུད། ། མི་ཁ་ལྷ་ཡི་ཁ་འབབ་ཡིན། ། མཐོ་ན་མི་དགའ་དམའ་ན་དགའ། ། མཐོ་ན་ཕྲག་དོག་ང་རྒྱལ་སྐྱེ། ། དམའ་ན་བག་ཡངས་དགེ་སྦྱོར་འཕེལ། ། དམན་ས་གོང་མའི་གདན་ས་ཡིན། ། འབྱོར་ན་མི་དགའ་རྒུད་ན་དགའ། ། འབྱོར་ན་གསོག་སྲུང་སྡུག་བསྔལ་ཆེ། ། རྒུད་ན་དཀའ་སྤྱད་ལྷ་ཆོས་འགྲུབ། ། སྤྲང་ལུས་ཆོས་པའི་གཏད་སོ་ཡིན། ། བྱིན་ན་མི་དགའ་འཕྲོག་ན་དགའ། ། བྱིན་ན་ལག་ཆགས་འཁུར་བོ་འཕེལ། ། འཕྲོག་ན་ཚེ་རབས་བུ་ལོན་སོད། ། ཆོག་ཤེས་འཕགས་པའི་སྤྱི་ནོར་ཡིན། ། གཉེན་ལ་མི་དགའ་དགྲ་ལ་དགའ། ། གཉེན་གྱི་ཐར་ལམ་བར་དུ་གཅོད། ། དགྲ་བོ་བཟོད་པའི་ཡུལ་དུ་བྱེད། ། རོ་སྙོམས་ཉམས་ལེན་གནད་འགག་ཡིན། ། ཆོས་བཞིན་མཛད་ན་དེ་འདྲ་དགོས། ། བློ་ཐག་ཆོད་ན་དེ་འདྲ་དགོས། ། རི་ཁྲོད་འཛིན་ན་དེ་འདྲ་དགོས། ། རྒྱལ་ཁམས་འགྲིམ་ན་དེ་འདྲ་དགོས། ། གདམས་ཟབ་གནད་ཀྱི་མདོ་འགག་དྲུག ། ཕ་གཅིག་བླ་མའི་ཞལ་རྒྱུན་ཡིན། ། བུ་གཅིག་སེམས་ཀྱི་གཏད་སོ་ཡིན། ། སྙིང་གི་སྙིང་པོ་ཚིག་དྲུག་འདི། ། གྲོགས་གཅིག་ཁྱོད་རང་མ་ལགས་པ། ། གཞན་ལ་ཚིག་ཟུར་ཕུད་པ་མེད། ། ཨེ་མ་གསེར་སྦྲང་ལྷ་ཡི་སྲས། ། གནས་ལ་རྩེ་མཐོ་པདྨའི་རི། ། ལྷ་གཅིག་སྒྲོལ་མའི་ཞིང་ཁམས་ཡིན། ། ཐུགས་རྗེ་ཆེན་པོའི་ཕོ་བྲང་ཡིན། ། པདྨ་རྒྱལ་པོའི་སྒྲུབ་གནས་ཡིན། ། རི་ལ་ལྟོས་དང་འཕགས་པའི་སྐུ། ། སེམས་ཉིད་ངལ་གསོའི་བཀོད་པ་རྫོགས། ། བྲག་ལ་ལྟོས་དང་འཕགས་པའི་གསུང་། ། རང་བྱོན་ཡིག་དྲུག59བགྲང་ལས་འདས། ། ཤིང་ལ་ལྟོས་དང་སྔོ་ལྔ་ཚལ། ། གཡུ་ལོ་བཀོད་པའི་ཁྱད་ཆོས་རྫོགས། ། དུག་སྦྲུལ་གདུག་པས་མཐའ་ནས་བསྐོར། ། སྐལ་དམན་བློ་ཆུང་བགྲོད་པར་དཀའ། ། གྲུ་འཛིན་རི་བོའི་མཚན་ཉིད་རྫོགས། ། མདུན་ནས་ཐུགས་སྤྲུལ་པདྨ་སྐྱེས། ། འགྲོ་བའི་དོན་ལ་སྤྲུལ་པ་འགྱེད། ། འདབས་ན་འཕགས་མའི་ཕོ་བྲང་མཛེས། ། ལྷ་མོའི་འགྲོ་དོན་དུས་ལ་བབ། ། ཐུགས་རྗེ་ཆེན་པོའི་ཐུགས་ཀ་ན། ། པད་མ་དགྱེས་པའི་སྒྲུབ་ཕུག་ཡོད། ། ལྷ་ལ་སྤྱན་རས་གཟིགས་དབང་བསྟེན། ། སྔགས་ལ་ཡི་གེ་དྲུག་མ་བཟླ། ། ཆོས་ལ་བྱམས་དང་སྙིང་རྗེ60བསྒོམ། ། ལམ་ལ་རྒྱལ་སྲས་བདེ་ལམ་སྙོགས། ། སྡུག་བསྔལ་འདོད་ཀྱང་བདེ་བ་འབྱུང་། ། འདི་བདེ་ཕྱི་སྐྱིད་ཨ་ལ་ལ། ། བདེ་ནས་བདེ་བའི་གནས་སུ་འགྲོ། ། གཏན་བདེ་མི་འགྱུར་ཨ་ལ་ལ། ། གསོལ་བ་བླ་མ་རྗེ་ལ་འདེབས། ། ཐུགས་རྗེ་མི་གཡེལ་ཨ་ལ་ལ། ། ཡི་དམ་སྤྱན་རས་གཟིགས་ལ་ཞུ། ། དངོས་གྲུབ་མི་འགྱང་ཨ་ལ་ལ། ། ཨ་ལ་ལ་སྟེ་ངོ་མཚར་ཆེ། ། ཆེ་བར་དགོངས་སམ་ལྷ་ཡི་སྲས། ། ངས་ཀྱང་སྙིང་གི་དམ་བཅའ་གཅིག ། ཁྱེད་ཀྱང་ཡིད་ཀྱི་ཞེ་འདོད་གཉིས། ། མཐུན་ན་གོང་མའི་རྗེས་སུ་སྙོགས། ། ཆོས་བརྒྱད་ལམ་ཁའི་རོ་བཞིན་དོར། ། འདི་སྣང་གནོད་པའི་དུག་ལྟར་སྤང་། ། ཉམས་ལེན་བརྩོན་འགྲུས་ཞིབ་ལ་བྱེད། ། གདམས་ངག་མཚང་གི་ཐོག་ཏུ་འབེབས། ། ཁ་ཕོ་ཁ་བཤད་རླུང་ལ་བསྐུར། ། སེམས་བསྐྱེད་བྱང་སེམས་གཞུང་ལམ་བསྲང་། ། དེ་ལ་འཐད་ན་གྲོས་རྐང་ཚུགས། ། གྲོས་མཐུན་འགྲིག་པའི་སྤུན་གྲོགས་གཉིས། ། ཐར་པའི་ལམ་ལ་འགྲོགས་ནས་འགྲོ། ། འཁོར་བའི་མཐའ་ལ་སྨོན་པས་བསྐྱང་། ། ཚེ་རབས་ཀུན་ཏུ་འབྲེལ་བས་བསྡུ། ། བྱང་ཆུབ་སྤྱོད་པ་མཉམ་དུ་སྤྱོད། ། འཐད་དམ་དགོངས་སམ་ལྷ་ཡི་སྲས། ། དོན་དུ་འདུ་འོ་ཨ་ལ་ལ། ། གནད་དུ་འདྲིལ་ལོ་ཨེ་མ་ཧོ། ། ཞེས་ཟེར་བས་འདབ་ཡངས་ཀྱི་ཡིད་ལའང་ལྷག་པར་འཐད་དེ་བློ་གྲོས་མཐར་ཕྱིན་པ་ཡིན་སྐད་དོ། ། སྟོན་མཚན་མཁའ་ལ་རྒྱས་པའི་འོད་དཀར་བཞིན། ། མཚན་དཔེའི་ལང་ཚོ་ངོམས་པ་འཇམ་པའི་ལྷ། ། རྒྱལ་བ་ཀུན་ལ་ཡེ་ཤེས་སེམས་དཔའ་སྟེ། ། འགྲོ་བ་ཀུན་ལ་སེམས་ཀྱི་ཆོས་ཉིད་ཡིན། ། མཐའ་ཡས་འགྲོ་ཁམས་སྡུག་བསྔལ་རང་བཞིན་ལ། ། བྱསམ་པའི་ཕྱག་ཡངས་རྐྱོང་བ་མིག་མི་འཛུམ61། ། རྒྱལ་བ་ཀུན་ལ་ཐུགས་རྗེ་ཆེན་པོ་སྟེ། ། འགྲོ་བའི་ཁམས་ལ་ཐར་པའི་ས་བོན་ཡིན། ། གསང་ཆེན་གསང་བ་ཟབ་མོའི་མཛོད་འཛིན་པ། ། རྒྱལ་ཀུན་གསང་བའི་བདག་པོ་རྡོ་རྗེ་ཅན། ། རྒྱལ་བ་ཀུན་ལ་ཡེ་ཤེས་ཕྲིན་ལས་ཏེ། ། འགྲོ་བའི་ཁམས་ལ་རིག་སྟོང་རྗེན་པར་ཞུགས། ། གསོལ་བ་འདེབས་སོ་རྒྱལ་སྲས་རིག་གསུམ་མགོན62། ། བྱིན་གྱིས་རློབས་ཤིག་དབྱེར་མེད་བླ་མ་རྗེ། ། བྱང་ཆུབ་བར་དུ་རིགས་བདག་མི་འབྲལ་ན། ། དུས་ཀུན་ཐུགས་རྗེས་ཟུངས་ཤིག་ཐུགས་རྗེ་ཅན། ། ལྷ་ཆོས་དང་མཐུན་པའི་གཏམ་པདྨའི་ཚལ་གྱི་ཟློས་གར་ཞེས་བྱ་བ། བུ་བཀྲ་ཤིས་དགེ་ལེགས་ཀྱིས་ཚིག་རྩ་བཞག་ནས་རྩོམ་པར་བསྐུལ་བ་ལྟར། བག་ཡངས་ཤྲི་ལྷོད་པོས་སུག་བྲིས་སུ་བྱས་པའོ། །

2 མཆན་འགྲེལ།

1.འཇམ་དཔལ་ཡེ་ཤེས་སེམས་དཔའ། འཇམ་པའི་དབྱངས་ལ་གོ་སྟེ། དེ་ནི་ངོ་བོ་རྒྱལ་བ་ཀུན་གྱི་མཁྱེན་རབ་གཅིག་ཏུ་འདུས་པའི་རང་གཟུགས་ཡིན་པའི་ཆ་ནས་མིང་དེ་ལྟར་བཏགས་པའོ། །

2.ལྷ་གཅིག་ཆུའི་པདྨ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་གོ་སྟེ། ལྷ་གཅིག་ནི་ལྷའི་གཙོ་བོ་དང་། སྤྱན་རས་གཟིགས་ནི་པདྨའི་རིགས་ཡིན་པའི་ཕྱིར་རོ། །

3.བརྟུལ་ཞུགས་པདྨ་རྒྱལ་པོ། གྲུབ་པ་ཐོབ་པའི་སློབ་དཔོན་པདྨ་འབྱུང་གནས་ཞེས་པའི་དོན་ཏེ། སློབ་དཔོན་འདིས་རིག་འཛིན་ཆེན་པོ་བརྒྱད་ལས་སྒྲུབ་པ་སྡེ་བརྒྱད་དང་། སངས་རྒྱས་གསང་བ་ལས་སྒྱུ་འཕྲུལ། ཤྲི་སེངྷ་ལས་རྫོགས་ཆེན་གཙོ་བོར་གྱུར་པའི་མདོ་རྒྱུད་རྒྱ་མཚོའི་གནས་ལ་གསན་བསམ་གྱི་ཕ་རོལ་ཏུ་ཕྱིན་ཅིང་། ཟ་ཧོར་དང་ཨོ་རྒྱན་གྱི་ཡུལ་རྣམས་སུ་གདུལ་བྱ་སྐལ་བཟང་རྣམས་ཆོས་ལ་བཀོད་པས་ན་མཚན་གཞན་པདྨ་རྒྱལ་པོར་གྲགས་པའོ། །

4.ཏཱ་རེ་པདྨོ་ཡོ་གི་ནི། སྒྲོལ་མ་པདྨའི་རིགས་ཀྱི་རྣལ་འབྱོར་མ་སྟེ། ཏཱ་རེ་ནི་ལེགས་སྦྱར་སྐད་སྒྲོལ་མའི་དོན། པདྨོ་ཡོ་གི་ནི་པདྨའི་རིགས་ཀྱི་རྣལ་འབྱོར་མ་ཞེས་པའོ། །

5.བྱང་ཆུབ་ཀྱི་སེམས། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་མཛད་པའི 《དཔལ་ས་སྐྱ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་པར་ཕུལ་བའི་ཞུ་ཡིག》གི་མཆན་རྟགས་ཨང5ལ་གཟིགས།

6.དལ་འབྱོར་ལུས། ཨ་ཁྱུང་ངག་དབང་མཁྱེན་རབ་ཀྱིས་མཛད་པའི《རྗེ་བླ་མའི་བསྟོད་པ་ནོར་བུ་དབང་གི་རྒྱལ་པོའི་དོ་ཤལ》ཞེས་པའི་མཆན་རྟགས་ཨང22ལ་གཟིགས།

7.ན་མོ་ཨཱརྱ་དམ་པ། འཕགས་པ་དམ་པ་ལ་ཕྱག་འཚལ་ལོ་ཞེས་པའི་དོན།

8.ཤཱཀྱའི་སྐྱེས་མཆོག ཤཱཀྱའི་རིགས་ཀྱི་སྐྱེས་བུ་མཆོག་ཏུ་གྱུར་པ་སྟེ་སྟོན་པ་ཤཱཀྱ་ཐུབ་པའོ། །

9.རྒྱལ་བའི་བཀའ་ལུང་། པཎ་ཆེན་བསྟན་པའི་ཉི་མས་མཛད་པའི《སློབ་དཔོན་དཔའ་བོའི་རྣམ་ཐར་མདོར་བསྡུས》ཀྱི་མཆན་རྟགས་ཨང12པར་གཟིགས།

10.རྣམ་འདྲེན་བཞི་བ་ཟས་གཙང་སྲས། སངས་རྒྱས་ཤཱཀྱ་ཐུབ་པ་སྟེ། འདི་ཉིད་བསྐལ་བཟང་རྣམ་འདྲེན་བཞི་བ་དང་རྒྱལ་པོ་ཟས་གཙང་གི་སྲས་ཡིན་པའི་ཆ་ནས་མི་དེ་ལྟར་བཏགས།

11.ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་པ། སྟོན་པ་ཤཱཀྱ་ཐུབ་པས་ཝ་ར་ཎཱ་སིར་བཀའ་དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་པ་དང་། བྱ་རྒོད་ཕུང་པོའི་རིར་བཀའ་བར་བ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་པ། ཡངས་པ་ཅན་ལ་སོགས་པའི་གནས་ངེས་མེད་དུ་བཀའ་ཐ་མ་ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པའི་ཆོས་ཀྱི་འཁོར་ལོ་བསྐོར་པའོ། །

12.ལྔ་བརྒྱ་ཕྲག་བཅུའི་བསྟན་པའི་ཚད། ཐུབ་པའི་བསྟན་པ་གནས་ཚད་ལ《མདོ་སྡེ་བསྐལ་བཟང》ལས། དམ་པའི་ཆོས་ནི་ལོ་ལྔ་བརྒྱ་དང་གཟུགས་བརྙན་ལ་ལྔ་བརྒྱ་སྟེ་ལོ་སྟོང་དུ་གནས་སོ་ཟེར་བ་དང་། མདོ་རྒྱུད་མང་པོ་ནས་ལོ་གྲངས་མི་གཅིག་པ་དུ་མར་བཤད་ནའང་། དེ་རྣམས་ནི་དྲང་དོན་དགོངས་པ་ཅན་རེ་ཡིན་ལ། 《འབུམ་ཊིཀ་འགྲེལ་གནད་འཇོམས》ལས་གསུངས་པ་འདི་ནི་སྒྲ་ཇི་བཞིན་ཡིན་པར་མཁས་པ་རྣམས་བཞེད་དོ། ། དེ་ཅིའི་ཕྱིར་ཞེ་ན། 《འབུམ་ཊིཀ》ནས་བསྟན་པ་ལོ་ལྔ་སྟོང་དུ་བཤད་པ། ལྔ་བརྒྱ་ཕྲག་བཅུར་ཕྱེ་བས་ལེའུ་བཅུ་ཐམ་པར་གྱུར་ཏེ། ལེའུ་དང་པོ་ལ་དགྲ་བཅོམ་པ་ལེའུ། གཉིས་པ་ཕྱིར་མི་འོང་བའི་ལེའུ། གསུམ་པ་རྒྱུན་དུ་བཞུགས་པའི་ལེའུ་རྣམས་ལ་ཁོང་དུ་ཆུད་པའི་ལེའུ་གསུམ་ཟེར། བཞི་བ་ལྷག་མཐོང་གི་ལེའུ། ལྔ་བ་ཏིང་ངེ་འཛིན་གྱི་ལེའུ། དྲུག་པ་ཚུལ་ཁྲིམས་ཀྱི་ལེའུ་སྟེ་སྒྲུབ་པའི་ལེའུ་གསུམ། བདུན་པ་མངོན་པའི་ལེའུ། བརྒྱད་པ་མདོ་སྡེའི་ལེའུ། དགུ་བ་འདུལ་བའི་ལེའུ་སྟེ་ལུང་གི་ལེའུ་གསུམ། ལྔ་བརྒྱ་ཕྲག་ཐ་མར་ལྟ་སྤྱོད་རྣལ་མ་མེད་པར་རབ་བྱུང་གི་རྟགས་ཙམ་འཛིན་པའི་ལེའུ་བཅས་བཅུའོ། །

13.དམྱལ་ཁམས་བཅོ་བརྒྱད། 《མཛོད》ལྟར་ན། འཛམ་གླིང་འདིའི་འོག་དཔག་ཚད་སྟོང་ཕྲག་ཉི་ཤུ་ན་མནར་མེད་པའི་དམྱལ་བ་ཆེན་པོ། འདིའི་སྟེང་རིམ་བཞིན་རབ་ཏུ་ཚ་བ། ཚ་བ། ངུ་འབོད་ཆེན་པོ། ངུ་འབོད། བསྡུ་འཇོམས། ཐིག་ནག་ཡང་སོས་ཏེ་ཚ་བ་དམྱལ་བ་བརྒྱད་དང་། དེ་དག་སོ་སོར་ངོས་བཞི་རེ་ཡོད་པའི་ངོས་རེ་རེ་ན་ཉེ་འཁོར་བའི་དམྱལ་བ་མེ་མ་མུར། རོ་མྱག་འདམ། སྤུ་གྲིའི་ལམ་དང་། རལ་གྲིའི་ལོ་མ་དང་། ཤལྨཱ་ལིའི་ནགས། ཆུ་བོ་རབ་མེད་དེ་བཞི་བཞི་ཡོད་པ་དེ་རྣམས་ཀྱི་མཐའ་ལོགས་སུ་ཆུ་བུར་ཅན། ཆུ་བུར་རྡོལ་བ་ཅན། སོ་ཐམ་ཐམ། ཨ་རུ་ཟེར་བ། ཀྱི་ཧུད་ཟེར་བ། ཨུཏྤལ་ལྟར་གས་པ། པདྨ་ལྟར་གས་པ། པདྨ་ལྟར་ཆེར་གས་པ་རྣམས་ཏེ་གྲང་དམྱལ་བརྒྱད་ཡོད་ཅིང་། དེའང་གླིང་རྣམས་འབྲུའི་ཕུང་བོ་བཞིན་དུ་གཤམ་རྒྱ་ཆེ་བར་ཡོད་པའི་ཕྱིར་ཏེ་ཆུད་པ་མི་འགལ་ཞིང་། ཐེག་ཆེན་ལྟར་ན་དམྱལ་བ་རང་སྣང་དུ་འདོད་དགོས་པས་ཆགས་ཚད་ལ་མཐའ་གཅིག་ཏུ་ངེས་བཟུང་མི་དགོངས་སོ། ། ཉི་ཚེའི་དམྱལ་བ་དག་ནི་རེ་རེའམ་དུ་མ་དག་ཀྱང་རུང་སྟེ་སོ་སོའི་ལས་ལས་གྲུབ་པའི་རྣམ་པའི་བྱེ་བྲག་མང་པོ་ཅན་གནས་ངེས་པར་མེད་པར་བཤད་དོ། ། མདོར་ན་ཚ་དམྱལ་བརྒྱད་དང་གྲང་དམྱལ་བརྒྱད། ། ཉི་ཚེ་བ་དང་ཉེ་འཁོར་བ་བཅས་དམྱལ་ཁམས་བཅོད་བརྒྱད་དོ། །

14.ཡི་དྭགས། 《མཛོད》ལྟར་ན། འཛམ་གླིང་འདིའི་འོག་དཔག་ཚད་ལྔ་བརྒྱ་ན་ཡི་དྭགས་ཀྱི་རྒྱལ་པོ་གཤིན་རྗེ་གནས་ཤིང་། དེའི་འཁོར་དུ《དྲན་ཉེ》ལས། ཡི་དྭགས་ལྟོ་གུག་དང་། ཁ་ཁབ་མིག་ལྟར་ཕྲ་བ་ལ་སོགས་སུམ་ཅུ་རྩ་དྲུག་གསུངས་ཏེ། དེ་ནི་རྩ་བའི་གནས་ཡིན་ཞིང་། དེ་ལས་འཕྲོས་པ་ནི་མ་ངེས་པ་གཞན་དང་གཞན་དུ་ཡོད་ལ། དེ་ལས་ལྷ་མིན་ཡི་དྭགས་ཀྱི་རིས་སུ་གཏོགས་པ་ལ་སོགས་ཡི་དྭགས་རྫུ་འཕྲུལ་ཅན། ཁ་ཅིག་ལྷའི་དཔལ་ལྟ་བུ་ཉམས་སུ་མྱོང་བའང་ཡོད་པར་བཤད་དོ། །

15.འཇིགས་པ་བརྒྱད་དང་བཅུ་དྲུག པདྨ་རིག་འཛིན་གྱིས། འཇིགས་པ་བརྒྱད་གང་ཞེ་ན། མེའི་འཇིགས་པ་དང་། ཆུའི་འཇིགས་པ། དུག་གི་འཇིགས་པ། མཚོན་གྱི་འཇིགས་པ། དམག་གི་འཇིགས་པ། དགྲའི་འཇིགས་པ། མུ་གེའི་འཇིགས་པ། འཆི་བའི་འཇིགས་པའོ་ཞེས་གསུངས་ལ། འཇིགས་པ་བཅུ་དྲུག་ནི། 《དུས་འཁོར》ལས། དགྲ་བོ་སེང་གེ་གླང་བོའི་དབང་པོ་མེ་དང་བྲང་འགྲོའི་དབང་པོ་ཆོམ་རྐུན་ཞགས་པས་བཅིངས་པ། རྒྱ་མཚོ་འཁྲུག་དང་ཤ་ཟ་དང་ནི་འཆི་འཇིགས་བྱེད་པའི་ནད་དང་བདག་པོས་ངེས་པར་འཆི། ཕོངས་པ་དང་ནི་བུད་མེད་བྲལ་དང་རྒྱལ་ལོ་འཁྲུགས་པས་འཇིགས་དང་ལྷ་འདྲེ་འབབ་པ་དང་ནི་ནོར་ཉམས་དང་ཞེས་གསུངས་པ་ལྟར་རོ། །

16.སྨོན་དང་འཇུག་པའི་བདག་ཉིད། 《མངོན་རྟོགས་རྒྱན》ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། ། ཡང་དག་རྫོགས་པའི་བྱང་ཆུབ་འདོད། ། ཅེས་གསུངས་པ་ལྟར་བྱང་ཆུབ་ཀྱི་སེམས་ལ་མཚན་གཞིའི་སྒོ་ནས་སྨོན་པ་སེམས་བསྐྱེད་ཀྱི་སྡོམ་པ་དང་འཇུག་པ་སེམས་བསྐྱེད་ཀྱི་སྡོམ་པ་གཉིས་སུ་དབྱེ་ལ། ཐེག་ཆེན་སློབ་པའི་སེམས་བསྐྱེད་ཀྱི་ཚུལ་ཁྲིམས་གང་ཞིག གཞན་དོན་དུ་རྫོགས་བྱང་འཐོབ་པར་འདོད་པའི་སེམས་མཚུངས་ལྡན་དང་བཅས་པ་ནི་སྨོན་པ་སེམས་བསྐྱེད་ཀྱི་སྡོམ་པ་དང་། ཚུལ་ཁྲིམས་གང་ཞིག དེའི་དོན་དུ་སྤྱོད་པ་རྒྱ་ཆེན་པོ་ལ་བརྩོན་པར་འདོད་པའི་སེམས་པ་མཚུངས་ལྡན་དང་བཅས་པ་ནི་འཇུག་པ་སེམས་བསྐྱེད་ཀྱི་སྡོམ་པ་ཡིན་ལ། སྨོན་འཇུག་གཉིས་ཀྱི་མཚན་གཞིའང་ཐེག་ཆེན་ཚོགས་སྦྱོར་བའི་རྒྱུད་ཀྱི་སེམས་བསྐྱེད་རྣམས་དང་། བྱང་འཕགས་རྗེས་ཐོབ་ཀྱི་ངོ་བོར་གྱུར་པའི་སེམས་བསྐྱེད་ལྟ་བུའོ། །

17.ཁམས་གསུམ། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས། གཟུགས་མེད་པའི་ཁམས་བཅས་གསུམ་ཡིན་ལ། དམྱལ་བ་བརྒྱད་དང་བྱོལ་སོང་དང་ཡི་དྭགས་གཉིས་ཏེ་བཅུ་དང་། གླིང་བཞི་དང་འདོད་པའི་ལྷ་དྲུག་དང་བཅུ་སྟེ། སྤྱིར་གནས་ཉི་ཤུ་ནི་འདོད་པའི་ཁམས། བསམ་གཏན་དང་པོ་ནས་བཞི་བའི་བར་གནས་བཅུ་བདུན་ནི་གཟུགས་ཀྱི་ཁམས། ནམ་མཁའ་་མཐའ་ཡས་སྐྱེ་མཆེད་ནས་འདུ་ཤེས་ཡོད་མིན་མེད་མིན་ཆད་གནས་བཞི་ནི་གཟུགས་མེད་པའི་ཁམས་སོ། །

18.ཚད་མེད་བཞི། བྱམས་པ་ཚད་མེད་པ་དང་། སྙིང་རྗེ་ཚད་མེད་པ་དང་། དགའ་བ་ཚད་མེད་པ་དང་། བཏང་སྙོམས་ཚད་མེད་པ་སྟེ་བཞི་ཡིན་ལ། དཔལ་བརྩེགས་ལོ་ཙཱ་པས། ཚད་མེད་པ་བཞི་ནི་འཇིག་རྟེན་པ་དག་བུ་ཚ་དང་གཉེན་འཁོར་དང་ཉི་ཚེ་ལྟ་བུ་ལ་བྱམས་པ་དང་། ཉན་ཐོས་དག་སེམས་ཅན་ཉུང་ཙམ་ཞིག་གི་དོན་བྱེད་ཅིང་བྱམས་པ་ལྟ་བུ་ནི་མ་ཡིན་གྱི། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་དང་འདྲ་བར་བྱམས་པ་དང་སྙིང་རྗེ་བསྐྱེད་པའི་ཕྱིར་རོ། ། དེ་ཡང་བྱམས་པ་ནི་སེམས་ཅན་ཐམས་ཅད་བདེ་བ་ལ་འགོད་པས་ཕན་གདགས་སོ་སྙམ་དུ་སེམས་པའོ། ། སྙིང་རྗེ་ནི་སེམས་ཅན་ཐམས་ཅད་ཉོན་མོངས་པ་དང་བྲལ་ཞིང་སྡུག་བསྔལ་བསལ་བས་ཕན་གདགས་སོ་སྙམ་དུ་སེམས་པའོ། ། དགའ་བ་ནི་སེམས་ཅན་རྣམས་ལ་གོང་མ་ལྟར་ཕན་པ་དང་བདེ་བར་དོན་བྱས་པ་ལེགས་སོ་སྙམ་དུ་སེམས་པའོ། ། བཏང་སྙོམས་ནི་སེམས་ཅན་བདེ་བ་དང་གྲོལ་བར་བྱས་ཟིན་པ་རྣམས་ལ་ཡང་གྲོལ་བར་བྱ་མི་དགོས་པས་བཏང་སྙོམས་སུ་བཞག་པའོ་ཞེས་གསུངས།

19.ཕྱིན་དྲུག སྦྱིན་པ་དང་། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ་བཅས་དྲུག་གི་ཕ་རོལ་ཏུ་ཕྱིན་པའོ། ། དེ་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་དང་ཟང་ཟིང་དང་མི་འཇིགས་པ་གསུམ་གྱི་སྦྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། དགེ་བ་སྡུད་པ་དང་མི་དགེ་བ་སྡོམ་པ་དང་སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་རྣམ་པ་གསུམ་མོ། །

20.བསྡུ་དངོས་བཞི། སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་སྤྱོད་པ་དང་། དོན་མཐུན་པ་བཅས་བཞི། ལོ་ཙཱ་པ་དཔལ་བརྩེགས་ཀྱིས། ཟ་བ་དང་བགོ་བ་ལ་སོགས་པ་ལུས་ཀྱི་ལོངས་སྤྱོད་ཅི་དགོས་པས་མགུ་བར་བྱེད་པ་ནི་སྦྱིན་པའོ། ། སེམས་མགུ་བར་བྱེད་ཀྱི་འོག་ཏུ་དམ་པའི་ཆོས་བསྟན་ཞིང་བཤད་དེ་མི་དགེ་བ་ལས་བཟློག་ཅིང་དགེ་བ་ལ་འཛུད་པ་ནི་སྙན་པར་སྨྲ་བའོ། ། ཚིག་ཏུ་སྨྲ་བར་མ་ཟད་ཀྱི་བདག་ཉིད་སྨྲ་བ་དང་མཐུན་པར་ཉམས་སུ་ལེན་པ་ནི་དོན་སྤྱོད་པའོ། ། གཞན་ལ་ཇི་སྐད་ཆོས་བསྟན་པ་དེ་བཞིན་དུ་བདག་ཉིད་ཀྱང་དེ་དང་མཐུན་པར་བྱེད་ལ་གཞན་ལ་ཡང་བྱེད་དུ་འཇུག་པ་ནི་དོན་མཐུན་པའོ་ཞེས་གསུངས།

21.སྟོབས་བཞི། རྟེན་གྱི་སྟོབས་དང་། རྣམ་པར་སུན་འབྱིན་པའི་སྟོབས། ཉེས་པ་ལས་སླར་ལྡོག་པའི་སྟོབས། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་བཅས་སྡིག་པ་བཤགས་པའི་སྟོབས་བཞི། དེ་ཡང་རྟེན་གྱི་སྟོབས་ནི་གཙོ་རྒྱལ་མ་སོགས་སྐྱབས་འགྲོ། རྣམ་པར་སུན་འབྱིན་པའི་སྟོབས་ནི་འགྱོད་པ་དྲག་པོས་ལྟུང་བའི་མིང་ནས་སྨོས་པ། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ནི་དེ་བཞིན་གཤེགས་པའི་ཡིག་བརྒྱ་གཙོ་བོར་གྱུར་པའི་གཟུངས་སྔགས་བཟླ་བ་སོགས་གཉེན་པོ་དྲུག་ཏུ་གྲགས་པ། སོར་ཆུད་པའི་སྟོབས་ནི་ཕྱིན་ཆད་མི་བྱེད་པར་བསྡམ་པའོ། །

22.ན་རཀ ལེགས་སྦྱར་སྐད་དེ་ན་ར་ཀ་ཞེས་ཀྱང་བྱ་ལ་དམྱལ་བ་ཞེས་པའི་དོན། དེ་ཡང་ཡི་གེ་ཕྱིས་བསྣན་གྱི་ངེས་པས་ན་དགག་ཚིག་དང་ར་ཀ་ནི་དགའ་བར་འགྱུར་བས་ཡིད་དུ་འོང་བ་ཅུང་ཟད་ཀྱང་མེད་པས་སམ། ར་ཀ་ལེན་པ་ལ་སྦྱར་བ་ན་བསོད་ནམས་མིན་པར་ཁྲིད་པས་དམྱལ་བའོ། །

23.སྟོང་གསུམ། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི《རྟག་ཏུ་ངུ་བའི་རྟོགས་བརྗོད》ཀྱི་མཆན་རྟགས་ཨང37ལ་གཟིགས།

24.སྤྲུལ་སྐུ། སྤྲུལ་སྐུའི་སྒྲ་དོན་ནི། ངེས་པར་གཞན་དུ་བསྒྱུར་ཏེ་སྤྲུལ་པའི་རང་བཞིན་གྱི་ལུས་ཡིན་པར་ཕྱིར་ཏེ། སློབ་དཔོན་སྟོབས་བཅུ་དཔལ་བཤེས་ཀྱིས། སྤྲུལ་པ་ནི་སྤྲུལ་པ་ཉིད་དེས་གྲུབ་པའི་སྐུ་སྟེ་སྤྲུལ་པའི་སྐུའོ་ཞེས་གསུངས།

25.འོག་མིན་ལོངས་སྤྱོད་རྫོགས། སངས་རྒྱས་ཀྱི་ལོངས་སྐུ་སྟེ། ལོངས་སྐུའི་སྒྲ་དོན་ནི། 《མངོན་རྟགས་རྒྱན》ལས། ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། ། ཐུབ་པའི་ལོངས་སྤྱོད་སྐུར་བཞེད། ། ཅེས་གསུངས་པ་ལྟར་ཐེག་པ་ཆེན་པོའི་རྟོགས་པའི་ཆོས་རྫོགས་པར་ལོངས་སྤྱོད་པའི་རྟེན་ཡིན་པས་སམ་རྫོགས་པར་ལོངས་སྤྱོད་པའི་ཕྱིར་ཐེག་ཆེན་གྱི་ཆོས་སྟོན་པས་སོ། ། མཚན་ཉིད་ནི་འོག་མིན་ཆེན་པོ་རྒྱན་སྟུག་པོ་བཀོད་པར་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་སྐུས་རྒྱལ་སྲས་འཕགས་པ་རྣམས་དང་ལྷན་ཅིག་ཏུ་ཐེག་པ་ཆེན་པོའི་ཆོས་ཁོ་ན་ལ་རྒྱུན་མི་འཆད་པར་ཉེ་བར་ལོངས་སྤྱོད་པ་སྟེ། 《མངོན་རྟོགས་རྒྱན》ལས། མཚན་ཉིད་སུམ་ཅུ་རྩ་གཉིས་དང་། ། དཔེ་བྱད་བརྒྱད་ཅུའི་བདག་ཉིད་འདི། ། ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། ། ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། ། ཅེས་གསུངས་སོ། །

26.ཆོས་ཉིད་ཆོས་སྐུ། ཆོས་སྐུའི་ངེས་ཚིག་ནི། འདུས་བྱས་དང་འདུས་མ་བྱས་རྣམ་ངེས་སུ་རྒྱལ་པོ་ལ་གདམས་པའི་རྣམ་འགྲེལ་གྱི་ལུང་དྲངས་པར་ཆོས་ཉིད་ཀྱི་སྐུ་ནི་ཆོས་སྐུའོ། ། དེ་ནི་ཆོས་ཐམས་ཅད་ཀྱི་ལུས་ཡིན་པས་འགྲོ་བ་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱི་རང་བཞིན་ལས་མ་འདས་པའི་ཕྱིར་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད་ཀྱི་རྟེན་ཡིན་པ་ཉིད་ཀྱི་སྐུའོ་ཞེས་ངྷརྨ་ཏཱ་ཡ་ལ་ཏཱ་ཕྱིས་པི་སྒྲ་བཤད་ཀྱི་ཚུལ་འབྱུང་བ་ལྟར་རོ། །

27.བརྒྱུད་གསུམ། རིང་བརྒྱུད་བཀའ་མ་དང་། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་གི་བརྒྱུད་པ་སྟེ་གསངས་སྔགས་རྙིང་མའི་བརྒྱུད་པ་གསུམ་མོ། །

28.གནས་གསུམ་ཡི་གེ། ཨོཾ་ཨཱ་ཧཱུཾ་སྟེ་སྤྱི་གཙུག་དང་། མགྲིན་པ། སྙིང་ག་བཅས་གནས་གསུམ་དུ་སྒོམ་པའི་ཡི་གེ།

29.དབང་བཞི། སྤྱན་སྔ་པ་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི《དགྱེར་གཞོན་ནུ་འོད་ལ་བསྟོད་པ་ནོར་བུའི་ཕྲེང་བ》ཞེས་པའི་རྟགས་མཆན་ཨང6པར་གཟིགས།

30.ལམ་བཞིའི་ཉམས་ལེན། བུམ་དབང་གི་ལམ་བསྐྱེད་རིམ་ཕྲ་མོ་དང་་རགས་པ། གསང་དབང་གི་ལམ་འོད་གསལ་སྟོང་པ་ཉིད། ཚིག་དབང་གི་ལམ་ཟུང་འཇུག་གི་གོ་འཕང་ངོ་། །

34.བརྒྱད་ཁྲི་བཞི་སྟོང་དམ་ཆོས། ཤར་སྐལ་ལྡན་རྒྱ་མཚོའི《མགུར་མའི་རིམ་པ》ཞེས་པའི་མཆན་རྟགས་ཨང10པར་གཟིགས།

35.ལྷ་འཕོ་ལྟུང་གི་སྡུག་བསྔལ། སློབ་དཔོན་ཀླུ་སྒྲུབ་ཀྱིས། མཐོ་རིས་འཆི་འཕོ་སྦྲོན་བྱེད་སྔ་ལྟས་ལྔ། ། ལྷ་ཡུལ་གནས་པའི་ལྷ་རྣམས་ལ་བྱུང་སྟེ། ། ས་སྟེང་མི་རྣམས་འཆི་བར་འགྱུར་བ་དག ། སྦྲོན་པར་བྱེད་པའི་འཆི་ལྟས་རྣམས་དང་འདྲ། ། ཞེས་གསུངས་པ་ལྟར། ། ལྷ་རྣམས་ལྷའི་རང་ཞག་བདུན་གྱི་གོང་དུ་འཆི་ལྟས་འབྱུང་སྟེ། དེ་ཡང་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ཞག་གཅིག་ལ་མིའི་ལོ་ལྔ་བཅུ་དང་། སུམ་ཅུ་རྩ་གསུམ་གྱི་ལྷའི་ཞག་གཅིག་ལ་མི་ལོ་བརྒྱ་ཡིན་པས། སྔར་ཡུན་རིང་དུ་ལྷའི་དཔལ་འབྱོར་ལ་སྤྱད་ཀྱང་བདེ་བར་ཆགས་པས་སེམས་ཁྲིད་ནས་ཡུན་རིང་བ་མ་ཤེས་པས་སྐྱིད་དུ་མ་ཚོར་ལ། འཆི་འཕོའི་རྟགས་མངོན་དུ་གྱུར་པ་ན་སེམས་ཀྱི་སྡུག་བསྔལ་དྲག་པོ་ཡུན་རིང་དུ་འཁོར་དགོས་པའི་སྣང་བ་འབྱུང་བས། དེའི་ཞག་བདུན་གྱི་སྡུག་བསྔལ་དེ་ཡང་ཡུན་རིང་ཞིང་དོས་དྲག་པ་ཡིན། ཡང་སློབ་དཔོན་དེ་ཉིད་ཀྱིས། ལྷ་ཡི་འཇིག་རྟེན་དག་ནས་འཕོས་པ་ལ། ། གལ་ཏེ་དགེ་བའི་ལྷག་མ་འགའ་མེད་ན། ། དེ་ནས་དབང་མེད་ཡི་དྭགས་དུད་འགྲོ་དང་། ། དམྱལ་བར་གནས་པ་གང་ཡང་རུང་བར་འགྱུར། ། ཞེས་པ་ལྟར་རོ། །

36.འགྱུར་བའི་སྡུག་བསྔལ། སྡུག་བསྔལ་གསུམ་གྱི་ཡ་གྱལ། གཟུགས་ཀྱི་ཁམས་ཀྱི་ལྷ་རྣམས་ནི་བསམ་གཏན་ལ་གནས་པས་ཕལ་ཆེར་ཚོར་བ་བདེ་བ་དང་ལྡན་ཏེ། རེ་ཞིག་བདེ་ཡང་གཏན་དུ་དེ་ནས་མི་གནས་ཏེ། ཚེ་ཟད་ནས་གཞན་ཏུ་འགྱུར་བ་ལྟ་བུ་ནི་འགྱུར་བའི་སྡུག་བསྔལ་ལོ། །

37.བློ་གཏད་ཕེར་བ། བློ་གཏད་ཐུབ་པའམ་ཡིད་ཆེས་བྱེད་ཆོག་པའི་དོན།

38.ཡུལ་ལྔ། དབང་པོ་ལྔའི་ཡུལ་གཟུགས་སྒྲ་དྲི་རོ་རེག་བྱ་ཆོག་པའི་དོན།

39.དབང་ལྔ། མིག་གི་དབང་པོ་དང་། རྣ་བའི་དབང་པོ། སྣའི་དབང་པོ། ལྕེའི་དབང་པོ། ལུས་ཀྱི་དབང་པོ་བཅས་དབང་པོ་ལྔའོ། །

40.ཆོས་ཀྱི་རྒྱལ་པོ། སྐབས་འདིར་གཤིན་རྗེ་ལ་གོ།

41.འདུས་འབྱས་རང་མཚང་། དངོས་པོ་ཐམས་ཅད་ཀྱི་མི་རྟག་པའི་རང་བཞིན།

42.གཟུངས་སྔགས་རྣམ་འཇོམས། རྣམ་འཇོམས་ཀྱི་གཟུངས་ཞེས་པ་འདོན་རྒྱུའི་སྔགས་ཤིག

43.སྐྱས་ཆེན་འདེགས་པ། སྐྱས་ནི་ཐག་རིང་བའི་དོན་ཡིན་པས། སྐྱས་ཆེན་འདེགས་པ་ནི་ཚེ་འདི་ནས་ཚེ་ཕྱི་མ་ཐག་རིང་པོར་འགྲོ་བ་སྟེ་འཆི་བའི་མིང་།

44.གཏུམ་མོ་སྦར་བ། དེ་ཡང་ལྟེ་བའི་རྩ་འཁོར་གྱི་དཀྱིལ་དུ་ཁྲག་དེའི་དྭངས་མ་ཟུར་གསུམ་ཞིག་ཡོད་པ་དེ་ལ་ལྟེ་བའི་གཏུམ་མོ་ཟེར་ཞིང་། འོག་སྒོ་བཙུམས་ནས་འོག་རླུང་ཡང་འཐེན་ཏེ་ལྟེ་བའི་བར་དུ་སླེབས་པར་བསམ་པའི་རྗེས་སུ། ཁ་བཙུམས་ནས་སྣ་བུག་སྤྱི་བོའི་རྩ་འཁོར་བརྒྱུད་ནས་ལྟེ་བའི་བར་དུ་ཐད་ཀར་སླེབས་པར་བསམས་ཏེ་རླུང་སྟེང་འོག་ཁ་སྦྱོར་བཟུང་བ་དང་རྩ་རླུང་ཐིག་ལེ་གནད་དུ་བསྣུན་པས། ལྟེ་བའི་ཁྲག་གི་དྭངས་མའམ་ལྟེ་བའི་ཨ་ཐུང་ཡང་ཞེས་པ་དེ་ལས། ཕུང་ཁམས་མ་དག་པ་རྣམས་སྲེག་ཅིང་ཉོན་མོངས་རྣམ་རྟོག་ཐམས་ཅད་འཇོམས་པའི་གཏུམ་པོའི་ལས་བྱེད་ཅིང་ལྷན་ཅིག་གི་ཡེ་ཤེས་མྱུར་དུ་སྐྱེད་པར་བྱེད་པའི་དྲོད་མེ་ངར་ལ་ཚ་བ་སྐྱེས་པ་དེར་གཏུམ་མོ་སྦར་བ་ཞེས་བྱའོ། །

45.ངེས་འབྱུང་། ཁམས་གསུམ་བཙོན་ར་དང་འདྲ་བ་ནས་ཐར་ཅིང་མྱ་ངན་ལས་འདས་པའི་གནས་སུ་བདེ་བར་ཕྱིན་པ་སྟེ་འཁོར་བའི་གནས་མཐའ་དག་ལས་ཐར་པར་འདོད་པའི་སེམས་ནི་ངེས་འབྱུང་ཡིན་ལ། དེ་ནི་སླར་མི་ལྡོག་པར་སོང་བས་རྟག་པ་དང་དོན་དམ་པར་དགེ་བས་གཞན་ལ་ཕན་པའི་གཞི་ཡིན་པའི་མཚན་ཉིད་ཅན་རྣམས་སུ་རིགས་པར་བྱ་བའོ། ། ངེས་འབྱུང་གི་ངེས་ཚིག་ནི《མཛོད་འགྲེལ》ལས། ཡིན་བརྟན་པའི་མཆོག་ཡིན་པའི་ཕྱིར་ངེས་པར་འབྱུང་བའོ་ཞེས་གསུངས་པའོ། །

46.རཱ་ཛའི་ཆོ་འཕྲུལ། རྒྱལ་པོའི་ཆོ་འཕྲུལ་ཞེས་པའི་དོན་ཏེ། རཱ་ཛ་ཞེས་པ་ལེགས་སྦྱར་སྐད་དེ་བོད་སྐད་དུ་བསྒྱུར་ན་རྒྱལ་པོ་ཞེས་པ་བཙན་སོགས་ཀྱི་ཡ་གྱལ་ལ་གོ།

47.འདོད་ཡོན་ལམ་ཁྱེར། སྤྱིར་འདོད་པའི་ཡོན་ཏན་གཟུགས་སྒྲ་དྲི་རོ་རེག་བྱ་ལྔ་བོ་ནི་ཆོས་ཀྱི་འགལ་རྐྱེན་ཡིན་པས་སྤང་དགོས་ཀྱང་། གསང་སྔགས་ཀྱི་ཆོས་བྱས་ནས་གོ་རྟོགས་མཐོན་པོར་སླེབས་པ་ན་འགལ་རྐྱེན་དུ་མི་འགྱུར་བར་མཐུན་རྐྱེན་གྲོགས་སུ་བསྒྱུར་ཐུབ་པའི་དོན་ནོ། །

48.ལོག་ལྟ། དངུལ་ཆུ་ངྷརྨ་བྷ་དྲས་མཛད་པའི《བསླབ་བྱ་རིན་པོ་ཆེའི་དོ་ཤལ》ཞེས་པའི་མཆན་རྟགས་ཨང25ལ་གཟིགས།

49.བརྟུལ་ཞུགས་སྤྱོད་པ། ཆོས་ཀྱི་གོ་རྟོགས་མཐོན་པོར་སོང་བ་ན། དུག་ཟོས་ཀྱང་མི་འཆི་བ་དང་། མེས་མི་ཚིག་པ་དང་། དགུན་ཁ་གོས་མེད་ཀྱང་མི་འཁྱག་པ་སོགས་བྱུང་བ་དེའི་མཚམས་ནས། བུད་མེད་བསྟེན་པ་དང་ཆང་འཐུང་བ་སོགས་ཆོས་ཀྱི་འགལ་རྐྱེན་དུ་འགྲོ་བ་ཐམས་ཅད་མཐུན་རྐྱེན་དུ་བསྒྱུར་ཐུབ་པ་ལ་བརྟུལ་ཞུགས་སྤྱོད་པ་ཞེས་བྱའོ། །

50.མཐོང་ལམ། ལམ་ལྔའི་ནང་གསེས། རྣམ་པར་གྲོལ་བའི་འཇུག་ངོགས་གང་ཞིག་དེ་ཁོ་ན་ཉིད་སྔར་མ་མཐོང་བ་གསར་དུ་མཐོང་ཞིང་འཕགས་པའི་སར་ཕྱིན་པར་བྱེད་པ་དང་། ཆོས་ཉིད་ཇི་ལྟ་བ་བདག་མེད་མངོན་སུམ་རྟོགས་ཤིང་ཆོས་ཅན་ཇི་སྙེད་པའི་དོན་ཡང་ཅི་རིགས་པར་རྟོགས་པ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམས་པས་སྤང་བྱ་མཐོང་སྤང་གི་ཉོན་མོངས་པ་རྣམས་རྩད་ནས་བཅོམ་པའི་ཚུལ་གྱིས་སྤོང་ཞིང་། འཇིགས་པ་ལྔ་དང་བྲལ་ཞིང་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་སོགས་ཐོབ་པར་བྱེད་པའི་ལམ་སྟེ། སྟག་བྲག་པཎྜི་ཏས། མཐོང་ལམ་གྱི་ངོ་བོ་ནི། ཆོས་ཉིད་མངོན་སུམ་དུ་མཐོང་བའི་ཡེ་ཤེས་གསར་དུ་ཐོབ་པ་ལ་འཇོག་དགོས་པ་དང་བདེན་བཞི་མི་རྟག་ལ་སོགས་བཅུ་དྲུག་གི་རྣམ་པ་མངོན་སུམ་དུ་རྟོགས་པ་ཡིན་ཞིང་། ཕྱིན་ཅི་ལོག་སྤངས་པ་དང་། སྟོང་ཉིད་མཐོང་བ་དང་། བདག་མེད་མཐོང་བ་དང་། ལྷག་པའི་བསླབ་པ་གསུམ་ཐོབ་པ་དང་། ཀུན་སྦྱོར་གསུམ་ལ་སོགས་པ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པའི་སྤངས་རྟོགས་ཀྱི་ཁྱད་པར་ལྡན་པ་ཡིན་ཞེས་གསུངས་སོ། །

51.རོ་སྙོམས། ལུས་ལ་ན་ཚ་ཡོད་པ་དང་མེད་པ་རོ་སྙོམས་པ། དགྲ་གཉེན་ལ་ཆགས་སྡང་རོ་སྙོམས་པ། བདེ་སྡུག་ལ་ཡིད་དགའ་མི་དགའ་རོ་སྙོམས་པ། གཞན་གྱིས་བསྟོད་སྨད་གང་རུང་ཡང་རོ་སྙོམས་པའོ། །

52.ཆོས་བརྒྱད། རྗེ་འདི་བའི《རྒྱལ་བའི་མྱུ་གུ་ཆོས་ཀྱི་དགའ་བའི་ཚལ》ཞེས་བྱ་བའི་མཆན་རྟགས་ཨང5ལ་གཟིགས།

53.ཐུགས་བསྐྱེད། སེམས་བསྐྱེད་ཅེས་པ་སྟེ། ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི《ཙ་རི་ཏྲར་སྒྲུབ་སྐབས་ཀྱི་མགུར་གླུ》ཞེས་པའི་མཆན་རྟགས་ཨང2ལ་གཟིགས།

54.གསེར་གྱི་འཁོར་ལོས་བསྒྱུར་པ། དེ་ཡང་རྒྱལ་པོ་གསོ་སྦྱོང་འཕགས་ཀྱི་སྤྱི་བོར་ཤ་རྨེན་བྱུང་བ་ལས་ང་ལས་ནུ་བྱུང་། དེ་ཉིད་ཁང་སྟེང་ན་ཡོད་པ་ལ་གསེར་གྱི་འཁོར་ལོ་ནམ་མཁའ་ལས་བྱུང་བ་ཤར་ཕྱོགས་ལས་རྒྱལ་བར་གྱུར་ཅིག་ཅེས་འཕངས་པས་འཁོར་དང་བཅས་པ་དེར་ཕྱིན་ཏེ། རིམ་གྱིས་གླིང་བཞི་སུམ་ཅུ་རྩ་གསུམ་དང་བཅས་པས་མདུན་བསུས་ནས་མངའ་དབང་དུ་མཛད་པས་འཁོར་ལོས་བསྒྱུར་པ་ཆེན་པོ་ཡིན་ལ། འདིར་གསེར་གྱི་འཁོར་ལོས་བསྒྱུར་པ་ཞེས་པ་ནི་མངའ་ཐང་ཆེན་པོར་གོ།

55.བསྐྱེད་རིམ། བསྐྱེད་རིམ་གྱི་སྒྲ་དོན་ནི། ཨུཏྤ་ནྟི་ཞེས་པ་བཅོས་མ་ལ་འཇུག་པས། རྣམ་རྟོག་གིས་བསྐྱེད་པ་དང་། རྣམ་རྟོག་གིས་བཅོས་པའི་དོན་ཏེ། བརྟགས་པའི་རིམ་པ་དང་བཅོས་མའི་རྣལ་འབྱོར་ཞེས་ཀྱང་བྱ་ལ། ངོ་བོ་རྣམ་པར་རྟོག་པས་བཅོས་ཤིང་བརྟགས་པའི་ལམ་འཁོར་དང་བཅས་པ་ནི་བསྐྱེད་རིམ་ཡིན་ལ། དེའི་ངོ་བོ་ནི། རང་གི་དངོས་སྒྱུ་རྣམ་རྟོག་གི་རྩོལ་བ་ལས་བྱུང་བ། ངོ་བོ་ནང་སྟོང་བདེ་བའི་ལྷ་སྐུ། ཁྱད་པར་སྐྱེ་ཤི་བར་དོ་གསུམ་དང་རྣམ་པ་མཐུན་པར་བསྒོམ་པའོ། ། བླ་མ་ས་སྐྱ་ཆེན་པོས་ཁྱད་པར་བཞི་ལྡན་གྱི་ལྷ་སྐུར་གསུངས་ཏེ། ཆོ་གའི་ཁྱད་པར་དག་རྫོགས་སྨིན་གསུམ་ཚང་བ། འབྲས་བུའི་ཁྱད་པར་རང་འབྲས་སྐྱེད་ནུས་པ། ངོ་བོའི་ཁྱད་པར་ཞུ་བདེའི་རྣམ་པ་ཅན་ནོ། །

56.དག་རྫོགས་སྨིན་གསུམ། སྔགས་ནང་རྒྱུད་ཀྱི་བསྐྱེད་རིམ་སྤྱིའི་ངོ་བོར་དག་རྫོགས་སྨིན་གསུམ་ཚང་དགོས་པ་སྟེ། འཁོར་བའི་སྐྱེ་འཆི་བར་དོ་གསུམ་དང་སྐྱེ་གནས་བཞི་ལ་སོགས་པའི་རྣམ་པ་དང་མཐུན་པར་བསྒོམས་པས་སྲིད་པ་གསུམ་པའི་ཞེ་སྣང་ཐམས་ཅད་སྦྱང་ཞིང་དག་པར་གྱུར་པ་དང་། མྱང་འདས་དང་མཐུན་པར་ཏིང་འཛིན་གསུམ་དང་། ཞིང་དང་ལྷ་སོགས་ཀྱི་རྣམ་པ་བསྒོམས་པས་འབྲས་བུ་སྐུ་གསུམ་གྱི་ཡོན་ཏན་རྣམས་གཞི་ལ་རྫོགས་པ་སྟེ་མངོན་དུ་སད་རུང་གི་ནུས་པ་ཁྱད་པར་ཅན་འབྱུང་བ་དང་། དེ་ལྟར་དག་རྫོགས་གཉིས་ཀའང་རྡོ་རྗེའི་ལུས་ཀྱི་རྩ་ཐིག་རླུང་གསུམ་གནད་དུ་བསྣུན་ནས་རྫོགས་རིམ་གྱི་དཔེའི་ཡེ་ཤེས་དང་དོན་གྱི་འོད་གསལ་སྐྱེ་བའི་སྨིན་བྱེད་དུ་འགྲོ་བའོ། །

57.རྫོགས་རིམ། རྡོ་རྗེའི་ལུས་ལ་གནད་དུ་བསྣུན་ཏེ་རྩ་ཐིག་རླུང་གསུམ་ལས་སུ་རུང་བ་ལ་བརྟེན་ནས་སྟོང་བཞིས་དྲངས་པའི་འོད་གསལ་དང་། དགའ་བཞིས་དྲངས་པའི་ལྷན་སྐྱེས་ཡེ་ཤེས་མངོན་དུ་བྱེད་པའི་ཤེས་རབ་ཁྱད་པར་ཅན། རྫོགས་པའི་སྐད་དོད་ནི་ཏྤནྣ་ནི་ཡོངས་སུ་རྫོགས་པའམ་རྣལ་མ་ལའང་འཇུག་པས། དངོས་གནས་ལ་ཡོངས་སུ་གྲུབ་པའམ་རྣལ་མའམ་རང་བཞིན་ལ་ཡོད་པའི་དོན་ཏེ། གསར་དུ་མ་བསྐྱེད་ཀྱང་སྔོན་ཉིད་ནས་རྫོགས་པར་གྲུབ་པའི་ཆོས་ཤིག་བསྒོམ་པའི་དོན་ནོ། ། རིམ་པ་ནི་ལམ་རིམ་མོ། ། རྣམ་རྟོག་གིས་གསར་དུ་མ་བཅོས་པར་ལྷན་ཅིག་སྐྱེས་པའི་རྣལ་འབྱོར་གྱི་ལམ་འཁོར་དང་བཅས་པ་ནི་རྫོགས་པའི་རིམ་པའོ། ། རྫོགས་རིམ་གྱི་ངོ་བོ་ནི། དབུ་མར་རླུང་སེམས་ཞུགས་པ་དང་གནས་པ་དང་ཐིམ་པ་ལས་བྱུང་བའི་ཡེ་ཤེས་ཐུན་མོང་མ་ཡིན་པའི་རྒྱུ་འབྲས་དང་བཅས་པའོ། །

58.ཉོན་མོངས་དུག་ལྔ། འདོད་ཆགས་དང་། ཞེ་སྡང་། གཏི་མུག ང་རྒྱལ། ཕྲག་དོག་བཅས་ལྔའོ། །

59.རང་བྱོན་ཡིག་དྲུག རྩོལ་བ་ལ་མ་བརྟེན་པར་བྱུང་བའམ་མ་བཅོས་ངང་གིས་གྲུབ་པའི་ཨོཾ་མ་ཎི་པདྨེ་ཧཱུཾ་ཞེས་སྤྱན་རས་གཟིགས་ཀྱི་སྙིང་པོ་གཟུངས་སྔགས་ཡི་གེ་དྲུག

60.བྱམས་དང་སྙིང་རྗེ། ཀརྨ་རང་བྱུང་རྡོ་རྗེས་མཛད་པའི《དཔལ་གྱི་སྡེའི་སྐྱེས་པའི་རབས》ཞེས་པའི་མཆན་རྟགས་ཨང14དང15པར་གཟིགས།

61.མིག་མི་འཛུམ། ཐ་སྙད་འདི་ནི་ཉ་མོ་དང་། ལྷ་དང་། སྤྱན་རས་གཟིགས་སོགས་ལ་འཇུག་པ་ལས་འདིར་ཕྱི་མ་ལ་གོ།

62.རིགས་གསུམ་མགོན། དེ་བཞིན་གཤེགས་པའི་རིགས་ཀྱི་མགོན་པོ་འཇམ་པའི་དབྱངས་དང་། པདྨོའི་རིགས་ཀྱི་མགོན་པོ་སྤྱན་རས་གཟིགས། རྡོ་རྗེའི་རིགས་ཀྱི་མགོན་པོ་ཕྱག་ན་རྡོ་རྗེའོ། །

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-11-21

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།