དགེ་སློང་མ་དཔལ་མོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དགེ་སློང་མ་དཔལ་མོ།
ཁ་ཆེའི་ཁྲི་བརྟན་ཞེས་པའི་ས་ཆ་དེར་ཡབ་རྒྱལ་བོ་དྷ་རྨ་བ་ལ་དང་ཡུམ་སྒྱུ་མ་ལྷ་མཛེས་གཉིས་ཀྱི་སྲས་མོར་སྐུ་འཁྲུངས། ཁོ་མོའི་མིང་བོ་ནི། རྒྱལ་བོ་ཨིནྡྲ་བོ་དྷི་ཡིན། སྲས་མོ་ཆུང་དུས་ཀྱི་མཚན་ལ་ལེགས་སྨིན་དཀར་ལྕམ་ཟེར། 
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
比丘尼帕姆
འཁྲུངས་ཡུལ།
ཁ་ཆེའི་ཁྲི་བརྟན།
ཡབ།
རྒྱལ་བོ་དྷ་རྨ་བ་ལ།
ཡུམ།
སྒྱུ་མ་ལྷ་མཛེས།
ཆུང་དུས་ཀྱི་མཚན།
ལེགས་སྨིན་དཀར་ལྕམ།
1 ​ངོ་སྤྲོད་མདོར་བསྡུས།

ཁ་ཆེའི་ཁྲི་བརྟན་ཞེས་པའི་ས་ཆ་དེར་ཡབ་རྒྱལ་བོ་དྷ་རྨ་བ་ལ་དང་ཡུམ་སྒྱུ་མ་ལྷ་མཛེས་གཉིས་ཀྱི་སྲས་མོར་སྐུ་འཁྲུངས། ཁོ་མོའི་མིང་བོ་ནི། རྒྱལ་བོ་ཨིནྡྲ་བོ་དྷི་ཡིན། སྲས་མོ་ཆུང་དུས་ཀྱི་མཚན་ལ་ལེགས་སྨིན་དཀར་ལྕམ་ཟེར། 

བུ་མོ་ལོ་ན་བརྒྱད་ཙམ་དུ་སོན་སྐབས་མཛེས་ཤིང་ལྟ་ན་སྡུག་པའི་སྙན་པ་གསན་ཏེ། རྒྱ་གར་ཆོས་ཀྱི་རྒྱལ་བོ་དང་། རྒྱ་ནག་སྟོང་འཁུན་རྒྱལ་བོ། གེ་སར་དམག་གི་རྒྱལ་བོ། སྟག་གཟིག་ནོར་གྱི་རྒྱལ་བོ་སོགས་བཙུན་མོར་སློང་བར་ཐོན་ཚེ། ཡབ་རྒྱལ་བོ་དྷརྨ་བ་ལས་རྒྱལ་བོ་དེ་དག་ལ། བཙུན་མོ་འགྲོ་དང་མི་འགྲོ་བུ་མོ་རང་ལ་ཞུའོ་ཞེས་གསུངས་ཏེ། 

སྲས་མོ་ལེགས་སྨིན་དཀར་ལྕམ་ལ་དྲིས་པས། བུ་མོས་འཇིག་རྟེན་འཁོར་བ་འཛིན་པ་ལ་ཞེན་ལོག་འཁྲུངས་ནས། ཡབ་ཡུམ་ཟུང་དང་མིང་བོར་བདག་ལ་ལྷ་ཆོས་རྣལ་མ་ཞིག་བསྒྲུབ་ཏུ་འཇུག་རྒྱུ་ཅིས་ཀྱང་གནང་བར་བྱའོ།། ཞེས་གསོལ་བ་ཕུར་ཚུགས་སུ་བཏབ་པས། ཁོ་བོ་ཅག་ཀྱང་། སྤྱིར་ན་བུ་མོ་རྣམས་ཀྱིས་ཆོས་མགོ་མི་ཐོན་ཞེས་རྒྱུ་མཚན་མང་དུ་བཤད་ཀྱང་། མཐར་སྲས་མོ་ལེགས་སྨིན་དཀར་ལྕམ་གྱི་རེ་བ་ལྟར་ལྷ་ཆོས་བསྒྲུབ་ཆོག་པའི་འཐད་པ་བྱུང་།

དེ་ནས་གཡོག་མོ་བསམ་འཕེལ་མ་ཕྱག་ཕྱིར་ཁྲིད་ནས་བླ་མ་ཇོ་བོ་དཔལ་གྱི་དྲུང་དུ་དམ་ཆོས་ཞུས་ཏེ། ལོ་བཅུ་གཉིས་པར་དུ་བླ་མ་དང་འབྲལ་བ་མེད་པར་ཆོས་ལ་ཧུར་བརྩོན་བྱས་པས། ཤེས་བྱ་ཡོན་ཏན་ཐམས་ཅད་བླ་མ་དང་མཉམ་པར་གྱུར་ཅིང་། 

ད་དུང་ནང་གི་ཉམས་རྟོགས་བླ་མ་ལས་ལྷག་པ་བྱུང་། དེ་ནས་རབ་བྱུང་གི་སྡོམ་པ་མནོས་ཏེ་མཚན་ལ་དགེ་སློང་མ་དཔལ་མོ་ཞེས་གསོལ་ཏོ།། དགུང་ལོ་བཅོ་ལྔ་ལོན་ཚེ། བླ་མ་ཇོ་བོ་དཔལ་གྱིས། ཁྱོད་གཞོན་ནུ་མ་ཞིག་དང་ངེད་སྐྱེས་པ་གཉིས་མཉམ་དུ་བསྡད་ན་གཞན་གྱིས་སྐུར་འདེབས་ཡོང་། ཁྱེད་རང་ལའང་མི་ཁ་ལྡང་། གསུངས་པར་བརྟེན། བླ་མ་ལས་རྒྱང་གྲགས་གཅིག་གི་རིང་བའི་སར་འཇགས་མའི་སྤྱིལ་བུ་ཞིག་ཏུ་བཞུགས། 

དེ་ནས་བསམ་འཕེལ་མ་ཁྲིད་དེ་འབིགས་ཤྲཱིའི་གཙུག་ལག་ཁང་གི་ཉེ་འཁོར་དུ་ཕྱིན་ཏེ་བླ་མའི་ཆོས་གསན་བསམ་དུས། འབིགས་ཤྲཱིའི་བླ་མ་དེ་ཉིད་དག་པ་མཁའ་སྤྱོད་དུ་གཤེགས་ནས་ལོ་ལྔ་དྲུག་ཙམ་སོང་རྐྱེན། ཆོས་ཉན་པའི་སྐལ་བ་མ་བྱུང་། དེར་ཡོད་པའི་བློན་པོ་དང་དགེ་སློང་རྣམས་ཀྱིས་དགེ་སློང་མ་དཔལ་མོ་ས་དེར་བྱོན་པ་ཚོར་ཏེ། འབིགས་ཤྲཱིའི་ཆོས་སྡེའི་མཁན་པོར་སྤྱན་འདྲེན་གནང་ཡང་། 

དགེ་སློང་མས། ངེད་བུད་མེད་ཞིག་གིས་དགེ་སློང་གི་ཆོས་སྡེའི་ཆོས་མགོ་མི་ཐོན་ཞེས་གསུང་འབྱོན་ཏེ་མ་ཕེབས། ཁོ་བོ་ཅག་ཨུ་ཚུགས་ཀྱིས་ལན་གསུམ་དུ་གསོལ་བ་བཏབ་པར་བརྟེན། དགེ་སློང་མས་ཀྱང་ཞལ་བཞེས་གནང་སྟེ། འབིགས་ཤྲཱིའི་གཙུག་ལག་ཁང་གི་མཁན་པོར་མངའ་གསོལ། དེར་ཀུན་སྤྱོད་རྣམ་པར་དག་པས་སྤྱོད་ལམ་ལྷུར་བཞེས་ཏེ། འཆད་ཉན་དང་དགེ་སྦྱོར་ལ་བརྩོན་ནས་དུས་འདའ་བར་བྱས། 

དེ་ནས་དགེ་སློང་མ་དགུང་ལོ་ཉེར་ལྔ་བཞེས་ཚེ། དགེ་སྦྱོར་གནད་དུ་སྨིན་ཏེ་སྒྲུབ་པ་ལ་སྐུལ་བའི་ཕྱིར། ཞབས་ཀྱི་མཐེ་བོང་ལ་མཛེ་ནད་ཀྱི་རྨ་གཅིག་བྱུང་བ་འཐོར་འགྲེམས་སུ་སོང་སྟེ། ཞབས་མཐིལ་ནས་སྤྱི་གཙུག་བར་རྨའི་གཡོགས་ནས་ལུས་ཐམས་ཅད་ལ་ཁེབས། ཚུལ་དེ་གཡོག་མོ་བསམ་འཕེལ་མས་མཐོང་ནས་སྙིང་ལ་མདས་བསྣུན་པ་ལྟར་སྡུག་བསྔལ་བྱུང་སྟེ་ཞབས་ཏོག་གང་དྲག་ཅིག་གནང་ཡང་མ་ཕན་པར། 

ཟླ་བ་གསུམ་ལོན་ཙམ་ནས་ཞབས་ཀྱི་སོར་མོ་བཅུ་ཆད། ཟླ་ལྔ་ལོན་ཚེ་ཕྱག་མཛུབ་བཅུ་ཆད་དེ། བཟའ་བཏུང་ཡང་སྤྱོད་དཀའ་བ་བྱུང་སྟེ་དུད་འགྲོ་བཞིན་དུ་ཁ་སྦུབས་སུ་ཟ་དགོས་པ་བྱུང་བས། དཔོན་གཡོག་གཉིས་ཀ་སྡུག་བསྔལ་དྲག་པོས་གཟིར་ཏེ་ཅི་བྱ་བརྟོལ་མེད་དུ་གྱུར་ནས། བསམ་འཕེལ་མས་དགེ་སློང་མ་དཔལ་མོ་ཡོལ་བས་བསྐོར་ཏེ་སྐུ་ལུས་གཞན་གྱིས་མི་མཐོང་བར་བྱས་ཀྱང་། ཀུན་གྱིས་ཕྱི་ནས་རྣག་ཁྲག་གི་དྲི་ཚོར་བས། འཁོར་རྣམས་ཀྱིས་ཀྱང་མི་འདོད་པ་དང་དད་ལོག་བྱུང་བའི་སྐབས་དེར། 

གནས་དེར་སྡོད་མ་ཚུགས་པར་གཡོག་མོ་བསམ་འཕེལ་མས་རྒྱབ་ཏུ་འཁུར་ནས་ལམ་ཁའི་བྲག་ཕུག་ཅིག་ཏུ་སྡོད་པའི་ཚེ། ཕ་ཡུལ་གྱི་ཚོང་བ་འགའ་དང་འཕྲད་པས། ཡུལ་གྱི་གནས་ཚུལ་དྲིས་པས། ཡབ་ཡུམ་དང་མིང་བོ། བླ་མ་ཇོ་བོ་དཔལ་ཡང་སྐུ་གཤེགས་པ་ཤེས་ཏེ། ཐུགས་ཤིན་ཏུ་སྐྱོ་ནས་སྨྲེ་སྔགས་བཏོན་པས། འབིགས་ཤྲཱི་ལྷ་ཁང་གི་བྲིས་སྐུ་རྣམས་ཀྱང་དགེ་སློང་མ་དཔལ་མོའི་ཕྱོགས་སུ་འཁོར། དེར་བཞུགས་ཀྱི་དགེ་སློང་རྒན་པ་རྣམས་ཀྱིས་དགེ་སློང་མ་སླར་ཞུ་བར་འཐད་ཅེས་ཟེར་ཡང་། གཞོན་པ་རྣམས་ཀྱིས་མ་ཉན་པར་འཐད་པ་མ་བྱུང་། 

དེ་ནས་དགེ་སློང་མས། ད་འདི་རུ་བསྡད་ན་གཞན་དག་ལ་འང་ནད་བསྒོས་ཏེ་མཉམ་དུ་རུལ་རྒྱུའི་ཉེན་ཁ་འདུག་པས། བྱང་དུག་མཚོ་ཁོལ་མའི་གླིང་དུ་འགྲོ་དགོས་ཞེས་བསམ་འཕེལ་མར་སྐུལ་ཏེ། བྱང་དུག་མཚོ་ཁོལ་མའི་གླིང་དུ་སོང་། དེར་ཕྱིན་པ་དང་ཉི་ཟེར་འགྱེད་པ་དུས་མཉམ་དུ་བྱུང་བས་སངས་རྒྱས་ཀྱི་བསྟན་པ་ཉི་མ་ལྟར་ཤར་བའི་སྣང་བ་འཆར་ཞིང་། དུག་མཚོ་དེ་ཡང་མཁའ་སྤྱོད་དག་པའི་སྣང་བ་དང་། སྟག་གཟིག་གུང་གསུམ་སོགས་གཅན་གཟན་རྣམས་ཀྱང་མ་བུ་འཕྲད་པ་ལྟར་དགེ་སློང་མ་དཔལ་མོར་དད་གུས་ཀྱི་ཉམས་སྟོན་པ་བྱུང་།

བསམ་འཕེལ་མ་ལ་དེ་ནས་མཚམས་ཁང་ཕྱོགས་བཞིར་བུ་ག་བཞི་ཡོད་པ་ཞིག་རྒྱག་བཅུག་ནས། གཡོག་བསམ་འཕེལ་མ་ཡང་། ལོ་གཅིག་དང་ཟླ་བ་ལྔ་ནས་སླར་མཇལ་ཆོག་པའི་བཀའ་གསུང་འབྱོན་ཏེ། ཕྱིར་ཕ་གཞིས་ཁ་ཆེ་ཁྲི་བརྟན་ལ་མངགས། ཤུལ་དུ་དགེ་སློང་མས་རང་ལུས་འཕགས་པའི་དཀྱིལ་འཁོར། ངག་ཡི་གེ་དྲུག་མའི་དཀྱིལ་འཁོར། ཐུགས་གསལ་སྟོང་འཛིན་པ་མེད་པའི་དཀྱིལ་འཁོར་ལ་བཞུགས་ཏེ་སྒྲུབ་པ་ཉམས་ལེན་ལ་གཞོལ་ནས། ཞག་ཉེར་གཅིག་སོང་མཚམས་སུ། མདུན་དུ་ལོ་བཅུ་དྲུག་ལོན་པའི་ཉམས་ལྡན་གྱི་ཁྱེའུ་ཕྱག་གཡས་སུ་ཤེལ་ཕྲེང་དང་། གཡོན་པས་པདྨ་འཛིན་པ་ཞིག་བྱོན་ཏེ། ཁྱོད་མཆོག་ཐུན་གྱི་དངོས་གྲུབ་འདོད་ན། ལི་ཁ་ར་ཤིང་འཕེལ་དུ་བྱོན་ཏེ་འཕགས་པ་ཐུགས་རྗེ་ཆེན་པོ་སྒྲུབས་དང་། ནམ་ཞིག་འདོད་དོན་འགྲུབ་པར་འགྱུར་རོ་ཞེས་ལུང་བསྟན། 

དེ་དུས་དགེ་སློང་མ་དཔལ་མོ་ལ་མཛེ་ནད་ཀྱིས་གློ་བ་དང་མཆིན་པ་མཐོང་བའི་ཁུང་བུ་བརྟོལ་བ་བྱུང་ཡང་། སྦྲུལ་བཞིན་དུ་ནུར་འགྲོས་ཀྱིས་ཕྱི་དབུགས་ཆད་ཀྱང་། ནང་དབུགས་མ་ཆད་ཙམ་གྱིས་དཀའ་བ་སྤྱད་དེ་ལི་ཁ་ར་ཤིང་འཕེལ་དུ་བྱོན་ནས། སྒོམ་སྒྲུབ་གནང་སྐབས། ཉམས་སྣང་དུ་མིང་བོ་རྒྱལ་བོ་ཨིནྡྲ་བོ་དྷིས་མཛེ་རིགས་བཅོ་བརྒྱད་སེལ་བའི་སྐུ་ཁྲུས་གསོལ་ཅིང་། རིགས་ལྔའི་མཁའ་འགྲོ་མས་འཕགས་པ་ཐུགས་རྗེ་ཆེན་པོའི་ལྷ་ཁང་དུ་སྤྱན་དྲངས་ཏེ་མི་སྣང་བར་གྱུར་ཏོ།། 

དེ་ནས་དགེ་སློང་མ་དཔལ་མོས་ཐུགས་རྗེ་ཆེན་པོ་ལ་གསོལ་བ་ཤུགས་དྲག་འདེབས་བཞིན་བཞུགས་པའི་སྐབས་དེར། ལྷ་ཁང་གི་དཀོར་གཉེར་ཐོན་ཏེ་ཞེ་སྡང་དྲག་པོས་མིག་ཧྲིག་ཧྲིག་གིས་བལྟས་ཏེ། ལྡེ་ཀྱོག་གིས་སྤྱི་གཙུག་ནས་རྐང་མཐིལ་གྱི་བར་དུ་གཅར་རྡུང་དྲག་པོ་བྱས་ཏེ། མཛེ་སྤྲང་། སྤྲང་མོ། ཞེས་སྡིགས་མོ་བཏང་ནས། ཁྱེད་མཛེ་དྲི་འཐུལ་ལེ་ངེད་ཀྱི་ལྷ་ཁང་ལ་ཡོང་བས། ད་ལྷ་ཁང་ལ་བསངས་དང་ཁྲུས་གསོལ་གནང་ཡང་སྡོད་མི་ཚུགས། ཡུལ་ཁམས་ལ་ལོ་ཉེས་བྱུར་ངན་སོགས་བྱུང་ན་རང་གིས་འགན་འཁུར་དགོས། ཟེར་ནས་ལྷ་ཁང་གི་རྒྱབ་ཏུ་གཡུགས། 

དེ་ནས་དགེ་སློང་མ་དཔལ་མོས་ལྷ་གཉེར་དེ་ཐུགས་རྗེ་ཚད་མེད་པ་བསྐྱེད་དེ། མོས་གུས་ལ་འགྱུར་བ་མེད་པར། ཅི་བྱས་ཀྱང་ཡི་དམ་ལ་རྒྱབ་མདུན་མེད་བསམས་ཏེ་སྨྱུང་གནས་ཆགས་མེད་དུ་སྲུང་ཞིང་བཤུམས་ཀྱིན། 

ཨོཾ་འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ།། ཞེས་སྨྱུང་གནས་པོ་བསྟོད་གསུངས་བཞིན། ལྷ་ཐུགས་རྗེ་ཆེན་པོ་ལ་དད་གུས་ཤུགས་དྲག་གིས་གསོལ་བ་བཏབ་པས། ཟླ་བདུན་ལོན་པ་དང་འཕགས་པ་ཐུགས་རྗེ་ཆེན་པོའི་ལྷ་ཁང་ཡང་ཞལ་དགེ་སློང་མ་དཔལ་མོའི་ཕྱོགས་སུ་འཁོར་བས། ལྷ་ཁང་གི་མིང་ལ་རྒྱབ་མདུན་བརྗེས་པའི་ལྷ་ཁང་ཞེས་ཐོགས། 

དེར་མ་ཟད། རྗེ་བཙུན་སྒྲོལ་མ་དང་། དོན་ཞགས་སོ་ལྔ་སོགས་ཞལ་གཟིགས་ཤིང་། ལུས་ཀྱི་ཡན་ལག་ཐམས་ཅད་སོར་ཆུད་དེ། མཛེ་ནད་དེ་སྦྲུལ་ཤུན་ཕུད་པ་བཞིན་དུ་དག་ཅིང་། སྐུ་ལུས་སྔར་ལས་ཀྱང་ལྟ་ན་སྡུག་ཅིང་། ཉ་ཟླ་ལྟར་དྭངས་པར་གྱུར། 

ཁྱད་པར་དུ་ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་ཐུགས་རྗེ་ཆེན་པོ་ཞལ་གཟིགས་གནང་སྟེ། དབང་དང་གདམས་པ་བུམ་པ་གང་བྱོའི་ཚུལ་དུ་གསན་ནས། སེམས་ཅན་གྱི་ཆེད་དུ་སྨྱུང་གནས་མང་དུ་སྲུང་ནས་བསྟན་འགྲོའི་དོན་མཛད། 

ནམ་ཞིག་གཡོག་མོ་བསམ་འཕེལ་མས་དགེ་སློང་མ་དྲན་དྲགས་ཏེ་ཞག་རྩིས་བརྒྱབ་པས། ལོ་གཅིག་དང་ཟླ་བ་ལྔ་སོང་ཚར་བས། དཀའ་བ་ཁྱད་གསོད་ཀྱིས་མཇལ་འཕྲད་དུ་ཕེབས་པས། ཁོང་གཉིས་ཡུན་རིང་བྲལ་བའི་གདུང་ཤུགས་ཀྱིས་དཔོན་གཡོག་གཉིས་དྲན་མེད་དུ་བརྒྱལ། བརྒྱལ་སངས་པ་དང་བསམ་འཕེལ་མས། བླ་མ་རིན་པོ་ཆེ་ལགས། ཁྱོད་དྲུང་དུ་འཚོ་བ་སུས་བསྟེན། སྨན་ཅི་ཙམ་གཏང་ཞུས་པས། ངའི་དྲུང་འཚོ་བ་འཕགས་པ་སྤྱན་རས་གཟིགས་ལ་བསྟེན། སྨན་ཡི་གེ་དྲུག་མ་གཏང་བ་ཡིན་གསུངས། 

དེ་ནས་དགེ་སློང་མ་དཔོན་གཡོག་གཉིས་སེམས་ཅན་ཆོས་ལ་སྐུལ་བའི་ཕྱིར་དང་། བསླབ་སྡོམ་ལས་གཡེལ་བར་འདོད་པའི་ལོག་རྟོག་བཟློག་ཆེད། སྔར་བཞུགས་སའི་ཤྲཱི་གཙུག་ལག་ཁང་དུ་བྱོན་ཏེ། འཕགས་པའི་སྐུ་མདུན་དུ་ཁྲོམ་རྔ་བརྡུང་བ་དང་དུང་འབུད་པ་སོགས་བྱས་ཏེ། གྲོང་ཁྱེར་བ་ཀུན་བཀུགས་ཏེ་ཁ་སར་བ་ཎིའི་དུས་མཆོད་དུ་བྱོན།

ང་རང་གི་མཛེ་ནད་འདི་སེམས་ཅན་གྱི་ཆེད་དུ་བཞེས་པར་གདའ་བས། ཁྱེད་རང་དམ་ཚིག་དང་འགལ་བ་རྣམས་ཀྱིས་བཤགས་པ་གྱིས་ཤིག ཅེས་གསུངས་ནས་ནམ་མཁར་འཕུར་ཏེ་ཆོས་གསུངས།

དབུ་བཅད་དེ་མཁར་གསིལ་གྱི་རྩེ་མོ་བཏགས་ནས་གར་བྱེད་པ་སོགས་ཆོ་འཕྲུལ་མང་དུ་བསྟན་ཏེ། ཁོ་མོ་བསླབ་སྡོམ་ལས་གཡེལ་བ་བྱུང་ན་མགོ་བོ་སླར་འབྱར་དུ་མི་སྟེར། མ་གཡེལ་ན་སླར་འབྱར་བའི་བདེན་སྟོབས་བརྗོད་པས། དབུ་ལུས་གཉིས་སླར་འབྱར་བས། ཐམས་ཅད་ཀྱི་ལོག་ལྟ་ཞི་ཞིང་དད་པའི་ས་ལ་བཀོད་དེ། དབང་དང་བྱིན་རླབས་གནང་ནས་གྲུབ་པ་འཐོབ་པའི་སློབ་མ་མང་དུ་བྱུང་།

ཁྱད་པར་དུ་གཡོག་མོ་བསམ་འཕེལ་མ་ཡང་བླ་མ་ལ་དམ་ཚིག་གི་སེལ་མ་ཞུགས་ཤིང་མོས་གུས་དྲག་པོས་ཞབས་ཏོག་བསྒྲུབས་པས། དགེ་སློང་མ་དཔལ་མོའི་མཛད་སྤྱོད་ལྷུར་བཞེས་ཏེ། ཚེ་དེ་ཉིད་ལ་འཇའ་ལུས་གྲུབ་ནས་དག་པ་མཁའ་སྤྱོད་དུ་གཤེགས་སོ།། 


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-10-26

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།