འཕགས་པའི་གནས་བརྟན་བཅུ་དྲུག་གི་རྣམ་པར་ཐར་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འཕགས་པ་རྣམས་ཀྱི་རྣམ་པར་ཐར་པ་རྗོད་པར་བྱེད་པ་ལ། དང་པོ་འཕགས་པ་སོ་སོའི་བཞུགས་གནས་བཤད་པ། བཞུགས་གནས་ཀྱི་བྱུང་ཁུངས་བཤད་པ། རིགས་རུས་བཤད་པ། འཁྲུངས་ཡུལ་བཤད་པ། དང་པོར་གང་ལས་རབ་ཏུ་བྱུང་སོགས་བསྟན་པའོ། ། འཕགས་པའི་གནས་བརྟན་བཅུ་དྲུག་གི་རྣམ་པར་ཐར་པ་སྤྱི་དོན་དུ་མའི་བདག་ཉིད་ཅན་འདི་ནི་འཕགས་པའི་གནས་བརྟན་རྣམས་ལ་གུས་པས་རྫུན་དང་གསོབ་མ་འདྲེས་པར་པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་མཛད་པའོ། །
གཞི་རྩའི་གནས་ཚུལ།

རྩོམ་པ་པོ།
པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས།
1 ​མ་ཡིག

འཕགས་པའི་གནས་བརྟན་བཅུ་དྲུག་གི་རྣམ་པར་ཐར་པ།

ཨོཾ་སྭསྟི། འཕགས་པ་རྣམས་ཀྱི་རྣམ་པར་ཐར་པ་རྗོད་པར་བྱེད་པ་ལ། དང་པོ་འཕགས་པ་སོ་སོའི་བཞུགས་གནས་བཤད་པ། བཞུགས་གནས་ཀྱི་བྱུང་ཁུངས་བཤད་པ། རིགས་རུས་བཤད་པ། འཁྲུངས་ཡུལ་བཤད་པ། དང་པོར་གང་ལས་རབ་ཏུ་བྱུང་སོགས་བསྟན་པའོ། །

དང་པོ་འཕགས་པ་སོ་སོའི་བཞུགས་གནས་བཤད་པ་ནི། དེ་ཡང་འཕགས་པའི་གནས་བརྟན་བྷ་ར་དྷྭ་ཛ་བསོད་སྙོམས་ལེན་ནི། ཤར་གྱི་ལུས་འཕགས་གླིང1གི་ལག་ཉའི་རི་དྲང་སྲོང་འབྱུང་བའི་གནས་ཀྱི་དབུས་བདེ་བ་འབྱུང་བའི་ཕུག་ན་བཞུགས་སོ། ། འཕགས་པ་གཉིས་པ་གསེར་གྱི་བེའུ་ནི་རྒྱ་གར་ནུབ་ཕྱོགས་ཁ་ཆེའི་ཡུལ་རི་བོ་གུར་ཀུམ་ཅན་གྱི་རྩེ་མོ་ན་གུར་ཀུམ་གྱི་དྲི་ངད་ལྡང་བའི་ཕུག་ན་བཞུགས་སོ། ། འཕགས་པ་གསུམ་པ་བྷ་ར་དྷྭ་ཛ་གསེར་ཅན་མཆོག་ནི་ནུབ་ཀྱི་བ་གླང་སྤྱོད2ཀྱི་རི་བོ་རྡུལ་ཅན་གྱི་རྩེ་མོ་བཀྲ་བའི་ཕུག་ན་བཞུགས་སོ། ། ལྷའི་གནས་སུམ་ཅུ་རྩ་གསུམ་གྱི་དབེན་གནས་མེ་ཏོག་གི་སྙིང་པོ་ན་འཕགས་པ་ལམ་ཕྲན་བསྟན་བཞུགས་སོ། ། པྲི་ཡངྐའི་གླིང་ན་འཕགས་པ་སྒྲ་གཅན་འཛིན་བཞུགས་སོ། ། ཀླུ་ཡི་སྡེ་རྒྱལ་པོའི་ཁབ3ཀྱི་རི་བོ་ངོས་ཡངས་ལ་བཞུགས་སོ། ། འཕགས་པ་ཡན་ལག་འབྱུང་ངམ་ཡན་ལག་སྐྱེས་སམ་ཟུར་གྱིས་ཤེས་གངས་རི་ཆེན་པོ་ཏི་སེ་ལ་བཞུགས་སོ། ། ནགས་ན་གནས་ནི་མཉན་ཡོད་ཀྱི་ལོ་མ་བདུན་པའི་རི་ཕུག་ན་བཞུགས་སོ། ། མ་ཕམ་པ་དྲང་སྲོང་ཨུ་ཤི་རའི་ཕུག་ན་བཞུགས་སོ། ། པི་ལིང་ཏ་སྲུང་དབང་གི་བུའམ་མི་ཕྱེད་པ་ནི་ཡུལ་དབུས་ནས་བྱང་ཕྱོགས་ལ་ཆེས་ཉེ་བ་ཤམྦྷ་ལ་དང་ཉེ་བའི་རིའི་རྒྱལ་པོ་གངས་ཅན4ན་བཞུགས་སོ། ། ཤིང་ཤུན་ཅན་ནམ་བ་ཀུ་ལ་ནི་བྱང་གི་སྒྲ་མི་སྙན་གྱི་རྒྱལ་དགའི་རི་བོའི་ཕུག་སྤོས་བརྩེགས་ན་བཞུགས་སོ། ། འཕགས་པ་བཟང་བོ་ནི་ཡ་མུ་ནའི5གླིང་ན་བཞུགས་སོ། ། དུར་ཁྲོད་པ་འཕགས་པ་ཀཱ་ལི་ཀའམ་དུས་ལྡན་ནི་རྒྱ་གར་ནུབ་ཕྱོགས་ཀྱི་འཛམ་བུ་གླིང6གི་ཟངས་གླིང་ན་བཞུགས་སོ། ། འཕགས་པ་བས་སའི་བུའམ་རྡོ་རྗེ་མོའི་བུ་ཤ་ར་ཎ་སྐྱབས་འོས་སིངྒྷ་ལ་ཡི་གླིང་ན་བཞུགས་སོ། ། ཉེ་བའི་ལྔ་སྡེའི་གྲས་ཀྱི་སྦེད་བྱེད་དམ་བ་ལང་སྐྱོང་དུ་གྲགས་པ་རི་བི་ཧུ་ལར་བཞུགས་སོ། ། འཕགས་པ་ལམ་ཆུང་བའམ་གཙུག་གི་ལམ་པ་བྱ་རྒོད་ཕུང་པོའི་རི་ལ7བཞུགས་སོ། །

དེ་ལྟར་འཕགས་པ་སོ་སོའི་བཞུགས་གནས་བཤད་ནས། སྤྱི་དོན་གཉིས་པ་འཕགས་པ་སོ་སོའི་བཞུགས་གནས་ཀྱི་བྱུང་ཁུངས་བཤད་པ་ནི། དེ་ཡང་དང་པོ་གནས་བརྟན་བྷ་ར་དྷ་ཛ་བསོད་སྙོམས་ལེན་གྱི་བཞུགས་གནས་ལག་ཉའི་རི་དྲང་སྲོང་འབྱུང་བའི་གནས་དེའི་བྱུང་ཁུངས་ནི། སྔོན་གངས་ཀྱི་ངོས་དང་ཉེ་བ་ཆུ་ཀླུང་སྐལ་ལྡན་ཤིང་རྟའི་འགྲམ་དྲང་སྲོང་སེར་སྐྱའི8བསྟི་གནས་དང་ཧ་ཅང་མི་རིང་བ་ན་ཤཱཀྱ་རྣམས་ཀྱི་གྲོང་ཁྱེར་ཡོད་པ་དེར་རྒྱལ་བ་ཤཱཀྱ་ཐུབ་པའི་ཡང་མེས་ཤཱཀྱ་ཧ་ནུས་ཏ་ཞེས་པ་བྱུང་། དེའི་མདའ་རེ་ལ་ཡང་དཔག་ཚད་གསུམ་ཡོད་དོ། ། དེ་འཛམ་བུའི་གླིང་དང་ཤར་གྱི་ལུས་འཕགས་པོ་གཉིས་ཀ་ལ་དབང་བསྒྱུར་པའི་རྒྱལ་པོའོ། ། དེ་རེ་ཞིག་ན་ཤར་གྱི་ལུས་འཕགས་གླིང་ན་བཞུགས་པའི་ཚེ། སྐུ་གཤེགས་ཏེ་པུར་བསྲེགས་ནས་ཕྱི་རབས་ཀྱི་གདུལ་བྱ་རྣམས་ལ་སྟོབས་སྟོན་པའི་ཆེད་དུ་ལག་ཉའི་རུས་པ་དེ་ཉིད་མ་བསྲེགས་པར་བཞག་སྟེ། དེ་ལ་དྲང་སྲོང་མང་པོ་གནས་བཅས་ཏེ་རྒྱལ་པོའི་ལག་ཉའི་རུས་པ་ཡིན་པས་ལག་ཉའི་རི་དང་། དྲང་སྲོང་འབྱུང་བ་ཞེས་པ་ནི་དྲང་སྲོང་མང་པོ་གནས་པས་སོ། ། རི་དེའི་དབུས་ན་ཕུག་པ་ཞིག་ཡོད་དེར་སུས་བསྒོམས་ཀྱང་བསམ་གཏམ་གྱི་བདེ་འཐོབ་པར་འགྱུར་བས། བདེ་བ་འབྱུང་བའི་ཕུག་པ་ཞེས་གྲགས་པའོ། ། དེའི་ནང་ན་འཕགས་པའི་གནས་བརྟན་ཆེན་པོ་བྷ་ར་དྷ་ཛ་བསོད་སྙོམས་ལེན་བཞུགས་པ་ལ་གསོལ་བ་འདེབས་སོ། །

འཕགས་པ་གསེར་བེའུའི་བཞུགས་གནས། རྒྱ་གར་ནུབ་ཕྱོགས་ཁ་ཆེའི་ཡུལ་མི་གྲོང་འབུམ་ཚོ་སུམ་ཅུ་རྩ་དྲུག་གི་བདག་ཉིད་ཅན་གྱི་ཡུལ་གྱི་དབུས་ན་གུར་ཀུམ་གྱི་རི་ཞེས་པ་དཔག་ཚད་གསུམ་གྱི་བདག་ཉིད་དང་ལྡན་པ་གུར་ཀུམ་གྱི་རྩྭ་གུར་ཀུམ་གྱི་དྲི་ངད་ལྡང་བ་ཕུན་སུམ་ཚོགས་པ་བསམ་གྱིས་མི་ཁྱབ་པས་གང་བ། གུར་ཀུམ་དེ་དག་ནི་སྔོན་བཅོམ་ལྡན་འདས་ཀྱིས་ནམ་མཁའ་འཕུར་ནས། ཡུལ་དེར་བྱོན་ཏེ་སྐུ་གཟུགས་ཀྱི་གྲིབ་མ་རི་དེ་ལ་བབས་པར་མཛད་ནས། སྐུའི་གྲིབ་མ་གང་བབས་སར་གུར་ཀུམ་དཔག་ཏུ་མེད་པ་སྐྱེས་ཏེ། གུར་ཀུམ་དེ་དག་བྱིན་རླབས་ཅན་དུ་གྲགས་སོ། ། རི་དེའི་དབུས་ན་གུར་ཀུམ་གྱི་སྙིང་པོ་རིན་ཐང་དང་བྲལ་བའི་དྲི་ངད་ལྡང་བའི་རྩ་བསམ་གྱིས་མི་ཁྱབ་པས་གང་བའི་བྲག་ཕུག་ན་བཞུགས་པའི་འཕགས་པའི་གནས་བརྟན་གསེར་བེའུ་ལ་གསོལ་བ་འདེབས་སོ། །

འཕགས་པ་བྷ་ར་དྷ་ཛ་གསེར་ཅན་མཆོག་གི་བཞུགས་གནས་རི་བོ་རྡུལ་ཅན་ནི། ནུབ་བ་ལང་སྤྱོད་ཀྱི་ཡུལ་ཧ་ར་ཏའི་དབུས་ན་རི་བོ་རྡུལ་ཅན་ཞེས་བྱ་བ་དཔག་ཚད་ལྔ་བརྒྱའི་བདག་ཉིད་ཅན་ཡོངས་སུ་འོད་ཆེ་ཞིང་དག་པ། རི་དེའི་དབུས་ན་བརྒྱ་བྱིན་གྱི་ཁང་བཟང་རྣམ་པར་རྒྱལ་བ་ཡང་ཟིལ་གྱིས་གནོན་ནུས་པའི་འོད་ཟེར་གྱིས་རབ་ཏུ་བཀྲ་བའི་ཕུག་པ་ཞིག་ཡོད་དོ། ། ཕུག་པ་དེར་སྔོན་དྲང་སྲོང་ལྔ་བརྒྱ་ཙམ་བཞུགས་ཤིང་བསྒོམས་པའི་ཚེ་ལྷ་རྣམས་ཀྱིས་ཁྱེད་དྲང་སྲོང་རྣམས་ཀྱི་བྲག་ཕུག་དེ་དག་གདུག་པ་ན་ཞེས་བརྗོད་པས། དྲང་སྲོང་རྣམས་ཀྱིས་ངེད་ཀྱི་བྲག་ཕུག་གི་ཕ་བོང་རེས་ཀྱང་ཁྱེད་རྣམས་ཀྱི་རྣམ་པར་རྒྱལ་བའི་ཁང་བཟང9ཟིལ་གྱིས་གནོན་པར་གྱུར་ཅིག་ཅེས་བརྗོད་པས། དེ་མ་ཐག་རྣམ་པར་རྒྱལ་བའི་ཁང་བཟང་བརྒྱ་སྟོང་གིས་ཀྱང་བྲག་ཕུག་དེའི་ཟུར་ཆ་གཅིག་ཀྱང་མི་ནོན་པར་གྱུར་ཏེ། བཀྲ་བའི་ཕུག་ཅེས་གྲགས་སོ། ། དེ་ན་བཞུགས་པའི་གནས་བརྟན་བྷ་ར་དྷ་ཛ་གསེར་ཅན་མཆོག་ལ་གསོལ་བ་འདེབས་སོ། །

འཕགས་པ་གནས་བརྟན་ལམ་ཆེན་པ་དེའི་བཞུགས་གནས་ཀྱི་བྱུང་ཁུངས་ནི། སྔོན་ལྷ10དང་ལྷ་མ་ཡིན11གཉིས་ཡུན་རིང་དུ་འཐབས་པ་ལས་ལྷ་རྣམས་རྒྱལ་བར་གྱུར་ནས། ལྷ་མ་ཡིན་རྣམས་བྲོས་ཏེ་ཨ་སུ་རའི་ཕུག་ཏུ་ཞུགས་ནས་འདུག་གོ། ། དེ་ནས་ལྷ་རྣམས་ཀྱིས་གྲོས་བྱས་ཏེ། བདག་ཅག་རྣམས་ལྷ་མ་ཡིན་ལས་རྒྱལ་བར་འགྱུར་བ་ནི། ལྷའི་དྲང་སྲོང་རྣམས་ཀྱི་བཀའ་དྲིན་ཡིན་པས་དྲང་སྲོང་རྣམས་ལ་བཞུགས་གནས་ལེགས་པོ་ཞིག་བཟོས་ལ་དྲང་སྲོང་རྣམས་ལ་དབུལ་བར་བྱའོ། ། ཞེས་སྨྲས་ནས། ལྟ་ན་སྡུག་གི་བྱང་ཕྱོགས་སུ་མེ་ཏོག་གི་སྙིང་བོ་ཞེས་བྱ་བའི་དབེན་གནས་རྣམ་པར་རྒྱལ་བའི་ཁང་བཟང་དང་མཉམ་པ་དང་དཔག་ཏུ་མེད་པའི་རྒྱན་གྱིས་བརྒྱན་པའི་བྲག་ཕུག་ཕུན་སུམ་ཚོགས་པ་བཅོས་ཏེ་དྲང་སྲོང་རྣམས་ལ་ཕུལ་བས་དྲང་སྲོང་རྣམས་དགའ་སྟེ་བདེན་ཚིག་བརྗོད་པས། རྣམ་པར་རྒྱལ་བའི་ཁང་བཟང་ལས་ཀྱང་ལྷག་པར་གྱུར་ཏོ། ། དེ་ལྟ་བུའི་ཁང་བཟང་ངམ་བྲག་ཕུག་དེ་ན་བཞུགས་པའི་འཕགས་པའི་གནས་བརྟན་ལམ་པ་ཆེན་པོ་ལ་གསོལ་བ་འདེབས་སོ། །

འཕགས་པའི་གནས་བརྟན་སྒྲ་གཅན་འཛིན་གྱི་བཞུགས་གནས་པྲི་ཡངྐུའི་བྱུང་ཁུངས་ནི། སྔོན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་གི་དུས་སུ་ཡུལ་དེ་ན་རྒྱལ་པོ་སྒྲ་སྒྲོག་ཅེས་བྱ་བ་མི་གྲོང་འབུམ་ཕྲག་བདུན་དང་སུམ་བརྒྱའི་བདག་ཉིད་ཅན་གཅིག་ཡོད་དོ། ། དེ་ནས་རེ་ཞིག་ན་ཡུལ་དེར་གངས་ལ་གནས་པའི་སེངྒེ་ཁ་ཏོག་སྔོན་པོ་རལ་བ་དམར་སེར་དང་ལྡན་པ་སྟོབས་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་གཅིག་ཡོད་པ་དེ་ལ་རྔོན་པ་དག་གིས་ཟག་པ་བསགས་པ་ལ་བརྟེན་ནས་དྲག་ཏུ་ཁྲོས་ཏེ་རྔོན་པ་ཐམས་ཅད་བསད། གྲོང་ཁྱེར་རྣམས་བཤིག མི་ཐམས་ཅད་བསད། རྒྱལ་པོ་སྒྲ་སྒྲོག་གི་ཕོ་བྲང་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པ་ཕན་སུམ་ཚོགས་པ་གཅིག་ཡོད་པ་དེ་ལ་སེངྒེ་ཁོ་ཕངས་སེམས་སྐྱེས་ཏེ། མ་བཤིག་པར་བཞག་པས་ལྷ་རྣམས་ཀྱིས་མྱུར་བར་སེངྒེ་ཁོས་ཁང་བཟང་མིག་གིས་མི་མཐོང་བར་བྱིན་གྱིས་བརླབས་པས་སེངྒེ་ཡུལ་གྱི་ཕུ་ལ་ལོག་ནས་སོང་ངོ་། ། དེ་ནས་རེ་ཞིག་ན་དུས་ཀྱི་དབང་གིས་ཁང་བཟང་དེ་ས་འོག་ཏུ་ནུབ་ནས་འདུག་གོ། ། དེ་ནས་རྒྱལ་བ་ཤཱཀྱ་ཐུབ་པའི་བསྟན་པ་ཤར་ནས་སླར་ཡང་སའི་སྟེང་དུ་དོན་པར་གྱུར་ནས་འོད་འཕྲོ་ཞིང་འདུག་གོ། ། དེ་ལྷ་རྣམས་ཀྱིས་རྣམ་པར་རྒྱལ་བའི་ཁང་བཟང་དང་མཉམ་པར་བྱིན་གྱིས་བརླབས་སོ། ། དུས་འདིར་འཕགས་པའི་གནས་བརྟན་ཆེན་པོ་སྒྲ་གཅན་འཛིན་གྱིས་ཡུལ་དེའི་མི་བྱང་མི་ཞེས་པ་མཉྫས12སྐ་རགས་བྱེད་པ། བྱི་ལ་དཔའ་བོའི་ཤ་ཁྲག་ཟས་སུ་བཟའ་བ་མང་པོ་ཡོད་པ་རྣམས་ལ་ཐུགས་བརྩེ་བར་དགོངས་ཏེ་ཡུལ་དེར་བྱོན་ནས་སྲོག་ཆགས་མང་པོ་བདེན་པ་ལ་འགོད་པར13མཛད་དོ། ། དེ་ལྟར་བྱང་མི་བྱུང་བའི་ལོ་རྒྱུས་སོགས་མང་པོ་སྣར་ཐང་པ་ཆེན་པོས14མཛད་པའི་རྟོགས་བརྗོད་ན་ཡོད་དོ། ། འདིར་ནི་ཡི་གེ་ཉུང་བའི་ཕྱིར་མ་བྲིས་སོ། ། དེ་ལྟར་ཁང་བཟང་དམ་པ་དེ་ན་བསྟན་པ་སྐྱོང་ཞིང་བཞུགས་པའི་འཕགས་པའི་གནས་བརྟན་ཆེན་པོ་སྒྲ་གཅན་འཛིན་བཟང་པོ་ལ་གསོལ་བ་འདེབས་སོ། །

འཕགས་པའི་གནས་བརྟན་ཆེན་པོ་ཀླུ་ཡི་སྡེའི་བཞུགས་གནས་ཀྱི་བྱུང་ཁུངས་ནི། སྔོན་དྲང་སྲོང་མང་པོ་སྡོད་གནས་འདོད་དེ། མེས་པོ་ཚངས་པ་ལ་གསོལ་བ་བཏབ་པས། ཚངས་པས་ལག་པ་གཉིས་ས་ལ་བརྡབས་པའི་བརྡབས་ཤུལ་དུ་རི་དཔག་ཚད་བརྒྱད་ཀྱི་བདག་ཉིད་ཅན་གཅིག་བྱུང་སྟེ་དེའི་ངོས་ལ་ཇི་ཙམ་ཕྱིན་ཀྱང་ངོས་རྟོགས་པར་དཀའ་བས་ངོས་ཡངས་སུ་གྲགས་སོ། ། དེ་ལྟ་བུའི་རིའི་ངོས་ལ་བཞུགས་པའི་འཕགས་པའི་གནས་བརྟན་ཆེན་པོ་ཀླུ་ཡི་སྡེ་ལ་གསོལ་བ་འདེབས་སོ། །

འཕགས་པའི་གནས་བརྟན་ཆེན་པོ་ཟུར་གྱིས་ཤེས་སམ་ཡན་ལག་འབྱུང་གི་བཞུགས་གནས་ཀྱི་བྱུང་ཁུངས་ནི། སྔོན་སངས་རྒྱས་འོད་དཔག་མེད་དམ་མར་མེ་མཛད་ཀྱི་བསྟན་པའི་དུས་སུ་འཇིག་རྟེན་ཐམས་ཅད་ཀྱི་བསོད་ནམས་ལས་གྲུབ་པའི་ཡིད་བཞིན་གྱི་ནོར་བུ་ཞིག་ས་སྟེང་དུ་བྱུང་བ་དེ་ལྷ་རྣམས་ཀྱིས་གཏུམས་ནས་བཞག་པའི་གངས་རི་ཞིག་ཏུ་གྱུར། སངས་རྒྱས་མར་མེ་མཛད་ཀྱིས་གངས་རི་དེར་བྱོན་ནས་ལྷ་ཀླུ་མང་པོ་སངས་རྒྱས་ཀྱི་ས་ལ་འགོད་པར་མཛད་པའི་གནས་བྱིན་རླབས་ཅན་དུ་གྱུར། དེ་རྗེས་སུ་སངས་རྒྱས་ཇི་ཙམ་བྱོན་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པར་མཛད་དོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས15ཤཱཀྱ་ཐུབ་པས་ཀྱང་གངས་རི་ཆེན་པོ་དེར་བྱོན་ནས་འཇིག་རྟེན་གདགས་པའི་མདོ་ལ་སོགས་པ་མདོ་སྡེ་དཔག་ཏུ་མེད་པ་གསུངས་ཤིང་བྱིན་གྱིས་བརླབས་པར་མཛད་དོ། ། དེ་ལྟར་ཡིད་བཞིན་གྱི་ནོར་བུའི་བདག་ཉིད་ཅན་གྱི་རི་བདེ་མཆོག་གི་ཕོ་བྲང་དངོས་སངས་རྒྱས་དཔལ་ཏུ་མེད་པས་བྱིན་གྱིས་བརླབས་ཤིང་ཞབས་ཀྱིས་བཅགས་པའི་གནས་རྡོ་རྗེ་གདན་གཉིས་པ16ལྟ་བུའི་གངས་རི་དེའི་ཡང་སྙིང་གནོད་སྦྱིན་འབྱུང་བའི་ཕུག་ན་བཞུགས་པའི་འཕགས་པའི་གནས་བརྟན་ཆེན་པོ་ཟུར་གྱིས་ཤེས་སམ་ཡན་ལག་འབྱུང་ལ་དུས་ཐམས་ཅད་དུ་གསོལ་བ་འདེབས་སོ། །

འཕགས་པའི་གནས་བརྟན་ཆེན་པོ་ནགས་ན་གནས་སམ་སེང་ལྡེང་ནགས་ཀྱི་བཞུགས་གནས་ཀྱི་བྱུང་ཁུངས་ནི། སྔོན་དྲང་སྲོང་ལོ་མ་བདུན་པ་ཞེས་པ་ལོ་འབུམ་ཕྲག་བདུན་ལོན་པ་ལུས་ལ་ནད་མེད་པ་རལ་བ་དམར་སེར་དང་ལྡན་པ་གཅིག་ཡོད་པ་དེ་འདུག་གནས་འདོད་དེ་མཉན་ཡོད་ཀྱི་ཤར་བསྟན་གྱི་རི་ལ་བདེན་ཚིག་བརྗོད་པས། བྲག་ཕུག་སྐྱིད་པ་གཅིག་བྱུང་སྟེ། དེར་དྲང་སྲོང་ལོ་མ་བདུན་པ་ཉིད་གནས་པས་ལོ་མ་བདུན་པའི་བྲག་ཕུག་ཏུ་གྲགས། རེ་ཞིག་ན་དྲང་སྲོང་དེ་གནས་བརྟན་ནགས་ན་གནས་ལ་དད་དེ་བྲག་ཕུག་དེ་ཉིད་རིན་ཐང་དང་བྲལ་བའི་ཤིང་ཏོག་གསུམ་དང་བཅས་ཏེ་ཕུལ་ནས་གནས་བརྟན་གྱིས་ཆོས་བསྟན་པས་དྲང་སྲོང་དེ་རབ་ཏུ་བྱུང་དགྲ་བཅོམ་པར་གྱུར་ཏོ། ། དེ་ལྟ་བུའི་བདེན་ཚིག་ལས་གྲུབ་པའི་བྲག་ཕུག་ན་བཞུགས་པའི་འཕགས་པའི་གནས་བརྟན་ཆེན་པོ་ནགས་ན་གནས་ལ་བདག་དུས་ཐམས་ཅད་དུ་གསོལ་བ་འདེབས་སོ། །

འཕགས་པའི་གནས་བརྟན་ཆེན་པོ་མ་ཕམ་པའི་བཞུགས་གནས་ཀྱི་བྱུང་ཁུངས་ནི། སྔོན་དྲང་སྲོང་ཨུ་ཤུ་ར་ཞེས་པ་འཁོར་ལྔ་བརྒྱའི་བདག་ཉིད་ཅན་གཅིག་ཡོད་པ་དེ་འཁོར་རྣམས་འདུག་གནས་ཀྱིས་ཕོངས་པར་ཤེས་ནས་བདེན་ཚིག་བརྗོད་པའི་དབང་གིས་དྲང་སྲོང་དེ་ཉིད་ཀྱི་ལུས་རི་ཆེན་པོ་གཅིག་ཏུ་གྱུར་ནས་འཁོར་རྣམས་ལ་བྱིན་པས་འཁོར་རྣམས་ཀྱིས་ཕུག་པ་མང་པོ་བཅོས་ནས་འདུས་པས་བསམ་གཏན་འཕེལ་བར་གྱུར་ནས་མངོན་ཤེས་ལྔ17ཐོབ་བོ། ། རི་དེའི་མིང་ལ་ཁ་ཅིག་ནི་དྲང་སྲོང་ཨུ་ཤི་རའི་ཕུག་ཟེར། ཁ་ཅིག་ནི་དྲང་སྲོང་ཨུ་ཤི་རའི་ངོགས་ཟེར། ཁ་ཅིག་ནི་དྲང་སྲོང་རི་ཟེར་ཏོ། ། དེ་ལྟ་བུའི་རིའི་ངོགས་ལ་བཞུགས་པའི་འཕགས་པའི་གནས་བརྟན་ཆེན་པོ་མ་ཕམ་པ་ལ་གསོལ་བ་འདེབས་སོ། །

འཕགས་པའི་གནས་བརྟན་ཆེན་པོ་པི་ལིང་ཏ་སྲུང་གི་བུའམ་མི་ཕྱེད་པའི་བཞུགས་གནས་ཀྱི་བྱུང་ཁུངས་ནི། སྔོན་ཤམྦྷ་ལའི་ཡུལ་གྱི་གྲོང་ཁྱེར་གཉིས་པ་པད་ཁང་ན་རྒྱལ་པོ་དང་མི་ཞེས་པ་ཡོད་དོ། ། དེའི་ཡུལ་གྱི་ཕུ་ན་གངས་ཅན་གྱི་རི་ཞེས་པའི་གངས་རི་ཆེན་པོ་རིན་པོ་ཆེ་སྣ་ཚོགས་ཀྱི་འབྱུང་གནས་ཤིག་ཡོད་པ་དེ་ལ་སེངྒེ་མོ་ཞིག་བྱུང་སྟེ། ཡུལ་དེའི་རྟ་དང་གླང་པོ་ཆེ་སོགས་སྲོག་ཆགས་ཀྱི་རིགས་ཐམས་ཅད་བཟས་པས་ཡུལ་ཁམས་དེ་ལ་གོད་ཁ་ཆེན་པོ་བྱུང་། སེངྒེ་མོ་དེ་ཤི་བ་དང་ཡུལ་དེའི་མི་ཐམས་ཅད་འདུས་ནས་གྲོས་བྱས་པ་ནི། སྔོན་གྱི་རྒན་རབས་རྣམས་ཀྱི་གཏམ་ལ་ཡུལ་ཁམས་འདི་སེངྒེས་འཇིག་པས་འཇིག་རྐྱེན་ཡང་གངས་རི་འདིས་བྱེད་ཟེར་བ་བདེན་པ་འདྲ་བས་ཇི་ལྟར་བྱ་ཟེར་བ་ལ། རྒན་རབས་ཁ་ཅིག་ན་རེ། ཡུལ་གྱི་ཕུའི་དྲང་སྲོང་ལ་ཞུས་ན་ཡོང་ཞེས་སྨྲས་པས། ཐམས་ཅད་ཁ་མཐུན་ཏེ་ཡུལ་གྱི་ཕུ་ན་བཞུགས་པའི་དྲང་སྲོང་སྨྲ་བའི་ཁྱུ་མཆོག་ལ་ཞུས་པས། དྲང་སྲོང་གིས་བདེན་ཚིག་བརྗོད་པའི་དབང་གིས་གངས་ཅན་གྱི་རི་དེ་ནམ་མཁའ་ལ་འཕགས་ནས་ཤམྦྷ་ལ་དང་ཉེ་བའི་ཕྱོགས་རྒྱ་གར་གྱི་ཡུལ་བྱང་ཕྱོགས་སུ་བབས་ནས་འདུག་གོ། ། དེ་ནས་རི་དེ་ལ་གླང་བོ་ཆེ་མང་པོ་གནས་བཅས་ཏེ། གླང་པོ་ཆེ་དེ་དག་ཀྱང་ཤིན་ཏུ་རྒྱུ་དགའ་བ་ཤ་སྟག་སྟེ་གངས་ཅན་རི་ཡི་གླང་པོ་ཞེས་གཙིགས་ཆེ་བར་བྱེད་དོ། ། དེ་ལྟ་བུའི་གངས་རིའི་དབུས་ཀྱི་རིན་པོ་ཆེ་འབྱུང་བའི་ཕུག་ན་བཞུགས་པའི་འཕགས་པའི་གནས་བརྟན་ཆེན་པོ་མི་ཕྱེད་པ་ལ་གསོལ་བ་འདེབས་སོ། །

འཕགས་པའི་གནས་བརྟན་ཤིང་ཤུན་ཅན་ནམ་བ་ཀུ་ལའི་བཞུགས་གནས་ཀྱི་བྱུང་ཁུངས་ནི། སྔོན་བྱང་སྒྲ་མི་སྙན18ན་དཔག་བསམ་གྱི་ཤིང་མང་པོ་དང་ལྡན་པའི་རི། རྒྱལ་དགའ་རི་ཞེས་འབོད་པ་གཅིག་ཡོད་པ་དེ་ལ་དྲང་སྲོང་གཅིག་གནས་པ་དེས་ཕུག་པ་བྲུས་ནས་བསྒོམས་པས་མངོན་ཤེས་ལྔ་ཐོབ་བོ། ། ཕུག་པ་དེའི་དབྱིབས་ནི་སྤོས་རེང་བརྩིགས་པ་འདྲ་ཞིང་སྤོས་ངད་ལྡང་བས་སྤོས་བརྩིགས་ཀྱི་ཕུག་ཏུ་གྲགས་སོ། ། དེ་ལྟ་བུའི་གནས་མཆོག་ན་བཞུགས་པའི་འཕགས་པའི་གནས་བརྟན་ཆེན་པོ་ཤིང་ཤུན་ཅན་ནམ་བ་ཀུ་ལ་ལ་གསོལ་བ་འདེབས་སོ། །

འཕགས་པའི་གནས་བརྟན་ཆེན་པོ་བཟང་པོའི་བཞུགས་གནས་ཀྱི་བྱུང་ཁུངས་ནི། སྔོན་ཆུ་བོ་ཡ་མུ་ན་ལ་གནས་པའི་ཀླུ་རྣམས་ཀྱིས་གྲོས་བྱས་ཏེ། ངེད་རང་རྣམས་དབྱར་དུས་སུ་ཆར་སུས་འབེབས་ལ་ཤོ་རྒྱག་པར་བྱ་བའི་གནས་ཆུའི་དབུས་སུ་ཐང་གཤོང་བཅོ་བར་བྱའོ། ། ཞེས་གྲོས་བྱས་ནས་ཡུལ་ཀོང་ཕྱོགས་སུ་ཆུའི་དཀྱིལ་ན་གླིང་ཞིག་ཏུ་ཁང་བཟང་ཕུན་སུམ་ཚོགས་པ་ཞིག་བཅོས་ཏེ་དེར་དབྱར་གྱི་དུས་སུ་ཀླུ་རྣམས་ཚོགས་ནས་ཤོ་རྒྱག་པར་བྱེད་དོ། ། དེ་ནས་ཀླུ་རྣམས་དད་དེ་འཕགས་པ་བཟང་པོ་ལ་ཁང་བཟང་དེ་རིན་པོ་ཆེ་མང་པོས་བཀང་སྟེ་ཕུལ་བས་འཕགས་པས་ཀྱང་བཞེས་ཏེ་གནས་དེ་ཉིད་དུ་ཀླུ་རྣམས་ལ་ཆོས་བསྟན་ནས་ཀླུ་མང་པོ་ཐར་ལམ་ལ་འགོད་པར་མཛད་དོ། ། དེ་ལྟ་བུའི་ཁང་བཟང་དམ་པ་དེ་ན་བཞུགས་པའི་འཕགས་པའི་གནས་བརྟན་ཆེན་པོ་བཟང་པོ་ལ་གསོལ་བ་འདེབས་སོ། །

འཕགས་པའི་གནས་བརྟན་ཆེན་པོ་ཀཱ་ལི་ཀའམ་དུས་ལྡན་གྱི་བཞུགས་གནས་ཀྱི་བྱུང་ཁུངས་ནི། སྔོན་དབུལ་བོ་ཞིག་གིས་རང་ལ་ནོར་གང་ཡོད་ཀྱིས་དྲང་སྲོང་གཅིག་ལ་མཆོད་པ་ཕུལ་བས་དྲང་སྲོང་དགའ་སྟེ། ཁྱོད་ཅི་འདོད་ཅེས་བརྗོད་པས་དྲང་སྲོང་ཆེན་པོ་བདག་ཡུལ་ཁམས་ཆེན་པོ་གཅིག་གི་རྒྱལ་པོ་འདོད་དོ་ཞེས་ཞུས་པས། དྲང་སྲོང་གིས་ས་སྟོངས་ཆེན་པོ་གཅིག་ཏུ་བདེན་ཚིག་བརྗོད་པས་སྐད་ཅིག་ཉིད་ལ་ས་སྟོངས་དེ་གྲོང་ཁྱེར་ཆེན་པོ་གཅིག་ཏུ་གྱུར། མི་གྲོང་འབུམ་གྱི་བདག་ཉིད་ལོངས་སྤྱོད་དཔག་ཏུ་མེད་པ་དང་ལྡན་པ་མིང་ཟངས་གླིང་ཞེས་འབོད་པ་གཅིག་བྱུང་སྟེ་དེ་འཛམ་བུ་གླིང་གི་ཆར་གཏོགས་ཡིན་ཞིང་འཛམ་བུ་གླིང་དང་གླིང་དེ་གཉིས་ཀྱི་བར་དུ་མཚོས་ཀྱང་མ་བཅད། རྒྱ་གར་གྱི་གྲོང་ཁྱེར་ཆེན་པོ་དྲུག19གང་གི་ཡང་ཁོངས་སུ་མི་འདུ་ཞིང་། ཤམྦྷ་ལའི་གྲས་ལ་ཡང་མི་ཐེ། རྒྱ་གར་ནུབ་ཕྱོགས་དང་ཉེ་བས་རྒྱ་གར་ནུབ་ཕྱོགས་འཛམ་བུ་གླིང་གི་ཟངས་གླིང་ཞེས་བརྗོད། དེ་ནས་དབུལ་བོ་དེ་ཡུལ་ཁམས་དེའི་རྒྱལ་པོར་གྱུར་ཅིང་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཏེ། དེ་ནས་བདེན་ཚིག་གི་དབང་གིས་ཡུལ་དེའི་ཕུ་རུ་སྟག་དང་རི་དྭགས་བགས་ལ་ཤ་མང་པོ་གནས་པའི་རི་ཞིག་ཡོད་པ་དེའི་དབུས་ན་རིན་པོ་ཆེ་མང་པོ་འབྱུང་བའི་ཕུག་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པ་གཅིག་ཡོད་པ་དེ་ཡུལ་ཁམས་དེའི་མི་ཐམས་ཅད་འཕགས་པའི་གནས་བརྟན་ཆེན་པོ་དུས་ལྡན་ལ་དད་ནས་བྲག་ཕུག་དེ་རིན་པོ་ཆེ་མང་པོས་བཀང་སྟེ་ཕུལ་ལོ། ། དེ་ལྟ་བུའི་བྲག་ཕུག་དམ་པ་ན་བསྟན་པ་སྐྱོང་ཞིང་བཞུགས་པའི་འཕགས་པའི་གནས་བརྟན་ཆེན་པོ་ཀཱ་ལི་ཀ་ལ་གསོལ་བ་འདེབས་སོ། །

འཕགས་པའི་གནས་བརྟན་ཆེན་པོ་བས་ས་ལའི་བུའམ་རྡོ་རྗེ་མོའི་བུ་ཤ་ར་ཎ་སྐྱབས་འོས་ཀྱི་བཞུགས་གནས་ཀྱི་བྱུང་ཁུངས་ནི། སིངྒྷ་ལ20ཞེས་པའི་ཡུལ་དེ་ན་སྔོན་སྲིན་པོ་རྣམས་ཀྱིས་བཟུང་བ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་དེད་དཔོན་སེངྒེ་འཛིན་དུ་གྱུར་པས་ཡུལ་དེར་སྲིན་མོ་ཐམས་ཅད་འདུལ་བར་མཛད་དེ། མཛད་ཚུལ་རྒྱས་པ་འདུལ་བ་ལུང21ལས་འབྱུང་ངོ་། ། ཡུལ་འཁོར་སྲུང་གིས་ཞུས་པའི་མདོ22ལས་ཀྱང་། དེད་དཔོན་སེངྒེ་འཛིན་དུ་གྱུར་པའི་ཚེ། ། སྙིང་རྗེ་མེད་ཅིང་མི་བཟད་རབ་གཏུམ་པ། ། སྲིན་མོ་བརྒྱ་དག་ཤིན་ཏུ་ཚར་བཅད་ནས། ། རྒྱ་ཤུག་གླིང་དུ་མི་དག་བཀོད་པར་བྱས། ། ཞེས་པ་ལས་ཀྱང་ཤེས་སོ། ། དེ་ལྟ་བུའི་གླིང་གི་དབུས་ཤིན་ཏུ་སྐྱིད་པའི་རི་ལ་བཞུགས་པའི་འཕགས་པའི་གནས་བརྟན་རྡོ་རྗེ་མོ་ཡི་བུ་ལ་གསོལ་བ་འདེབས་སོ། །

འཕགས་པའི་གནས་བརྟན་ཆེན་པོ་སྦེད་བྱེད་ཀྱི་བཞུགས་གནས་ཀྱི་བྱུང་ཁུངས་ནི། སྔོན་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་འབྲུག་ལ་སོགས་པའི་གནས་ཀྱི་ཆེད་དུ་རི་ཤིན་ཏུ་ནས་ཆེ་བ་གཅིག་བཅོས་ཏེ་དེའི་མིང་ནི་རི་བི་ཧུ་ལ་ཞེས་གྲགས་སོ། ། དེ་ལྟ་བུའི་རིའི་དབུས་ན་སེངྒེ་འབྱུང་བའི་ཕུག་ན་བཞུགས་པའི་འཕགས་པའི་གནས་བརྟན་ཆེན་པོ་སྦེད་བྱེད་དམ་བ་ལང་སྐྱོང་ལ་གསོལ་བ་འདེབས་སོ། །

འཕགས་པའི་གནས་བརྟན་ཆེན་པོ་གཙུག་གི་ལམ་པའམ་ལམ་ཆུང་བའི་བཞུགས་གནས་ཀྱི་བྱུང་ཁུངས་བཤད་པ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་མདོ་སྡེ་ཐམས་ཅད་ལས་བསྔགས་པའི་རི་ཡིན་ཏེ། དེ་ཡང་སྔོན་བཅོམ་ལྡན་འདས་ཀྱིས་རི་དེའི་ལྡེབས་སུ་སྐུ་ཁྲུས་མཛད་པས། སྐུ་ཆོས་བདུད་སྡིག་ཅན་གྱིས་བྱ་རྒོད་གཅིག་ཏུ་སྤྲུལ་ནས་ཁྱེར་བས། བཅོམ་ལྡན་འདས་ཀྱི་བྱིན་རླབས་ཀྱིས་བདུད་ཀྱི་ལུས་བྱ་རྒོད་དུ་སྤྲུལ་བ་དེ་ཉིད་ས་ལ་ལྷུང་སྟེ་རི་བོ་བྱ་རྒོད་གྱི་གཟུགས་སྤུངས་པ་འདྲ་བ་ཞིག་ཏུ་གྱུར་ཏེ་བྱ་རྒོད་སྤུངས་བའི་རི་ཞེས་གྲགས་སོ། ། དེ་ལྟ་བུའི་རི་དེ་ནི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་སྟེ། བཅོམ་ལྡན་འདས་ཀྱིས་ཀྱང་མདོ་སྡེ་ཐམས་ཅད་ལས་བསྔགས་ཤིང་ཁྱད་པར་དུ་དཀོན་བརྩེགས23ལས་བསྔགས་པའོ། ། དེ་ལྟ་བུའི་གནས་དམ་པ་ཡི་་ཕུག་བྱ་རྒོད་འབྱུང་བ་ན་བཞུགས་པའི་འཕགས་པའི་གནས་བརྟན་ཆེན་པོ་གཙུག་གི་ལམ་པ་ལ་གསོལ་བ་འདེབས་སོ། །

དེ་ལྟར་འཕགས་པ་སོ་སོའི་བཞུགས་གནས་ཀྱི་བྱུང་ཁུངས་བཤད་ནས་སྤྱི་དོན་གསུམ་པ་འཕགས་པ་སོ་སོའི་རིགས་རུས་བཤད་པ་ནི། དང་པོར་བྷ་ར་ངྷྭ་ཛ་བསོད་སྙོམས་ལེན་ནི་རིགས་བྲམ་ཟེ། བྲམ་ཟེ་ལ་རུས་གསུམ་དུ་ཡོད་པ་ནི། ཀོ་སའི་རུས་དང་། བས་སའི་རུས་དང་། བྷ་ར་ངྷྭ་ཛའི་རུས་རྣམས་སུ་ཡོད་པ་ལས་འཕགས་པ་འདི་ནི་བྷ་ར་ངྷ་ཛའི་རུས་ཡིན་ནོ། ། འཕགས་པ་གསེར་གྱི་བེའུ་ནི་རིགས་ཁྱིམ་བདག་རུས་ཁྱིམ་བདག་ཆེན་པོའི་རུས་ཡིན་ནོ། ། འཕགས་པ་བྷ་ར་ངྷཱ་ཛ་གསེར་ཅན་ནི་རིགས་བྲམ་ཟེ་རུས་བྷ་ར་ངྷཱ་ཛ་ཡིན་ནོ། ། འཕགས་པ་ལམ་ཆེན་པ་ནི་རིགས་བྲམ་ཟེ་རུས་ནི་ཀོ་ས་ལའི་རུས་ཡིན། འཕགས་པ་སྒྲ་གཅན་འཛིན་ནི་རིགས་ཤཱཀྱའི་རིགས་རུས་རྒྱལ་པོའི་རིགས་རུས་ཡིན་ནོ། ། འཕགས་པ་ཀླུ་ཡི་སྡེ་ནི་རིགས་རྒྱལ་ཕྲན་རུས་ཀྱང་དེ་ཉིད་ཡིན། འཕགས་པ་གནས་བརྟན་ཟུར་གྱིས་ཤེས་ནི་རིགས་ཁྱིམ་བདག་རིས་ཁྱིམ་བདག་ཆེན་པོའི་རུས་ཡིན་ནོ། ། འཕགས་པ་ནགས་ན་གནས་ནི་རིགས་བྲམ་ཟེ་རུས་ཀོ་ས་ལ་པ་ཡིན། འཕགས་པ་མ་ཕམ་པ་ནི་རིགས་ཁྱིམ་བདག་རུས་ཁྱིམ་བདག་ཆེན་པོའི་རུས་ཡིན། འཕགས་པ་མི་ཕྱེད་པ་ནི་རིགས་བྲམ་ཟེ་རུས་བ་ཀུ་ལ་ཡིན། འཕགས་པ་བཟང་པོ་ནི་རིགས་ཤཱཀྱ་རུས་ཤཱཀྱའི་ཁ་ལོ་བའི་རུས་ཡིན། ། འཕགས་པ་ཀཱ་ལི་ཀ་ནི་རིགས་བྲམ་ཟེ་རུས་སྤྱི་འབབ་ཡིན། འཕགས་པ་རྡོ་རྗེ་མོའམ་བས་སའི་བུ་ནི་རིགས་རྒྱལ་པོ་རུས་བས་ས་ཡིན། འཕགས་པ་སྦེད་བྱེད་དམ་བ་གླང་སྐྱོང་ནི་རིགས་ཁྱིམ་བདག་རུས་ཁྱིམ་བདག་ཆེན་པོའི་རུས་ཡིན། འཕགས་པ་གཙུག་གི་ལམ་པ་ནི་རིགས་བྲམ་ཟེ་རུས་ཀོ་ས་ལ་པ་ཡིན།

དེ་ལྟར་འཕགས་པ་སོ་སོའི་རིགས་རུས་བཤད་ནས། སྤྱི་དོན་བཞི་བ་འཕགས་པ་སོ་སོའི་འཁྲུངས་ཡུལ་བཤད་པ་ནི། བྷ་ར་ངྷྭ་ཛ་བསོད་སྙོམས་ལེན་ནི་གྲོང་ཁྱེར་སེར་སྐྱར་འཁྲུངས། འཕགས་པ་གསེར་གྱི་བེའུ་ནི་ཡུལ་རྒྱལ་པོའི་ཁབ་ཏུ་འཁྲུངས། འཕགས་པ་གསེར་གྱི་བེའུ་ནི་ཡུལ་རྒྱལ་པོའི་ཁབ་ཏུ་འཁྲུངས། བྷ་ར་ངྷྭ་ཛ་གསེར་ཅན་མཆོག་ནི་འཁྲུངས་ཡུལ་སེར་སྐྱ་བ་ཡིན། འཕགས་པ་ལམ་ཆེན་ནི་ཡུལ་མཉན་ཡོད24པ་ཡིན། སྒྲ་གཅན་འཛིན་ནི་འཁྲུངས་ཡུལ་གྲོང་ཁྱེར་སེར་སྐྱ་བ་ཡིན། ཀླུ་ཡི་སྡེ་ནི་གྲོང་ཁྱེར་གསེག་མ་བར་འཁྲུངས། འཕགས་པ་ཡན་ལག་འབྱུང་ནི་ཡུལ་རྒྱལ་པོའི་ཁབ་པ་ཡིན། འཕགས་པ་ནགས་ན་གནས་ནི་ཡུལ་ཀོ་ས་ལ25པ་ཡིན། འཕགས་པ་མ་ཕམ་པ་ནི་ཡུལ་མཉན་ཡོད་པ་ཡིན། འཕགས་པ་མི་ཕྱེད་པ་ནི་ཡུལ་མཉན་ཡོད་པ་ཡིན། འཕགས་པ་བ་ཀུ་ལ་ནི་ཡུལ་མཉན་ཡོད་པ་ཡིན། འཕགས་པ་བཟང་པོ་ནི་གྲོང་ཁྱེར་སེར་སྐྱ་བ་ཡིན། འཕགས་པ་དུས་ལྡན་ནི་ཡུལ་མཉན་ཡོད་པ་ཡིན། འཕགས་པ་བས་ས་ལ་ཡི་བུའམ། ཤ་ར་ཎ་སྐྱབས་འོས་ནི་ཡུལ་ཁུ་ནུ་བ་ཡིན། འཕགས་པ་སྦེད་བྱེད་ནི་ཡུལ་ཝ་ར་ཎཱ་སི26པ་ཡིན།

དེ་ལྟར་འཕགས་པ་སོ་སོའི་འཁྲུངས་ཡུལ་བཤད་ནས། སྤྱི་དོན་ལྔ་བ་དང་པོར་གང་ལས་རབ་ཏུ་བྱུང་བཤད་པ་ནི། འཕགས་པ་བྷ་ར་ངྷྭ་ཛ་བསོད་སྙོམས་ལེན་དང་གསེར་གྱི་བེའུ་དང་བྷ་ར་བྷྭ་ཛ་གསེར་ཅན་མཆོག་རྣམས་སངས་རྒྱས་ལས་རབ་ཏུ་བྱུང་། ལམ་ཆེན་པ་ནི་དགེ་སློང་ཞིག་ལས་རབ་ཏུ་བྱུང་། སྒྲ་གཅན་འཛིན་ནི་སངས་རྒྱས་ཁོ་ན་ལས་རབ་ཏུ་བྱུང་། ཀླུ་ཡི་སྡེ་དང་ཡན་ལག་འབྱུང་། ནགས་ན་གནས། མ་ཕམ་པ། མི་ཕྱེད་པ། ཤིང་ཤུན་ཅན། བཟང་པོ་རྣམས་ཀྱང་སངས་རྒྱས་ལས་རབ་ཏུ་བྱུང་། ནག་པོ་འཕགས་པ་མ་འགགས་པ་ལས་རབ་ཏུ་བྱུང་། སངས་རྒྱས་ཀྱི་ཆོས་བསྟན་པས་དགྲ་བཅོམ་པར་གྱུར། རྡོ་རྗེ་མོ་ཡི་བུ་དང་། སྦེད་བྱེད། གཙུག་གི་ལམ་པ་རྣམས་ཀྱང་སངས་རྒྱས་ལས་རབ་ཏུ་བྱུང་བའོ། ། འཕགས་པའི་གནས་བརྟན་ཆེན་པོ་རྣམས་ཀྱི་ཞབས་འབྲིང་བ་དགེ་བསྙེན་ངྷརྨཱ་ཏ་ནི་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པར་མཛད་པ་ཡིན་ནོ། ། སྔོན་རྒྱ་ནག་ཏུ་རྒྱལ་པོ་ཐང་ཇུ27ཞེས་པ་བསྙུན་པའི་དུས་སུ་སངས་རྒྱས་བྱང་སེམས་རྣམས་ལ་གསོལ་བ་བཏབ་པས་འཕགས་པའི་གནས་བརྟན་བཅུ་དྲུག་ཕོ་བྲང་དུ་བྱོན། བྱོན་མ་ཐག་ཏུ་རྒྱལ་པོ་སྙུན་དྭངས་ཤིང་གནས་བརྟན་རྣམས་གླིང་གཞན་དུ་བྱོན། ཡང་ཐེངས་ཤིག་རྒྱལ་པོ་བསྙུན་པའི་ཚེ་བློན་པོ་རྣམས་ཀྱིས་སྔར་ཡང་གནས་བརྟན་རྣམས་བྱིན་རླབས་ཆེ་བར་བྱུང་། ད་ཡང་གདན་དྲངས་ན་ཞེས་ཞུས་པས་རྒྱལ་བློན་ཐམས་ཅད་ཁ་མཐུན་ནས་ཧྭ་ཤང་གདན་འདྲེན་དུ་བཏང་། གནས་བརྟན་རྣམས་ཆུ་དཀྱིལ་ལ་རུས་སྦལ་དང་སྦལ་བ་དང་། ཆུ་སྲིན་དང་ཆུ་གཟིག་སོགས་ལ་ཆིབས་ནས་བྱོན་ཏེ་ཕོ་བྲང་བཀྲ་ཤིས་ཁྲི་སྒོར28རྒྱའི་བན་སྨུག་ཆས་སུ་བྱོན། རྒྱལ་པོ་སྙུན་དྭངས་གནས་བརྟན་རྣམས་དབྱར་གནས་པར་ཞལ་གྱིས་བཞེས། བྱམས་པ་ལུང་བསྟན་པའི་མདོ་ལ་སོགས་པ་མང་པོ་གསུངས། གནས་བརྟན་རྣམས་ཉིན་རེ་བཞིན་རྒྱ་ཧ་ལ་ཤན་གྱི་རི29ལ་བྱོན། ཕྱག་བདར་ལ་སོགས་པ་མཛད་པ་ལ་དགེ་བསྙེན་ངྷརྨཱ་ཏ་འབྱོན་པ་ལ་རི་དྭགས་དགེས་ལ་ཤ་དང་གཟིག་དང་རྔ་མོའི་རི་དྭགས་དང་པར་མ་སྡིང་རྩི་སོགས་ཀྱིས་འཚེ་བ་ལ་དགེ་བསྙེན་ངྷརྨཱ་ཏས་པུས་མོ་གཡས་པ་ལས་སྟག་གཅིག་སྤྲུལ་ཏེ་སྲོག་ཆགས་དེ་དག་གིས་འཚེ་བ་མེད་པར་མཛད། དབྱར་གནས་གྲོལ་ནས་གནས་བརྟན་རྣམས་རང་རང་གི་གནས་སུ་བྱོན། རྒྱལ་པོས་གནས་བརྟན་བཅུ་དྲུག་གི་སྐུ་འབག་རེ་བཞེངས། རྒྱལ་པོ་ལ་གནས་བརྟན་རྣམས་ཀྱི་སྤྲུལ་པའི་སྲས་རེ་བྱུང་། ཧྭ་ཤང་གིས་བུ་རྫི་བྱས་པར་གྲགས་སོ། ། དུས་ད་ལྟའི་བར་ལ་ཡང་རྒྱ་ནག་མངའ་ཐང་ཆེ་ཞིང་ལོངས་སྤྱོད་ཆེ་བའི་རྒྱུ་མཚན་དུས་དེར་གནས་བརྟན་རྣམས་ཀྱིས་བྱིན་གྱིས་བརླབས་པ་ལགས་སོ། ། དེ་ལྟར་འཕགས་པའི་གནས་བརྟན་ཆེན་པོ་བཅུ་དྲུག་ལ་མཆོད་ཅིང་གསོལ་བ་འདེབས་པ་དང་། འཕགས་པའི་གནས་བརྟན་བཅུ་དྲུག་གི་རྣམ་པར་ཐར་པ་སྤྱི་དོན་དུ་མའི་བདག་ཉིད་ཅན་འདི་ནི་འཕགས་པའི་གནས་བརྟན་རྣམས་ལ་གུས་པས་རྫུན་དང་གསོབ་མ་འདྲེས་པར་རྩོམ་པའི་ཁུལ་ལགས། གལ་སྲིད་རྫུན་གསོབ་འདྲེས་ན། སྟོན་པ་རིན་པོ་ཆེ་དང་འཕགས་པ་གནས་བརྟན་བཅུ་དྲུག རྒྱལ་པོ་ཆེན་པོ་བཞི30ལ་སོགས་པས་བཟོད་པར་མཛད་པ་དང་མཁས་པ་རྣམས་ཀྱིས་སྐྱོན་འཆོས་པར་མཛོད་ཅིག

2 མཆན་འགྲེལ།

1.ཤར་གྱི་ལུས་འཕགས་གླིང་། རི་རབ་ལྷུན་པོའི་ཤར་ངོས་རྒྱ་མཚོར་ཆགས་པའི་གླིང་ཆེན་ཞིག་སྟེ། དེར་གནས་པའི་མིའི་ལུས་འཛམ་བུ་གླིང་ལས་ཉིས་འགྱུར་གྱིས་ཁྱད་པར་དུ་འཕགས་པས་ན་མིང་དེ་ལྟར་བཏགས་ལ། དེའི་དབྱིབས་ཟླ་གམ་ཁ་ནང་དུ་བསྟན་པ་ལྟ་བུ། ནང་དང་གཡས་གཡོན་གྱི་ངོས་གསུམ་འཛམ་བུ་གླིང་དང་འདྲ་བར་དཔག་ཚད་སྟོང་ཕྲག་གཉིས་ཡོད་ཅིང་ལྕགས་རིའི་ཕྱོགས་ཀྱི་ངོས་གཅིག་ལ་དཔག་ཚད་སུམ་བརྒྱ་ལྔ་བཅུ་ཡོད་པར་གྲགས།

2.ནུབ་ཀྱི་བ་གླང་སྤྱོད། རི་རབ་ལྷུན་པོའི་ནུབ་ལོགས་ཀྱི་རྒྱ་མཚོར་ཆགས་པའི་གླིང་ཆེན་ཞིག་སྟེ། འདོད་འཇོའི་བ་ལས་ལོངས་སྤྱོད་ཀྱི་ཁྱད་པར་འབྱུང་བས་ན་བ་གླང་སྤྱོད་ཅེས་པའི་མིང་བཏགས་ལ། དབྱིབས་ཟླུམ་པོ་དང་། མཐའ་བསྐོར་དཔག་ཚད་སྟོང་ཕྲག་ཕྱེད་དང་བརྒྱད་ཡིན་ལ། སྲིད་ཞེང་གཉིས་ལ་དཔག་ཚད་སྟོང་ཕྲག་ཕྱེད་དང་གསུམ་ཡོད་པར་གྲགས།

3.རྒྱལ་པོའི་ཁབ། རྒྱ་གར་གྲོང་ཁྱེར་ཆེན་པོ་དྲུག་གི་ཡ་གྱལ་ཏེ། 《རྒྱ་ནག་ཆོས་འབྱུང》ལས། དེ་ཡང་རྒྱལ་པོའི་་ཁབ་ཅེས་པའི་རྒྱུ་མཚན་ནི། རྒྱལ་པོ་གཟུགས་ཅན་སྙིང་པོའི་ནང་མཁར་ནི་དམངས་མ་ཚོའི་ཁྱིམ་དང་ཉེ་བའི་ལན་གྱིས། འགའ་ཞིག་གིས་མེ་ཤོར་བ་རྒྱལ་པོའི་བཞུགས་ཁང་ན་མཆེད་པ་ལན་འགའ་བྱུང་བས། རྒྱལ་པོས་མེ་ལ་གཟོབས་ཤིག སླར་དེ་འདྲ་བྱུང་ཚེ་ཁྱིམ་དེ་དུར་ཁྲོད་དུ་སྤོ་བར་བྱེད་དོ་ཞེས་ཆད་པའི་དྲིལ་བསྒྲགས། མི་རིང་བར་རྒྱལ་པོ་རང་གི་ཁྱིམ་ནས་མེ་ཤོར་བས། རང་བཟོ་རང་གིས་གཞིག་མི་རུང་གསུངས་ནས་དུར་ཁྲོད་དུ་སྐྱས་ལ་ཁང་བ་འགའ་བཏབ་ནས་བཞུགས་པ་རྒྱལ་པོའི་ཁབ་ཏུ་མིང་ཆགས། དེ་ནས་རྒྱལ་པོ་གཞན་གྱིས་བཅོམ་སླ་བར་རིག་ནས། རྐུ་དམག་བཤམས་པའི་གྲོས་བྱས་པ་རྒྱལ་པོ་གཟུགས་སྙིང་གིས་གསན་ཏེ། ལྕགས་རི་དང་མི་ཁྱིམ་མང་པོ་བཏབ་ལ། དུར་ཁྲོད་དེ་མཁར་རྫོང་དུ་བསྒྱུར་པ་ཡིན་ཀྱང་མིང་བསྒྱུར་མ་བྱས་སྐད་དོ་ཞེས་གསུངས།

4.རིའི་རྒྱལ་པོ་གངས་ཅན། འཕགས་པའི་ཡུལ་གྱི་དབུས་ནས་བྱང་དུ་རི་ནག་པོ་དགུ་འདས་པའི་མཚམས་སུ་གངས་རི་སྟེ་རི་བོ་གངས་ཅན་ཞེས་བྱ་བ་ཡོད་པར་གྲགས།

5.ཆུ་བོ་ཡ་མུ་ན། རྒྱ་གར་གྱི་ཆུ་བོ་ཞིག་སྟེ་ཉི་མའི་བུ་མོ་ཡང་ཟེར།

6.འཛམ་བུ་གླིང་། རི་རབ་ལྷུན་པོའི་ལྷོ་ངོས་རྒྱ་མཚོར་ཆགས་པའི་གླིང་ཆེན་ཞིག་སྟེ། མཆོ་མ་དྲོས་པའི་འགྲམ་དུ་ཛམྦུ་བྲྀཀྵ་ཞེས་བྱ་བའི་ཤིང་སྡོང་འབྲས་བུ་མངར་རྫ་ཙམ་ཡོད་པ་དེ་སྨིན་ནས་ཆུར་ལྷུང་བའི་སྒྲ་ལས་ཛམྦུ་ཞེས་བྱ་བ་འབྱུང་ཞིང་། ཤིང་དེ་ཉེ་བར་མཚན་པའི་གླིང་ཡིན་པས་ན་ཛམྦུའི་གླིང་ཞེས་གྲགས་ལ། གླིང་དེའི་དབྱིབས་ཤིང་རྟ་ལྟ་བུ། རི་རབ་ཀྱི་ཕྱོགས་ངོས་དང་གཡས་གཡོན་གཉིས་དང་གསུམ་ལ་དཔག་ཚད་སྟོང་ཕྲག་གཉིས་གཉིས་དང་། ངོས་གཅིག་སྟེ་ཁོར་ཡུག་ལ་དཔག་ཚད་ཕྱེད་དང་བཞི་ཡོད་ཅིང་། ལྷོ་འཛམ་བུའི་གླིང་ནི་གླིང་གཞན་ལས་ཁྱད་པར་དུ་འཕགས་པས་གྲགས་སོ། །

7.བྱ་རྒོང་ཕུང་པོའི་རི། ཞང་ཞུང་ཆོས་དབང་གྲགས་པས་མཛད་པའི《བཅོམ་ལྡན་འདས་རྗེ་བཙུན་བཞེད་པའི་རྡོ་རྗེ་ལ་བསྟོད་པའི་ཚིགས་བཅད》ཀྱི་མཆན་རྟགས་ཨང11ལ་གཟིགས།

8.དྲང་སྲོང་སེར་སྐྱ། དེ་ཡང་སྔོན་ཚེ་ལོ་དཔག་མེད་ཀྱི་དུས་དྲང་སྲོང་སེར་སྐྱ་ཞེས་པས་བསྟི་གནས་སུ་བསྒོམས་པས་མུ་སྟེགས་ཀྱི་ཐར་བ་ཐོབ་པར་རློམ་ནས་རང་གིས་མཐོང་བའི་དེ་ཉིད་གཞན་ལ་བསྟན་ཕྱིར་གྲངས་ཅན་གྱི་བསྟན་བཅོས་བྱས་ལ། དེ་ནི་ཕྱི་རོལ་གྲངས་ཅན་པའི་བསྟན་བཅོས་ཐོག་མ་ཡིན་པར་གྲགས།

9.རྣམ་པར་རྒྱལ་བའི་ཁང་བཟང་། འགྲོ་མགོན་འཕགས་པས་མཛད་པའི《རྒྱལ་པོ་ཡབ་སྲས་ཀྱིས་མཆོད་རྟེན་བཞེངས་པ་ལ་བསྔགས་པའི་སྡེབ་སྦྱོར་དཎྜ་ཀ》ཞེས་པའི་མཆན་རྟགས་ཨང17ལ་གཟིགས།

10.ལྷ། འཁོར་བ་རིགས་དྲུག་གི་ཡ་གྱལ། ལྷ་ཞེས་པ་ལེགས་སྦྱར་སྐད་དུ་དི་བཽཀསྲ་ཏེ་འདི་རྣམས་ཀྱི་ཁྱིམ་མཐོ་རིས་སུ་ཡོད་པས་མཐོ་རིས་གནས་བྱེད་དམ་མཁའ་ཁྱིམ་པ་ཞེས་བྱ། ཡང་ན་དེ་བ་སྟེ་རྩེ་ཞིང་རོལ་པར་བྱེད་པས་ལྷའོ། །

11.ལྷ་མ་ཡིན། 《དྲན་ཉེ》ལས། རི་རབ་ཀྱི་ར་བའི་ཁོང་སེང་ཆུ་མཚམས་མན་གྱི་རྒྱ་མཚོའི་སྟེང་དུ་ལྷ་མིན་དུད་འགྲོར་གཏོགས་པའི་རིགས་ཀྱི་གནས་ཀྱི་ཁྱད་པར་དང་སྒྲ་གཅན་དང་མགུལ་ཕྲེང་ལ་སོགས་པའི་གཙོ་བོ་ཆེན་པོ་རྣམས་གནས་པར་གསུངས་སོ། །

12.མཉྫི། རྡོ་རིན་པོ་ཆེ་ཞིག

13.བདེན་པ་ལ་འགོད་པ། འཕགས་ལམ་དུ་ཁྲིད་པ།

14.སྣར་ཐང་པ་ཆེན་པོ། པོ་ཏོ་བའི་ཡང་སློབ་སྣར་ཐང་གཙུག་ལག་ཁང་འདེབས་མཁན་གཏུམ་སྟོན་བློ་གྲོས་གྲགས།

15.བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་བག་ཆགས་དང་བཅས་པ་བཅོམ་ཞིང་སྐལ་བ་དྲུག་དང་ལྡན་པ་འཇིག་རྟེན་པའི་ལྷ་རྣམས་ལས་འདས་པ། སྲིད་ཞི་གཉིས་ཀྱི་མཐའ་ལ་མི་གནས་པར་དེ་བཞིན་ཉིད་ཀྱི་ལམ་ལ་བརྟེན་ནས་བྱང་ཆུབ་ཆེན་པོར་མངོན་པར་གཤེགས་པ། བདུད་བཞིའི་དགྲ་ཐམས་ཅད་བཏུལ་བའམ་བཅོམ་པ། ཚུལ་ཇི་ལྟ་བ་བཞིན་ཕྱིན་ཅི་མ་ལོག་པ་དང་མཐའ་གཉིས་ལ་མི་གནས་པའི་མྱང་འདས་ཆེན་པོ་ཐོབ་པ་སྒྲིབ་གཉིས་ཀྱི་མུན་པ་སངས་ཤིང་མཁྱེན་པའི་པདྨོ་རྣམ་པར་རྒྱས་པའོ། །

16.རྡོ་རྗེ་གདན་གཉིས་པ། རྡོ་རྗེ་གདན་ནི་སྟོན་པ་ཤཱཀྱ་ཐུབ་པ་ཐོག་མར་སངས་རྒྱས་པའི་གནས་རྒྱ་གར་ཡུལ་དབུས་མ་ག་ངྷའི་གྲོང་ཁྱེར་གྱི་ལྷོ་ནུབ་མཚམས་ན་ཡོད་ལ། འདིར་གཉིས་པ་ནི་མཚུངས་པ་གསལ་བྱེད་ཀྱི་སྒྲའོ། །

17.མངོན་ཤེས་ལྔ། ཐག་རིང་པོ་དང་དུས་རིང་པོ་ན་གནས་ཤིང་འབྱུང་བ་ལྐོག་ཏུ་གྱུར་པའི་ཆོས་རྣམས་ལ་ད་ལྟར་མངོན་སུམ་དུ་དྲུང་ན་འདུག་པ་དང་འདྲ་བར་རྟོགས་ཤིང་ཤེས་པ་ནི་མངོན་པར་ཤེས་པ་ཞེས་བྱ་ལ། མངོན་ཤེས་ལྔ་ནི་ལྷའི་མིག་དང་། ལྷའི་རྣ་བ། སེམས་ཀྱི་རྣམ་གྲངས་ཤེས་པ། ལུས་ཀྱི་རྫུ་འཕྲུལ་ཤེས་པ། སྔོན་གྱི་གནས་རྗེས་སུ་དྲན་པ་སྟེ་ལྔ་ཡིན། དེ་ཡང་དཔལ་བརྩེགས་ལོ་ཙཱ་བས། ད་ལྟར་གྱི་ལུས་ཉེ་རིང་ཇི་སྙེད་པ་དང་ཤི་ནས་གར་སྐྱེས་པའི་གཟུགས་ཐམས་ཅད་མཐོང་བ་དེ་ཉིད་ལྷའི་མིག་གོ། ། སྒྲ་དང་སྐད་དང་བརྡ་སྣ་ཚོགས་ཐོས་ཤིང་གོ་བ་ནི་ལྷའི་རྣ་བའོ། ། སེམས་ཅན་གྱི་བསམ་པ་དང་བག་ལ་ཉལ་ཤས་ཆེ་ཆུང་ཀུན་ཤེས་པ་ནི་སེམས་ཀྱི་རྣམ་གྲངས་ཤེས་པའོ། ། འབར་བ་དང་འཕུར་བ་དང་མང་ཉུང་དང་བཟང་ངན་དང་ཆུ་ལ་འགྲོ་ཞིང་ས་ལ་འབྱིང་བ་དག་ཤེས་པ་ནི་ལུས་ཀྱི་རྫུ་འཕྲུལ་ཤེས་པའོ། ། ད་ལྟར་གྱི་དུས་ནས་བཟུང་སྟེ། ཚེ་རབས་སྔ་མ་ལ་གནས་གང་ལ་གནས་གནས་ལས་ཅི་བྱེད་བྱེད་པའི་ལོ་རྒྱུས་དྲན་པ་ནི་སྔོན་གྱི་གནས་རྗེས་སུ་དྲན་པའོ་ཞེས་གསུངས།

18.བྱང་སྒྲ་མི་སྙན། རི་རབ་ལྷུན་པོའི་བྱང་ངོས་རྒྱ་མཚོར་ཆགས་པའི་གླིང་ཆེན་ཞིག གླིང་དེར་གནས་པའི་མི་རྣམས་འཆི་བའི་ཞག་བདུན་གྱི་གོང་དུ་ཁྱོད་འཆིའོ་ཞེས་སྒྲ་མི་སྙན་པ་ནམ་མཁའ་ལས་འབྱུང་བས་ན་སྒྲ་མི་སྙན་དུ་གྲགས་ལ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས། གླིང་དེར་ཀླུ་མ་རུང་བ་རྣམས་ཀྱིས་གཙེས་པའི་སྐྱོན་གྱིས་བར་བར་དུ་ཉི་མ་སྤྲིན་གྱིས་གཡོགས་པ་འབྱུང་ཞིང་། དེར་པི་ཝང་དང་རྫ་རྔ་ལ་སོགས་པ་སྐད་མི་སྙན་པ་འགྱུར་བ་ཙམ་ཞིག་གིས་འདོད་པའི་ཡོན་ཏན་ལས་སྐྱོན་དུ་བགྲང་བ་ཡོད་པའི་ཕྱིར་ཞེས་གསུངས། བྱང་སྒྲ་མི་སྙན་གྱི་དབྱིབས་གྲུ་བཞི་དང་། ཚད་ངོས་བཞི་ག་རེ་ལ་དཔག་ཚད་ཉིས་སྟོང་རེ་ཡོད་པས་མཐའ་བསྐོར་དཔག་ཚད་སྟོང་ཕྲག་ཡོད་པར་གྲགས།

19.རྒྱ་གར་གྱི་གྲོང་ཁྱེར་ཆེན་པོ་དྲུག མཉན་ཡོད། གནས་བཅས། ཙམ་པ་ཀ ཝ་ར་ན་སི། ཡངས་པ་ཅན། རྒྱལ་པོའི་ཁབ་བཅས་དྲུག

20.སིངྒྷ་ལ། ཡ་གླིང་ལྷོ་རྒྱུད་ཧིན་རྡུ་རྒྱ་མཚོ་ཆེན་པོའི་ནང་ན་ཡོད་པའི་གླིང་ཕྲན་རྒྱལ་ཁབ་ཅིག་སྟེ། རྒྱ་ནག་སྐད་དུ་སི་ལི་ལན་ཁ་ཞེས་པ་དེའོ། །

21.འདུལ་བ་ལུང་། འདུལ་བ་ལུང་སྡེ་བཞི་སྟེ། འདུལ་བ་རྣམ་འབྱེད་དང་། འདུལ་བ་ལུང་གཞི་དང་། འདུལ་བ་ཕྲན་ཚེགས་དང་། འདུལ་བ་གཞུང་དམ་པ་བཅས་བཞིའོ། །

22.ཡུལ་འཁོར་སྲུང་གིས་ཞུས་པའི་མདོ། འཁོར་ལོ་ཐ་མར་གཏོགས་པའི་མདོ་ཞིག ཞང་ཡེ་ཤེས་ལྡེས་བསྒྱུར་ཅིང་། འགྱུར་སྔ་མ་སྐད་གསར་བཅད་ཀྱིས་བཅོས་པའོ། །

23.དཀོན་བརྩེགས། དཀོན་ཅོག་བརྩེགས་པ་སྟེ་ཐེག་པ་ཆེན་པོའི་མདོ་ཞིག འཕགས་པ་དཀོན་ཅོག་བརྩེགས་པ་ལེའུ་བཞི་བཅུ་རྩ་དགུའི་བདག་ཉིད་ཅན་ནི་རྒྱ་གར་དང་ལི་ཡུལ། རྒྱ་ནག་ལས་བསྒྱུར་པའོ། །

24.མཉན་ཡོད། མཉན་དུ་ཡོད་པ་སྟེ། སྔར་ཤཱཀྱ་མུ་ནིའི་བཞུགས་གནས་རྒྱ་གར་གྲོང་ཁྱེར་ཆེན་པོ་དྲུག་གི་ཡ་གྱལ། གྲོང་ཁྱེར་དེ་ཡུལ་དབུས་ཀྱི་ས་ཆར་ཡོད་ཅིང་རྡོ་རྗེ་གདན་དང་ཐག་མི་རིང་བར་བཤད། རྒྱ་གར་སྐད་དུ་ཀོ་སཱ་ལ་ཞེས་བྱའོ། །

25.ཀོ་ས་ལ། ལེགས་སྦྱར་སྐད་དེ་ཡུལ་མཉན་ཡོད།

26.ཝ་ར་ཎཱ་སི། ཝ་ར་ཎཱ་ཕུབ་དང་ཨ་སི་རལ་གྲིའི་མིང་ལ་འཇུག་པས། འགའ་ཞིག་ཕུབ་རལ་ཅན་དང་། ལ་ལས་ར་ཎཱ་ནི་རི་ཥ་སྟེ་སྤྲེའུ་མགོ་དང་། ཡང་ཝ་ར་ཁོར་མོའམ་ཁོར་ཡུག་དང་། ཎཱ་སི་འཇིག་པའམ་སེལ་བ་ཡིན་པས་ཁོར་མོ་འཇིག་ཅེས་བསྒྱུར་ཀྱང་། འདི་ཆུ་བོ་ཝ་ར་ཎཱ་དང་ཆུ་བོ་ཆ་ཨ་སི་ཞེས་བྱ་བ་གཉིས་ཀྱི་བར་གྱི་ལུང་ཡིན་པས་ཆུ་བོའི་མིང་གིས་ཝ་ར་ཎཱ་སིར་བཏགས་པར་བཤད་དེ། པཎ་ཆེན་ཚུལ་ཁྲིམས་བསྐྱངས་ཀྱིས《ལུང་ཕྲན་ཚེགས་ཀྱི་འབྲེལ་བ》ལས། ཝ་ར་ཎཱ་སི་ཞེས་བྱ་བ་ནི་ཆུ་བོ་ཝ་ར་ཎཱ་སི་ཞེས་བྱ་སྟེ་ཞེས་གསུངས་སོ། ། འདི་མ་ག་ངྷའི་ནུབ་ན་ཡོད་ཅིང་། དེ་ཉིད་ཀྱི་གྲོང་ཁྱེར་ནི་གྲོང་ཁྱེར་ཆེན་པོ་དྲུག་གི་ནང་ཚན་ཡིན་ཏེ། དེང་སང་གྲོང་ཁྱེར་གྱི་མིང་ལ་ཀཱ་ཤི་ཀ་སྟེ་གསལ་ལྡན་ཟེར་རོ། །

27.རྒྱལ་པོ་ཐང་ཇུ། ཐང་རྒྱལ་རབས་ཀྱི་རྒྱལ་པོ་ཐེ་ཙོང་ཡིན་པ་རྒྱ་ནག་ལོ་རྒྱུས་འགའ་ལས་གསུངས།

28.ཕོ་བྲང་བཀྲ་ཤིས་ཁྲི་སྒོ། གནའ་དུས་ཁྲང་ཨན་གྲོང་ཁྱེར་ཐང་རྒྱལ་གྱི་རྒྱལ་པོའི་ཕོ་བྲང་།

29.རྒྱ་ཧ་ལ་ཤན་གྱི་རི། ཧྭ་ཤན་རི་བོ་ཡིན་ནམ་དཔྱད།

30.རྒྱལ་པོ་ཆེན་པོ་བཞི། ཡུལ་འཁོར་སྲུང་དང་། འཕགས་སྐྱེས་པོ། སྤྱན་མི་བཟང་། རྣམ་ཐོས་སྲས་བཅས་བཞིའོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-10-10

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།