ལྷོ་བྲག་ནམ་མཁའ་རྒྱལ་མཚན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལྷོ་བྲག་ནམ་མཁའ་རྒྱལ་མཚན་ནི། ཡབ་སློབ་དཔོན་ནམ་མཁའ་བཟང་པོ་དང་ཡུམ་རིན་ཆེན་རྒྱན་གཉིས་ཀྱི་སྲས་སུ་རབ་བྱུང་ལྔ་པའི་མེ་སྟག(1326)ལོར་སྐུ་བལྟམས།
གཞི་རྩའི་གནས་ཚུལ།

འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1326-1401)
ཡབ།
སློབ་དཔོན་ནམ་མཁའ་བཟང་པོ།
ཡུམ།
རིན་ཆེན་རྒྱན།
1 ངོ་སྤྲོད།

ལྷོ་བྲག་ནམ་མཁའ་རྒྱལ་མཚན་ནི། ཡབ་སློབ་དཔོན་ནམ་མཁའ་བཟང་པོ་དང་ཡུམ་རིན་ཆེན་རྒྱན་གཉིས་ཀྱི་སྲས་སུ་རབ་བྱུང་ལྔ་པའི་མེ་སྟག(1326)ལོར་སྐུ་བལྟམས། དགུང་ལོ་བདུན་པར་རང་གི་ཁུ་བོ་རྒྱལ་སྲས་བཟང་པོའི་མདུན་དུ་དགེ་བསྙེན་གྱི་སྡོམ་པ་མནོས་ཤིང་ཡི་གེའི་ཀ་ཁ་ནས་བཟུང་འབྲི་ཀློག་སྦྱོར་སྡེབ་སྦྱོང་བའི་དབུ་བཙུགས། ལོ་བཅུ་པར་རབ་བྱུང་དགེ་ཚུལ་གྱི་སྡོམ་པ་བླངས། ཁུ་བོའི་མདུན་ནས་ཐུགས་རྗེ་ཆེན་པོའི་ཆོས་སྐོར་དང་བཀའ་གདམས་ཆོས་སྐོར་སོགས་དམ་ཆོས་མང་པོ་ཞུས། དགུང་ལོ་བཅུ་གཉིས་པར་ཕུར་པའི་བསྙེན་པ་བསྒྲུབས། དགུང་ལོ་བཅུ་གསུམ་པའི་དགུང་སྐེག་ལ་དགེ་སྦྱོར་ལ་འབད་དེ་སྒྲོ་བ་དགོན་པའི་རྟེན་རྣམས་ལ་བསྐོར་བ་མང་དུ་མཛད་པས་དགུང་གེགས་སེལ་བའི་རྟགས་ཐོན་པར་གྲགས། 

2 སློབ་གཉེར།

དགུང་ལོ་བཅུ་བཞི་པར་དམ་ཆོས་འདུལ་བའི་སྐོར་ལ་གསན་སྦྱོང་མཛད། དགུང་ལོ་བཅུ་དགུ་པར་ལྷ་སའི་ཇོ་ཤཱཀྱ་རྣམ་གཉིས་མཇལ་བར་ཕེབས་ཤིང་། དེ་ནས་རྒྱ་མ་རིན་ཆེན་སྒང་དུ་མཁན་པོ་བཀྲ་ཤིས་རྒྱལ་པོས་མཁན་པོ་དང་། སློབ་དཔོན་གཞོན་ནུ་དབང་ཕྱུག་གསང་སྟོན་སློབ་དཔོན་དབུ་མ་པ་བཅས་དགེ་མདུན་ཉེར་གཉིས་ཚོགས་པའི་དབུས་སུ་བསྙེན་རྫོགས་ཀྱི་སྡོམ་པ་བླངས། མཁན་ཆེན་ཡེ་ཤེས་གཞོན་ནུའི་དྲུང་དུ་ཉི་ཁྲི་སྣང་བ་དང་འདུལ་ཊིཀ ཀརྨ་ཤ་ཏམ། བསླབ་བཏུས་སོགས་གསན། དགུང་ལོ་ཉེར་གཉིས་པར་ལྷོ་བྲག་ཏུ་ལྟུང་བཤགས་སོགས་སྒྲིག་སྦྱོང་ལ་ཐུགས་བརྩོན་མཛད་དེ་ཐུན་རེར་ཕྱག་བདུན་བརྒྱ་རེ་འཚལ་བའི་དམ་བཅའ་མཛད། དགུང་ལོ་ཉེར་གསུམ་པར་སྒྲོ་བ་དགོན་དུ་ནོར་ལྷ་བསྒྲུབས་ནས་ཟླ་བ་དྲུག་ཙམ་མཚམས་བཞུགས། དགུང་ལོ་ཉེར་ལྔ་པར་བླ་མ་བདེ་བ་འབྱུང་གནས་ལྷོ་བྲག་ཁར་ཚུར་ཕེབས་པ་དེའི་སྤྱན་སྔར་དམ་ཆོས་མང་པོ་ཞུས། 

3 མཛད་རྗེས།

དགུང་ལོ་སོ་གཅིག་ཏུ་ཕེབས་པ་ན། ཁུ་བོ་རྒྱལ་སྲས་བཟང་པོ་དགོངས་པ་ཆོས་དབྱིངས་སུ་གཤེགས་པོའི་དགོངས་རྫོགས་དང་རྟེན་གསེར་སྐུ་ཆེན་པོ་བཞེངས། དེ་ནས་ལོ་དེར་དགོན་པའི་ཡོན་བདག་དང་དགེ་འདུན་མང་མང་པས་གསོལ་བ་བཏབ་པ་ལྟར་སྒྲོ་བ་དགོན་པའི་གདན་ཁྲིར་བཞུགས། སྐུ་མ་འདས་བར་དུ་སྒྲུབ་པ་ཉམས་ལེན་དང་དབང་ལུང་གནང་བ་སོགས་རྣམ་དཀར་དགེ་བའི་ཕྱག་ལས་ཁོ་ན་མཛད་ཅིང་། མངོན་མཁྱེན་ཡང་ཐོགས་མེད་ཡོད་པས། གྲུབ་ཆེན་ཞེས་པའི་མིང་ཐོབ་པར་གྲགས། དགུང་ལོ་བདུན་ཅུ་དོན་དྲུག་ཏུ་ཕེབས་པ་རབ་བྱུང་བདུན་པའི་ལྕགས་སྦྲུལ(1401)ལོར་ཞི་བར་གཤེགས། སྐུ་གདུང་ཞུགས་འབུལ་དུས་སུ་སྐུ་རུས་ལ་ལྷ་སྐུ་རང་བྱོན་དང་རིང་བསྲེལ་མང་པོ་བྱུང་བར་གྲགས་སོ།།

4 སློབ་མ།

ཁོང་གི་སློབ་མ་ནི། དད་པ་ཐོབ་པའི་སློབ་མ་ཆིག་འབུམ། གྲོལ་བ་ཐོབ་པ་ལྔ་བཅུ། གྲུབ་ཐོབ་ཚད་ལྡན་བརྒྱད་སོགས་ཤིན་ཏུ་མང་ཞིང་རྗེ་བློ་བཟང་གྲགས་པ་ཡང་ཁོང་གི་སློབ་མ་ཡིན་ནོ།།

5 གསུང་རྩོམ།

ཁོང་གི་གསུང་ནི། རང་རྣམ་མདོར་བསྡུས་དང་། མགུར་སོགས་གཙོ་བོར་ནང་དོན་རིག་པའི་སྐོར་འཁོད་པའི་པོད་ཀ་པ་དང་ཁ་པ་གཉིས་མི་རིགས་དཔེ་མཛོད་ཁང་དུ་བཞུགས་སོ།།



སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-10-26

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།