ཟབ་དོན་རྣམ་པར་འབྱེད་པའི་ལྡེ་མིག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དངོས་བསྐྱེད་ཐུགས་རྗེ་རོལ་པའི་ཐེག་པ་དང་ཤིན་ཏུ་དོན་ལྡན་ཀུན་རྫོགས་ཀྱི་ཐེག་པ་གཉིས་ཀྱི་ཁྱད་པར་གཙོ་བོ་གང་གི་སྟེང་ནས་འབྱེད་པ་ཡིན་ཞེ་ན། སེམས་དཔའ་སུམ་བརྩེགས་བསྒོམ་པ་ཡོད་མེད་དང་། ཏིང་འཛིན་རྣམ་གསུམ་གྱིས་ཁོག་དབུབ་པ་ཡོད་མེད་སོགས་ཀྱི་སྟེང་ནས་འབྱེད་པར་ནུས་པ་མ་ཡིན་ཏེ། དེ་དག་ནི་རྒྱུད་སྡེ་བཞི་ཡི་ཐུན་མོང་བ་ཡིན།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
བོན་ཆོས།
1 ​ངོ་སྤྲོད། 

དངོས་བསྐྱེད་ཐུགས་རྗེ་རོལ་པའི་ཐེག་པ་དང་ཤིན་ཏུ་དོན་ལྡན་ཀུན་རྫོགས་ཀྱི་ཐེག་པ་གཉིས་ཀྱི་ཁྱད་པར་གཙོ་བོ་གང་གི་སྟེང་ནས་འབྱེད་པ་ཡིན་ཞེ་ན། སེམས་དཔའ་སུམ་བརྩེགས་བསྒོམ་པ་ཡོད་མེད་དང་། ཏིང་འཛིན་རྣམ་གསུམ་གྱིས་ཁོག་དབུབ་པ་ཡོད་མེད་སོགས་ཀྱི་སྟེང་ནས་འབྱེད་པར་ནུས་པ་མ་ཡིན་ཏེ། དེ་དག་ནི་རྒྱུད་སྡེ་བཞི་ཡི་ཐུན་མོང་བ་ཡིན་པའི་ཕྱིར། བསྐྱེད་རྫོགས་བསྒོམ་པ་ཡོད་མེད་ཀྱི་སྟེང་ནས་ཀྱང་འབྱེད་པར་མི་ནུས་ཏེ། རྒྱུད་སྡེ་གོང་མ་གཉིས་ཀྱི་ཐུང་མོང་བ་ཡིན་པའི་ཕྱིར། སྐས་ཀྱི་གདང་བུ་ལྟར་བདག་ཉིད་ལྷ་ཡི་རྣལ་འབྱོར་རིམ་ཅན་དུ་བསྒོམ་པ་དང་། ཆུ་ལས་ཉ་ལྡང་གི་ཚུལ་དུ་དཀྲོང་བསྐྱེད་ཀྱི་རིམ་པས་ལྷ་སྐུ་བསྐྱེད་སྒོམ་བྱེད་པ་ཡོད་མེད་ཙམ་གྱི་སྟེང་ནས་འབྱེད་པར་མི་ནུས་ཏེ། ཐེག་པ་གཉིས་ཀ་ལ་དེ་ལྟར་ཡོད་པ་གཅིག་མཚུངས་ཡིན་པའི་ཕྱིར། དང་པོ་དངོས་བསྐྱེད་ཨ་དཀར་བའི་ཐེག་པ་ལ་ཡང་། བློ་ཆུང་རིམ་གྱིས་བསྒོམ་པ་དང་། བློ་ཆེན་ཅིག་ཅར་དུ་བསྒོམ་པ་གཉིས་ཀ་ཡོད་པའི་ཕྱིར་ཏེ། སྤ་གྲོའི་གཏེར་མ་གཡུང་དྲུང་དགུ་འཕར་གཡུང་དྲུང་གསང་བའི་རྒྱུད་ལས། དང་པོ་ཞི་བ་བསྒོམ་པ་ལ། རིམ་གྱིས་བསྒོམ་དང་གཅིག་ཆར་བསྒོམ། བློ་ཆེན་གཅིག་ཆར་འཇུག་པ་ནི། དཔེར་ན་ཉི་ཟླ་གཟའ་སྐར་རྣམས། ཆུ་དཀྱིལ་དྭངས་པར་དུས་གཅིག་ཏུ། འཆར་བ་བཞིན་དུ་ལྷ་སྐུ་ཡང་། གསལ་ནས་སྐད་ཅིག་འོད་དུ་འབར། སྙིང་པོ་བརྗོད་པས་འཁོར་ལོ་ཤར། བློ་ཆུང་རིམ་གྱིས་འཇུག་པ་ཡང་། ལྟ་བ་མཐོང་བའི་རྗེས་ཐོག་ལ། ཏིང་འཛིན་གསུམ་གསལ་སྒྲུབ་གཤེན་གྱིས། ཞེས་དང་། རྒྱུད་དེ་ཉིད་ལས། ལྷ་ནི་བློ་སྟོབས་ཆེ་ཆུང་གིས། ཆུ་ལས་ཉ་ལྡང་ཚུལ་བཞིན་དུ། ལྷ་སྐུ་ཕྱག་རྒྱ་ཆེན་པོ་རུ། བདག་ཉིད་ཞལ་གསུམ་ཕྱག་དྲུག་བསྒོམ། ཞེས་གསུངས་པའི་ཕྱིར་རོ། ། གཉིས་པ་ཤིན་ལྡན་ཡེ་གཤེན་པའི་ཐེག་པ་ལ་ཡང་དེ་ལྟར་ཡོད་དེ། འགྲེལ་བཞི་རིག་པའི་རྒྱ་མཚོ་ལས། ཡེ་གཤེན་པའི་ཐེག་པས་ཀྱང་། སྣང་ཞིང་སྲིད་པ་གང་དུ་ཡང་མ་འགག་པའི་ཀློང་དེ་ན། སྐྱེ་བ་མེད་པའི་ཡེ་ཤེས་ཟང་ཐལ་དུ་ཤར་ཏེ། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་དེ། བོན་གྱི་སྐུར་རྟོགས་པ་དེ་ལྟ་བའོ། ལྟ་བ་དེ་ལ་ཇི་ལྟར་བསྒོམ་ན། རིག་པ་རང་ལ་ལྷུན་གྱིས་རྫོགས་ཤིང་ཡེ་མ་བཅོས་པའི་ངང་ལས་སྙིང་པོ་བརྗོད་པའམ། ཏིང་ངེ་འཛིན་དྲན་པ་ཙམ་གྱིས་ལྷ་ཡི་སྐུ་རུ་འཆར་ཏེ། དེ་ཡང་ཐེག་པ་འོག་མ་བཞིན་དུ་རྩོལ་བ་དང་བཅས་པ་དེ་མི་དགོས་ལ། ཏིང་ངེ་འཛིན་གྱི་བྱེ་བྲག་ཇི་སྙེད་ཐམས་ཅད། དཔེར་ན་རྒྱ་མཚོ་དྭངས་པའི་ནང་དུ། གཟའ་སྐར་ཤར་བ་དེ། མ་འདྲེས་ལ་ཡོངས་སུ་རྫོགས་པར་སྣང་བ་བཞིན་དུ། ཀུན་གཞི་མ་གཡོས་པའི་ནང་དུ། རྣམ་པར་དག་པའི་ལྷ་ཚོགས་གསལ་བ་དེ་ཡང་། མ་འདྲེས་ལ་ཡོངས་སུ་རྫོགས་པར་སྣང་ལ་རང་བཞིན་མེད་པར་གསལ་བའོ། ། ཞེས་དང་། ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་མེ་ལོང་དགུ་བསྐོར་ལས། ལྟ་བའི་དོན་རྟོགས་པ་དེ་ཉིད་ཀྱི་རྗེས་སུ་དེའི་ངང་ལ་འཇོག་པའོ། ། ལྷའི་དཀྱིལ་འཁོར་དང་། ཕྱག་རྒྱ་ཆེན་པོ་གང་བསྒོམ་ཡང་། རྒྱུ་དང་རྐྱེན་གྱིས་མི་བསྐྱེད་དེ། ནམ་མཁའ་དྭངས་པའི་དབྱིངས་ནས་ཉི་ཟླ་ཤར་བ་ལྟར་རྫོགས་ཚུལ་དུ་བསྒོམ་པའོ། ། ཞེས་གསུངས་པའི་ཕྱིར། དམ་རྫས་བདུད་རྩི་ལྔ་ལ་སྤྱོད་པ་ཡོད་མེད་ཀྱི་སྟེང་ནས་མི་འབྱེད་དེ། གཉིས་ཀ་ལ་དེ་ལྟར་ཡོད་པའི་ཕྱིར། དང་པོ་དངོས་བསྐྱེད་ཨ་དཀར་པའི་ཐེག་པ་ལ་དེ་ལྟར་ཡོད་པའི་ཕྱིར་ཏེ། སྤ་གྲོའི་གཏེར་མ་འགུ་ཡ་སྲོག་འཛིན་གཡུང་དྲུང་གསང་བའི་རྒྱུད་ལས། དང་དུ་བླང་བའི་དམ་ཚིག་ལྔ། དྲི་ཆེན་བྱང་སེམས་དྲི་ཆུ་དང་། པད་མ་རག་ཏ་མཾ་ས་ལྔ། གྲུབ་པ་བཞི་དང་ཡིན་པ་གསུམ། ལྡན་པའི་སྒོ་ནས་དང་དུ་བླང་། ཞེས་གསུངས་པའི་ཕྱིར་རོ། གཉིས་པ་ཤིན་ལྡན་ཡེ་གཤེན་པའི་ཐེག་པ་ལ་ཡང་དེ་ལྟར་ཡོད་པའི་ཕྱིར་ཏེ། རིག་འཛིན་བོན་བསྐོར་གསང་བ་སྐབས་ཀྱི་ཕྲིན་ལས་བཞུགས་པའི་གཞུང་ལས། གསང་བ་སྔགས་ཀྱི་དམ་ཚིག་ནི། དཔོན་གསས་བླ་མ་བཀུར་བར་ནུས་སམ། མཆེད་ལྕམ་དམ་ཚིག་བསྲེ་བར་ནུས་སམ། མཚན་ལྡན་གཟུང་མ་བསྟན་པར་ནུས་སམ། ཐབས་དང་ཤེས་རབ་སྦྱོར་བར་དགའམ། བྱང་སེམས་ཐིག་ལེ་སྡུད་པར་ནུས་སམ། དྲི་ཆེན་བཅུད་ལ་རོལ་པར་ནུས་སམ། མཉམ་ཉིད་དྲི་ཆུ་བཏུང་བར་ནུས་སམ། པད་མ་རག་ཏ་ལེན་པར་ནུས་སམ། གསང་ཤ་གལ་ཆེན་བསྒྱུར་བར་ཤེས་སམ། ཞེས་གསུངས་པའི་ཕྱིར་རོ། ། འོ་ན་ཐེག་པ་དེ་དག་གི་ཁྱད་པར་གང་གི་སྟེང་ནས་འབྱེད་པ་ཡིན་ཞེ་ན། འདི་གཉིས་ཀྱི་ཁྱད་པར་ཇི་ལྟར་འབྱེད་པའི་ཚུལ་ལ་མཁས་པ་རྣམས་ཀྱི་བཞེད་པ་མི་འདྲ་བ་སོ་སོ་ནས་ཡོད་པར་སྣང་མོད། རེ་ཞིག་མཁས་པ་གོང་མའི་རྗེས་སུ་འབྲང་སྟེ། མཁས་པ་སྟོང་རྒྱུང་གི་བཞེད་པ་བཀོད་པ་དང་། མེ་ཉག་ལྕེ་ཚ་མཁར་བུ་ཆུང་གི་བཞེད་པ་བཀོད་པ་དང་། སེ་བོན་ཤ་རི་དབུ་ཆེན་གྱི་བཞེད་པ་བཀོད་པ་དང་། ལྡེ་བོན་གྱིམ་ཚ་རྨ་ཆུང་གི་བཞེད་པ་བཀོད་པ་དང་། བླ་ཆེན་དྲན་པ་ནམ་མཁའི་བཞེད་པ་བཀོད་པ་དང་ལྔའོ། ། དང་པོ་མཁས་པ་སྟོང་རྒྱུང་གིས་བཞེད་པ་ལྟར་ན། སྣང་བ་རྒྱ་ཆད་མ་ཆད་ལ་བཞེད་པ་ཡིན་ཏེ། འགྲེལ་བཞི་རིག་པའི་རྒྱ་མཚོ་ལས། གཉིས་པ་ཡེ་གཤེན་པ་ལ་བརྒལ་བ་ནི། ཡེ་གཤེན་པ་དང་ཨ་དཀར་བའི་ཁྱད་པར་གང་ཡིན། སྣང་བ་རྒྱ་ཆད་མ་ཆད་ཡིན་ཞེས་མཁས་པ་སྟོང་རྒྱུང་གིས་འདོད་དེ། དེ་ལྟར་ན་ཨ་དཀར་བ་ཡང་སྣང་བ་ལྷ་དང་ལྷ་མོར་འདོད་པས། སྣང་བ་རྒྱ་མ་ཆད་པར་གསལ་བས་ཁྱད་མེད་དོ། ། ཞེ་ན། དེ་སྐད་དུ་བསྟན་ཀྱང་བསྟན་པ་ལ་སྤྱིར་དམིགས་པ་ཡིན་ཏེ། དཔེར་ན་ནགས་ཚལ་ཐམས་ཅད་ཤིང་ཡིན་ཏེ། རིན་པོ་ཆེའི་ནགས་ཚལ་ཤིང་མ་ཡིན་ཞེས་པ་བཞིན་དུ། ནགས་ཚལ་ཐམས་ཅད་ཤིང་ཡིན་ཞེས་པ་སྤྱིར་བསྟན་པའོ། ། རིན་ཆེན་ནགས་ཚལ་ཤིང་མ་ཡིན་ཞེས་པ་དམིགས་ཀྱིས་བསྟན་པའོ། ། དཔེ་དེ་བཞིན་དུ་རིག་པ་ཐམས་ཅད་དུ་མ་འགག་པ་སྤྱིར་བསྟན་པ་ཡིན་ལ། ལྷ་དང་ལྷ་མོ་རུ་སྣང་བ་དམིགས་ཀྱིས་བཀར་བ་ཡིན་ཏེ། སྣང་བ་རྒྱ་ཆད་པའོ། ། ཞེས་གསུངས་པའི་ཕྱིར། མཁས་མཆོག་འདི་ཉིད་ཀྱིས་བཞེད་པ་ལྟར་ན། དངོས་བསྐྱེད་ཨ་དཀར་བས་དམིགས་ཀྱིས་བཀར་ནས་བདག་ཉིད་ལྷ་ཡི་རྣལ་འབྱོར་རྩལ་དུ་བཏོན་ནས་བསྒོམ་པ་གཙོ་བོར་བྱེད་པ་ལ་བཞེད་པར་སྣང་། གཉིས་པ་མཁས་པ་མེ་ཉག་ལྕེ་ཚ་མཆོག་གིས་བཞེད་པ་ལྟར་ན། ལྟ་བ་རྟོགས་ནས་སྤྱོད་པ་ལ་ཆེད་དུ་མི་སྤྱོད་པ་ཡེ་གཤེན་པ་དང་། ལྟ་སྤྱོད་འགོ་འབྲེལ་གྱི་ཚུལ་དུ་ཆ་སྙོམས་ཀྱིས་རིམ་པས་བདག་ཉིད་ལྷ་ཡི་རྣལ་འབྱོར་དང་རང་འབྱུང་རིག་པའི་ཉམས་ལེན་གཉིས་པོ་ཟུང་འཇུག་ནར་མར་བསྐྱངས་དགོས་པ་ཨ་དཀར་བར་བཞེད་པ་ཡིན་ཏེ། འགྲེལ་བཞི་རིག་པའི་རྒྱ་མཚོ་ལས། མེ་ཉག་ནི་ལྟ་སྤྱོད་འགོ་འབྲེལ་པ་ཨ་དཀར་བ་ལ། ལྟ་བ་རྟོགས་ན་སྤྱོད་པ་ལ་ཆེད་དུ་མི་བྱེད་པ། ཡེ་གཤེན་པའོ། ། ཞེས་གསུངས་པའི་ཕྱིར། གསུམ་པ་མཁས་པ་ཤ་རི་མཆོག་གིས་བཞེད་པ་ལྟར་ན། དབྱིངས་ཤེས་དབྱེར་མེད་ཀྱི་ཚུལ་དུ་ལྟ་བ་ཡེ་གཤེན་པ་དང་། ཨ་དཀར་བས་དོན་དམ་པའི་རྒྱུར་གཙོ་བོར་ལྟ་བའི་སྟེང་ནས་འབྱེད་པ་ཡིན་ཏེ། འགྲེལ་བཞི་རིག་པའི་རྒྱ་མཚོ་ལས། སེ་ཤ་རི་ཨུ་ཆེན་ནི། སྤྱིར་ཨ་དཀར་དང་ཡེ་གཤེན་པ་གཉིས་ནི། ཕ་གཅིག་གི་བུ་ལྟ་བུ་ཡིན་ཏེ། ལ་ཟློ་བའི་དུས་སུ་ཁྱད་མེད་དོ་གསུངས། དེ་གཉིས་གོང་འོག་ཏུ་འཇོག་པའི་རྒྱུ་མཚན་ནི། ཨ་དཀར་བ་ནི་དོན་དམ་པའི་རྒྱུར་གནས་ལ། ཡེ་གཤེན་པ་ནི། ཀུན་ཏུ་བཟང་པོའི་དབྱིངས་ལ་ཆ་ཕྲ་བར་གནས་པས། ཀུན་རྫོབ་ཀྱང་དབྱིངས་དེའི་ཀུན་རྫོབ་ལ། དོན་དམ་དབྱེར་མེད་ཀྱང་དེའི་དབྱེར་མེད་ཡིན་པས། ཁྱད་པར་དེ་ཡིན་ནོ། ། ཞེས་གསུངས་པའི་ཕྱིར་རོ། ། བཞི་པ་མཁས་པ་གྱིམ་ཚ་བ་ཆེན་པོས་བཞེད་པ་ལྟར་ན། རིག་པ་རྐྱང་དེད་ཀྱི་ཉམས་ལེན་མི་ནུས་ཀྱང་། སེམས་ཕྱོགས་དང་ཤིན་ཏུ་ལྟ་སྒོམ་ཉེ་བའི་ཕྱིར་གནས་ལུགས་དོན་གྱི་བསྒོམ་པ་གཞི་རང་འབྱུང་གི་ཡེ་ཤེས་ཏེ་དབྱིངས་ཤེས་གཉིས་མེད་ཀྱི་སྟོང་པ་ཟང་ཐལ་གཙོ་བོར་བསྒོམ་པ་ཤིན་ལྡན་ཡེ་གཤེན་པ་དང་། བདག་ཉིད་ལྷ་ཡི་རྣལ་འབྱོར་ཏེ་ལྷ་སྐུ་ཕྱག་རྒྱ་གཙོ་བོར་བསྒོམ་པ་དངོས་བསྐྱེད་ཨ་དཀར་བའི་ལུགས་སུ་འཇོག་པར་མཛད་པ་ཡིན་ཏེ། འགྲེལ་བཞི་རིག་པའི་རྒྱ་མཚོ་ལས། ལྡེ་གྱིམ་ཚ་རྨ་ཆུང་ནི། ཨ་དཀར་བ་ནི་ལྷ་དང་ལྷ་མོ་བློ་ཡུལ་དུ་བྱེད་ལ། ཡེ་གཤེན་པ་དབྱིངས་དང་ཡེ་ཤེས་བློ་ཡུལ་དུ་བྱེད་པ་སྟེ། ཁྱད་པར་དེ་ཙམ་མོ། ། ཞེས་གསུངས་པའི་ཕྱིར་རོ། ། ལྔ་པ་བླ་ཆེན་དྲན་པ་ནམ་མཁས་བཞེད་པ་ལྟར་ན། གོང་གི་མཁས་པ་གྱིམ་ཚ་བ་ཆེན་པོའི་བཞེད་དོན་བཀོད་པ་དང་གཅིག་མཚུངས་སུ་སྣང་བ་སྟེ། འགྲེལ་བཞི་རིག་པའི་རྒྱ་མཚོ་ལས། ཨ་དཀར་བས་ནི་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་དོན་ལས། དེ་ལས་ལྷག་པའི་སེམས་བསྐྱེད་ནས། ཕྱི་སྣོད་ཀྱི་འཇིག་རྟེན་ནི་རྟེན་གཞལ་ཡས་ཁང་དུ་རྟོགས་ལ། ནང་བཅུད་ཀྱི་སེམས་ཅན་ལྷ་དང་ལྷ་མོའི་རང་བཞིན་དུ་ལྟ་ལ། དེས་ཀྱང་གཤེན་རབ་ཀྱི་ལྟ་བ་སྒོ་མཐོང་ཙམ་ལས་བྱེད་མ་ནུས། ཡེ་གཤེན་པས་བྱང་ཆུབ་ཀྱི་སེམས་དུས་གསུམ་དུ་འགྱུར་བ་མེད་པ་ལས། གསལ་བའི་ཡེ་ཤེས་ཉིད་ལ་ཉིད་གསལ་ཞིང་ཤར་བར་ལྟ་བས། དེས་ཀྱང་གཤེན་རབ་ཀྱི་ལྟ་དགོངས་ཀྱི་རྗེས་སུ་ཞུགས་པ་ཙམ་ལས་མ་ནུས་སོ། ། ཞེས་གསུངས་པའི་ཕྱིར། མཁས་པ་དེ་རྣམས་ཀྱི་གསུང་དོན་སྙིང་པོར་དྲིལ་ན། ཨ་དཀར་དང་ཡེ་གཤེན་གཉིས་ཀྱི་ཁྱད་པར་ནི། སྔགས་ནང་མ་གང་ཞིག་བདག་ཉིད་ལྷ་ཡི་རྣལ་འབྱོར་བསྒོམ་པ་གཙོ་བོར་བྱེད་པ་དང་། གནས་ལུགས་དོན་གྱི་སྙིང་པོ་རང་འབྱུང་གི་རིག་པ་ཟང་ཐལ་བསྒོམ་པ་གཙོ་བོར་བྱེད་མི་བྱེད་ལ་རགས་ལས་པ་གསལ་བར་མངོན་ནོ། ། འོ་ན་ཤིན་ཏུ་དོན་ལྡན་པ་དང་ཡང་རྩེ་བླ་མེད་ཀྱི་ཐེག་པ་གཉིས་ཀྱི་ཁྱད་པར་གང་ཞེ་ན། ཡོངས་འཛིན་སྨྲ་བའི་སེང་གེ་མཆོག་གི་དགོངས་པའི་བཞེད་ཕུགས་ལྟར། སྐུ་གསུམ་རྒྱལ་བའི་དཀྱིལ་འཁོར་མངོན་དུ་བྱེད་པ་ལ་གྲོགས་རིམ་གཉིས་ཀྱི་ཉམས་ལེན་སོགས་གང་ལ་ཡང་གཏད་མི་འཆའ་ཞིང། ལྷ་སྐུ་ཟུར་དུ་བསྒྲུབ་མི་དགོས་པར་རིག་པ་རྐྱང་དེད་ཀྱི་ཉམས་ལེན་དེ་ཁོ་ན་ངང་བསྐྱངས་པ་ལ་བརྟེན་ནས། སྐུ་དང་ཡེ་ཤེས་ཀྱི་རོལ་པ་རྩོལ་མེད་ལྷུན་གྲུབ་ཀྱི་ཚུལ་དུ་སྟོང་པའི་རྒྱན་དུ་འཆར་ཞིང་ཀུན་བཟང་གདོད་མའི་རྒྱལ་སར་གཤེགས་སུ་ཡོད་པ་ཡང་རྩེ་བླ་མེད་ཀྱི་ཐེག་པ་དང་། གནས་ལུགས་དོན་གྱི་སྒོམ་པ་གཙོ་བོར་བྱེད་ཀྱང་གཟུགས་སྐུ་རྣམ་གཉིས་སྒྲུབ་པར་བྱེད་པ་ལ་གྲོགས་རིམ་གཉིས་ཀྱི་ཉམས་ལེན་ཟུར་དུ་དགོས་ལ། ལྷ་སྐུ་ཕྱག་རྒྱ་རིག་སྟོབས་ཀྱི་དཀྱིལ་འཁོར་ཡང་རྩོལ་མེད་ལྷུན་གྲུབ་ཀྱི་ཚུལ་དུ་མ་ཡིན་པར་བསྒྲུབ་པའི་ལྷུན་གྲུབ་ཅེས་སུ་བསྔགས་པ་སྟེ། རིམ་གཉིས་ཉམས་ལེན་ཟབ་མོའི་གནད་ཀྱིས་གཞི་དབྱིངས་ནས་འདྲེན་དགོས་པ་ཤིན་ལྡན་ཡེ་གཤེན་པའི་ཐེག་པར་འཇོག་པའོ། །


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཟབ་དོན། ཆོས། རྣམ་འབྱེད།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-10-23

གསར་སྤེལ་མཁན། :དཔལ་ཚེ་རྡོར

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།