ཀླད་སྲིན་གྱི་ནད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀླད་སྲིན་གྱི་ནད།
ཤ་རྗེན་པ་དང་ཞོ་དར། མངར་ཆའི་རིགས་བསྟེན་ཆེ་བ། སྲོག་ཆགས་གཞན་གྱི་ཤ་ཟོས་པ་ལས་སྲིན་རིགས་འགོས་ཁྱབ་བྱུང་བ་སོགས་ཀྱིས་ཀླད་པར་སྲིན་བསྐྱེད་པའི་ནད་ཅིག་ལ་ཟེར་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
脑包虫病
ཕྱི་ཡིག་གི་མིང་།
Brain Echinococcosis
1 ​རྒྱུ་རྐྱེན་གྱུར་ཚུལ།

ཀླད་སྲིན་ནད་ཅེས་པ་ནི་ཤ་རྗེན་པ་དང་ཞོ་དར། མངར་ཆའི་རིགས་བསྟེན་ཆེ་བ། སྲོག་ཆགས་གཞན་གྱི་ཤ་ཟོས་པ་ལས་སྲིན་རིགས་འགོས་ཁྱབ་བྱུང་བ་སོགས་ཀྱིས་ཀླད་པར་སྲིན་བསྐྱེད་པའི་ནད་ཅིག་ལ་ཟེར་བ་ཡིན།

2 ནད་རྟགས།

དུས་ངེས་མེད་དུ་མགོ་བོ་ན་བ་དང་ཟུག་གཟེར་ཆེ་བ། མགོ་ཡུ་འཁོར་ཞིང་མིག་རབ་རིབ་བྱེད་པ། སྐྱུག་པ་སྐྱུགས་པ། ཚ་བ་རྒྱས་པ། མགོ་གཟེར་བཏང་ནས་འབོག་པ་དང་རྐང་ལག་ཧྲེང་ཞིང་འཁྲབ་པ། ཁ་ནས་ལྦུ་སོབ་ལུ་ཞིང་མིག་སྤྲིན་གྱེན་དུ་བལྟ་བ། དྲན་པ་ཐོར་འགྲོ་བ། སྒྲ་སྐད་དང་དྲག་ཤུལ་རྗེས་ན་ཟུག་ལྡང་ཆེ་བར་མངོན་པ། རྩ་རྒྱུད་ཕྲ་ལ་གྲིམས་ཤིང་འཁྱུག་སྙམ་བྱེད་པ། དྲི་ཆུ་དམར་སེར་ལྦུ་བ་ཕྲ་ཞིབ་སངས་སྐྱེན་པ་སོགས་ཡིན།

3 བཅོས་ཐབས།

ཁ་ཟས་སྔོ་ཚལ་སོགས་གསོས་པའི་རིགས་དང་། བ་གླང་གི་ཤ་གསར། ཤིང་འབྲས་རིགས་དང་འབྲས་ཐུག རྩམ་ཐུག་སོགས་བསྟེན་དགོས་པ་དང་། འོ་མ། ཞོ་དར། མངར་ཆའི་རིགས། སུར་པན་སོགས་ལ་འཛེམ་དགོས་པ་ཡིན། སྤྱོད་ལམ་བསིལ་དྲོད་སྙོམས་སར་ཡིད་འོང་གྲོགས་བསྟེན་ཞིང་སེམས་རྣལ་དུ་ཕབ་སྟེ་དལ་བར་འདུག་དགོས་པ་ཡིན།

4 སྨན་བསྟེན་ཚུལ།

1.འཆི་མེད་སྲིན་སེལ། ཉིན་རེར་ཐེངས1ནས2བར་དང་ཐེངས་རེར་རིལ་བུ4རེ་བསྟེན་དགོས། སྲིན་གསོད་ཅིང་ནད་ཀྱི་ངོ་བོ་གཞོམས་པར་བྱེད། 2.མན་ངག་གུར་གུམ་བཅུ་གསུམ། ཉིན་རེར་ཐེངས1དང་ཐེངས་རེར་རིལ་བུ4རེ་བསྟེན་རྒྱུ། ཚ་བ་གཅོག་པ་དང་མགོ་བོའི་གཟེར་ཟུག་གཅོག་པར་བྱེད་པ་ཡིན། 3.དངུལ་རིན་བཅོ་བརྒྱད། ཉིན་རེར་ཐེངས་1དང་ཐེངས་རེར་རིལ་བུ4རེ་བསྟེན་དགོས། མགོ་གཟེར་གཅོག་ཅིང་ཚ་བ་ཞི་བར་བྱེད་པ་ཡིན། གཞན་ཡང་ནད་གཞིའི་བསྡོངས་ཟླ་དང་གསོ་བྱའི་ཟུངས་སྟོབས་སོགས་ལ་བལྟོས་ནས་གཉེན་པོ་བྱུར་དམར་ཉེར་ལྔ་དང་། བྱི་ཏང་བདུན་པ། རྡོ་རྗེ་རབ་འཇོམས། གུར་གུམ་བཅུ་གསུམ། སྤོས་དཀར་བཅུ་བ། སྤོས་ཁྱུང་བཅོ་ལྔ། སྤང་རྩི་བཅུ་གཉིས། ཕན་པ་ཀུན་ལྡན། ཁྱུང་ལྔ། གསེར་མདོག་བཅུ་གཅིག གུར་གུམ་བཅུ་གསུམ་རྩེ་གསུམ་ཁ་ཚར་ཅན། གར་ནག་བཅུ་བ། ཨ་གར་སོ་ལྔ་སོགས་གང་ལ་དེ་འཚམས་བསྟེན་དགོས་པ་དང་། དཔྱད་དུ་སྲིན་གྱི་ངོ་བོ་འཇོམས་རྗེས་གསེར་མདུང་དང་དཔྲལ་རྩ། དངུལ་མདུང་སོགས་ལ་གཏར་ཁ་བྱ་བ། ཕྱི་རྗེས་སུ་སྤྲ་ལྡན་གསེར་མེ་བསྟེན་དགོས།

5 སྔོན་འགོག

རྒྱུན་གཏན་ནས་ཤ་རྗེན་པ་དང་མ་གོམས་པའི་ཤ་རིགས། འོ་མ་དང་ཞོ་དར། མངར་ཆའི་རིགས་སོགས་ལ་སྲེད་ཞེན་ཆེན་པོ་བྱ་རྒྱུ་མེད་པ་དང་། སྤྱོད་ལམ་དྲག་དལ་རན་པོ་བྱ་ཞིང་བསམ་སྤྱོད་མ་འཁྲུགས་པ་བྱ་རྒྱུ་བཅས་སོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-10-25

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།