གློ་གཅོང་ཟད་བྱེད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གློ་གཅོང་ཟད་བྱེད།
བོད་ཀྱི་གསོ་བ་རིག་པ་ནས་གཅོང་ཆེན་ཟད་བྱེད་ཅེས་པའི་ནད་དེ་ལ་དེང་རབས་སྨན་ལུགས་ནསTuberculosis(TB)ཞེས་བརྗོད་ཅིང་། འདི་ནི་ང་ཚོའི་སྤྱི་ཚོགས་ནང་ཧ་ཅང་འགོས་ཁྱབ་ཆེ་བའི་ནད་ཅིག་ཡིན།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
གློ་གཅོང་ཟད་བྱེད།
རྒྱ་ཡིག་གི་མིང་།
肺结核
ཕྱི་ཡིག་གི་མིང་།
Tuberculosis
རིགས།
འགོས་ནད་ཀྱི་རིགས།
1 གོ་དོན།

བོད་ཀྱི་གསོ་བ་རིག་པ་ནས་གཅོང་ཆེན་ཟད་བྱེད་ཅེས་པའི་ནད་དེ་ལ་དེང་རབས་སྨན་ལུགས་ནསTuberculosis(TB)ཞེས་བརྗོད་ཅིང་། འདི་ནི་ང་ཚོའི་སྤྱི་ཚོགས་ནང་ཧ་ཅང་འགོས་ཁྱབ་ཆེ་བའི་ནད་ཅིག་ཡིན། 

གློ་ཞེས་པ་ནི་གློ་བ་གཡས་གཡོན་གཉིས་ཏེ་ནད་འདི་ཕོག་པའི་ཡུལ་ལ་གོ་བ་དང་། གཅོང་ནི་སྤྱིར་ཟླ་བ་མང་པོའམ་ཡུན་རིང་སོང་བའི་ནད་གཞི་རྙིང་པ་ལ་གོ་བ་ཡིན་ལ། སྐབས་འདིར་རྒྱུ་མ་ཞུ་བ་ལས་བྱུང་ཞིང་ཡུན་རིང་མནར་བའི་ནད་ཅིག་ལ་འཇུག  ཟད་བྱེད་ནི་ནད་འདི་ཡིས་ལུས་ཀྱི་ཟུངས་སྟོབས་ཟད་པར་བྱེད་པའམ་ཉམས་པར་བྱེད་པ་བཅས་ལ་བལྟོས་ནས“གློ་གཅོང་ཟད་བྱེད”ཅེས་ནད་མིང་བཏགས་པ་ཡིན། 

2 རྒྱུ་རྐྱེན།

རྒྱུ་རྐྱེན་གཙོ་བོ་ནི། གོང་དུ་གསལ་བ་ལྟར། རྒྱུ་ནི་མ་ཞུ་བ་ལས་བྱུང་བ་ཡིན་ཏེ། མ་ཞུ་བ་ཞེས་པ་ནི། ང་ཚོས་དུས་ཡུན་རིང་པོའི་བར་ཟས་སྐོམ་བསྟེན་སྟངས་མ་འགྲིག་པའམ། ཡང་ན་ལུས་པོའི་ནང་གི་འཇུ་བྱེད་མ་ལག་གི་ནུས་ཤུགས་ཞན་པའམ་འཇུ་སྟོབས་ཉམས་པའི་དབང་གིས་བཟའ་བཏུང་ལོངས་སུ་སྤྱོད་པ་ཀུན་ཚུལ་བཞིན་འཇུ་མ་ཐུབ་པར་བརྟེན་ནས་བྱུང་བའི་ནད་ཅིག་ལ་མ་ཞུ་བ་ཞེས་བརྗོད་པ་དང་། དེ་ནི་ཁོང་ནད་ཐམས་ཅད་ཀྱི་རྩ་བ་ལྟ་བུ་ཡིན། འོན་ཏེ་རྒྱུ་གང་ཞིག་འབྲས་བུའི་རྣམ་པར་འགྱུར་བ་ལ་རྐྱེན་ངེས་པར་འཕྲད་དགོས་པ་ཆོས་ཉིད་ཡིན་པ་ཇི་བཞིན། གློ་གཅོང་ཟད་བྱེད་ཀྱི་རྒྱུ་དེར་གཤམ་གསལ་ཟས་དང་སྤྱོད་ལམ་ལོག་པའི་རྐྱེན་བྱས་ནས་ནད་མངོན་དུ་གྱུར་བའམ་དངོས་སུ་ལྡང་བ་ཡིན་དུས། རྐྱེན་འདི་དག་ལ་རྒྱུན་དུ་ནས་འགོག་ཐབས་བྱ་དགོས། 

2_1 སློང་རྐྱེན་ཟས་རིགས།

1.ཁ་ཟས་རྙིང་བ་སྟེ། ཉིན་ཞག་ལྷག་པའི་ཟས་དང་། འཁྱགས་སྒམ་ནང་བཞག་དྲགས་པའི་ཟས། སྐྱུར་ཟས། ཆང་སྐྱུར་མོ། དེང་དུས་སྙལ་སྦྱོར་བྱས་པའི་ཟས་སོགས་སྟེན་དྲགས་པ། 

2.མར་རྙིང་པ་དང་། སིར་པིན། རྒྱ་གར་གྱི་སྨན་སྣ་མང་བའི་ཁ་ཟས་སོགས་སྟེན་དྲགས་པ། 

3.དེང་དུས་ཀྱི་ཁ་ཟས་བཅུད་མེད་པ་དང་། འཁྱགས་སྒམ་ནང་བཞག་པའི་ཆུ་བསིལ་རིགས་སྟེན་དྲགས་པ། 

2_2 སློང་རྐྱེན་སྤྱོད་ལམ། 

1.དུ་བ་ཡོད་སར་མང་པོ་སྡོད་པའམ། ཡང་ན་ཐ་མག་གི་དུ་བ་དང་གད་སྙིགས་མེར་བསྲེག་པའི་དུ་བ་མང་པོ་གློ་བའི་ནང་སོང་བ། 

2.གློ་ཆམ་དུས་ཐོག་ཏུ་མ་བཅོས་པར་འགྲམས་པ།

3.སྒོ་གསུམ་སྟེ་ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་ཐལ་དྲགས་པ། དཔེར་ན། སེམས་ངལ་བྱེད་དྲགས་པ། མཚན་མོར་གཉིད་ཞན་པ། ལུས་རྩལ་ལམ་རྩོལ་བཅག་བྱེད་དྲགས་པ་ལྟ་བུ། 

3 ནད་རྟགས། 

1.གློ་རྒྱག་ནས་དྲག་སྐྱེད་མེད་པར་བདུན་ཕྲག་གསུམ་ལྷག་ཕྱིན་པ། 

2.ལུད་པ་དང་མཉམ་དུ་ཁྲག་ཐོན་པ། 

3.གློ་གཉན་ཡོད་པའི་བྲང་ཁོག་ཕྱོགས་ལ་ན་ཟུག་ལྡང་བ། 

4.འགྲོ་བའི་སྐབས་ཐང་ཆད་སླ་བ། 

5.ཚ་བ་འཕར་བ། 

6.མཚན་མོར་དངུལ་ནག་མང་བ། 

7.གྲང་ཤམ་རྒྱག་པ། 

8.ལུས་ཀྱི་ལྗིད་ཚད་ཆག་པ། 

9.ཁ་ཟས་ཀྱི་དང་ག་ཞན་པ་བཅས་འབྱུང་བ་ཡིན། 

4 བཅོས་ཐབས། 

གློ་གཅོང་ཟད་བྱེད་ནི། དེང་རབས་སྨན་ལུགས་དང་བོད་ཀྱི་གསོ་རིག་གཉིས་ཀ་ནས་བཅོས་ཐབས་ཡོད་པའི་ནད་ཅིག་ལ་ངོས་འཛིན་བྱེད་པ་ཡིན། ནད་འདིར་སྨན་བཅོས་ཡུན་རིང་བོ་བྱེད་དགོས་ཀྱི་ཡོད་དུས་སྨན་གཏོང་བ་དང་མཉམ་དུ་ནད་པའི་གཟུགས་པོ་གསོ་རྒྱུའང་གལ་ཆེན་པོ་ཡིན། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-09-27

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།