མན་དྷི་ལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མན་དྷི་ལ།
ཧྥེ་གླིང་ལྷོ་མའི་མི་ནག་ཙུང་ཐུང་ཐོག་མ་ཡིན་ལ། ཁོང་ལ་ཀུན་གྱིས་ཧྥེ་གླིང་ལྷོ་མའི་ཡབ་ཆེན་ཞེས་པའི་མཚན་སྙན་གསོལ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
纳尔逊·罗利赫拉赫拉·曼德拉
ཕྱི་ཡིག་གི་མིང་།
Nelson Rolihlahla Mandela
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1918--2013)
ལས་རིགས།
ཧྥེ་གླིང་ལྷོ་མའི་ཙུང་ཐུང་།
ཆོས་ལུགས།
ཡེ་ཤུའི་ཆོས་ལུགས།
རྒྱལ་ཁབ།
ཧྥེ་གླིང་ལྷོ་མ།
མིང་གཞན་ལ།
ཧྥེ་གླིང་ལྷོ་མའི་ཡབ་ཆེན།
སྐྱེ་ཡུལ།
ཧྥེ་གླིང་ལྷོ་མའི་ཐྲི་རེན་ཟི་ཁེ།
མཐར་ཕྱིན་སློབ་གྲྭ།
ཧེ་ཨེ་པཱོ་སློབ་གྲྭ་ཆེན་མོ།
བརྩམས་ཆོས།
《རང་དབང་གི་ཕྱོགས་སུ་སྐྱོད་པའི་ལམ་བུ་ནི་བགྲོད་བདེ་མོ་ཞིག་མིན》《འཐབ་རྩོད་ནི་འཚོ་བ་ཡིན》《འཛམ་གླིང་གི་རང་དབང་བརྩོན་ལེན་གྱིི་བསྒྲགས་གཏམ》
1 ངོ་སྤྲོད།

མན་དྷི་ལ་ནི་ཧྥེ་གླིང་ལྷོ་མའི་མི་ནག་ཙུང་ཐུང་ཐོག་མ་ཡིན་ལ། ཁོང་ལ་ཀུན་གྱིས་ཧྥེ་གླིང་ལྷོ་མའི་ཡབ་ཆེན་ཞེས་པའི་མཚན་སྙན་གསོལ་ཡོད། ཁོང་ནི་འབྲོག་ཕྲུག་ཕལ་བ་ཞིག་ནས་སློབ་མ་ཡ་རབས་ཤིག་ཏུ་གྱུར་ཞིང་། ལོ་ངོ་ཉེར་བདུན་རིང་ལ་བཙོན་ཁང་ནས་འཚོ་བ་རོལ་བའི་བཙོན་པ་ཞིག་ནས་རང་དབང་ལྡན་པའི་མི་ཞིག་ཏུ་གྱུར་བ་དང་། བཅིངས་འགྲོལ་བརྩོན་ལེན་བྱེད་པའི་དཔའ་རྒོད་ཅིག་ནས་ཞི་བས་འགྲིག་མཐུན་ཡོང་བར་སྐུལ་འདེད་གཏོང་བའི་མི་སྣ་འཇོན་ཐང་ཅན་ཞིག་ཏུ་གྱུར། དེ་ནས་སྲིད་ཚོགས་ཀྱི་གཙོ་འཛིན་ཞིག་ནས་རྒྱལ་ཁབ་ཀྱི་དབུ་ཁྲིད་དུ་གྱུར་ཏེ། རྒྱལ་ཁབ་ཀྱི་དམངས་གཙོའི་འཕེལ་རྒྱས་ལ་རྣམ་པ་ཀུན་ཏུ་འབད་འབུང་ཆེ་སྐྱེད་གནང་མཁན་ཞིག་སྟེ། ཁོང་ནི་ཧྥེ་གླིང་ལྷོ་མ་མ་ཟད་འཛམ་གླིང་ཡོངས་ནས་རང་དབང་དང་དམངས་གཙོ། དྲང་གཞག་བཅས་འཚོལ་སྙེག་གནང་བའི་གཟི་བརྗིད་ཀྱི་རྟགས་མཚན་ཡིན་ལ། དུས་རབས་འདིའི་མི་རྣམས་ཀྱི་སེམས་ཁོང་གི་ཆེས་བླ་ན་མེད་པའི་དང་རྟེན་དང་། ནོར་བྷེལ་ཞི་བདེའི་བྱ་དགའ་ཐོབ་མཁན་ཡིན།

.jpg

2 ཆུང་དུས་ཀྱི་འཚོ་བ།

སྐྱེས་མཆོག་མན་དྷི་ལ་ནི་ཧྥེ་གླིང་ལྷོ་མའི་ཐྲི་རེན་ཟི་ཁེ་(特兰斯凯)ས་ཁུལ་གྱི་གྲོང་སྡེ་ཆུང་ཆུང་མོ་བཱེ་སོ་(姆维佐)ཡི་ཚོ་དཔོན་ཞིག་གི་ཁྱིམ་ནས་སྤྱི་ལོ1918ལོའི་ཟླ་7པའི་ཚེས18ཉིན་འཁྲུངས་ཤིང་། ཁོང་གི་མཚན་ཆ་ཚང་ལ་དབྱིན་སྐད་དུ(Nelson Rolihlahla Mandela )ཟེར་ལ། རྒྱ་སྐད་དུ(纳尔逊·罗利赫拉赫拉·曼德拉)ཞེས་འབོད། ཐྲི་རེན་ཟི་ཁེ་ས་ཁུལ་ནི་ཧྥེ་གླིང་ལྷོ་མའི་ཆེས་མཛེས་སྡུག་ལྡན་པའི་ཡུལ་ཁམས་ཡིན་ལ་ཆེས་དབུལ་ཕོངས་ཀྱི་ས་ཆ་ཡང་ཡིན། གནས་དེ་རུ་རི་རྒྱུད་འཇང་འཇོང་ཕྲེང་རྒྱུད་ལྟར་སྤེལ་མར་ཆགས་ཤིང་། རྩྭ་གཞོན་གྱི་ཚོགས་ནི་སྔོ་ཐིང་ཐིང་དུ་མིག་ལ་མཛེས་པར་མ་ཟད། ཆར་ཆུ་དུས་ལྟར་སྙིལ་ཞིང་ལོ་ཡག་སྙེ་མའི་མགོ་ལྕོག་ལྡེམ་མེར་རྟ་ནོར་ལུག་གསུམ་གྱི་འཕེལ་ཁ་རྒྱས་པའི་གནས་མཆོག་ཅིག་ཏུ་བསྙད་མོད། ཡིད་འོང་གི་མཚར་སྡུག་ནི་རྣམ་པ་ཙམ་སྟེ། ས་གཞི་དེའི་སྟེང་དུ་མི་འབོར་ཚད་བརྒལ་ཚབས་ཆེན་དུ་གྱུར་ནས། ས་རྒྱུ་ལ་བསླད་སྐྱོན་ཐེབས་པས་ཤ་མེད་ཀེང་རུས་ལྟ་བུའི་ནོར་ལུག་འགའ་དང་མ་རྨོས་ལོ་ཏོག་གཙོས་པའི་འབྲུ་རིགས་འགའ་ཤས་མ་གཏོགས་གསོ་མི་ཐུབ་པར་གྱུར་ལ། རིགས་རྒྱུད་རིས་ཆད་ཀྱི་དབང་གིས་ས་ཡི་དགེ་མཚན་ལོངས་སྤྱོད་མཁན་ནི་དེ་གའི་རིགས་རྒྱུད་དཀར་པོ་དག་ཡིན་པ་ལས། མི་ནག་རྣམས་དབུལ་ཕོངས་ཀྱིས་གནར་བའི་ཡུལ་མཐའ་འཁོབ་ཏུ་གཞིས་ཆགས་ཡོད།

མན་དྷི་ལའི་ཨ་ཕའི་མཚན་ལ་ཧིན་ཊི་རོས•མན་དྷི་ལ་ཟེར་ཞིང་། ཁོང་ནི་མོ་བཱེ་སོ་སྡེ་བའི་ཚོ་དཔོན་ཡིན། ཁོང་དང་ཚོ་པའི་ནང་གི་མི་ཞིག་གིས་གླང་ཞིག་བརྩད་ནས་མ་འཆམ་པས། མི་དེས་ཁོང་ཞུ་གཏུག་བྱས་ཤིང་། ས་གནས་ཀྱི་རིགས་རྒྱུད་དཀར་པོ་ཅན་གྱི་ཁྲིམས་དཔོན་གྱིས་ཧིན་ཊི་རོས་ཚོགས་རར་ཡོང་ནས་རྩོད་ལན་གནང་དགོས་པའི་འབོད་འགུག་བྱས་པར་མ་སོང་བར་བརྟེན། ཉེས་ཆད་དང་ལེན་མི་བྱེད་པའི་སྐྱོན་བགྲངས་ཏེ་འགོ་ཁྲིད་ཀྱི་དབང་ཆ་བླངས་པ་མ་ཟད། ཁོང་ཚང་གི་ཕྱུགས་ཟོག་དང་ས་ཞིང་། ཡོང་སྒོ་བཅས་མང་ཆེ་བ་མེད་པར་བཟོས་པས། ཧིན་ཊི་རོས་ཀྱི་ཁྱིམ་ཚང་མོ་བཱེ་སོ་ནས་གུ་ནོའུ(古努)རུ་གནས་སྤར་ནས་འཚོ་བ་རོལ། ཁོང་ནི་ཨ་ཕ་བཙན་པོ་ཞིག་ཀྱང་ཡིན་ཏེ། མན་དྷི་ལའི་བསམ་པར་རང་གིས་ཨ་ཕའི་ཨུ་ཚུགས་ཀྱི་གཤིས་ཀ་རྒྱུད་འཛིན་བྱས་ཡོད་འདོད། ཧིན་ཊི་རོས་ཀྱིས་སློབ་གསོ་མྱངས་མ་མྱོང་ཞིང་ཆོས་ལུགས་དད་མོས་མེད་ལ། གཟུགས་སྟོབས་ཆེ་ཞིང་རྫིག་ཉམས་ལྡན་ལ་ཤ་མདོག་བུ་ཆུང་ལས་ཀྱང་ནག   ཡིན་ནའང་ཁོང་གིས་རང་ཉིད་རིགས་རྒྱུད་དཀར་པོ་དག་ལས་དམན་པར་མི་འཛིན། ཁོང་སྡོད་སའི་སྡེ་བས་རང་མཁོ་རང་སྒྲུབ་བྱེད་ནུས་ལ། གཏན་འཁེལ་བྱས་པའི་ཡུལ་སྲོལ་གོམས་གཤིས་དང་གུས་སྲོལ་ལྡན། ཁོང་ལ་ཆུང་མ་བཞི་ཡོད་ཅིང་། མན་དྷི་ལའི་ཨ་མ་ནོ་སེ་ཁུ་ཉི•ཧྥན་ཉི་(诺赛克尼·法妮)ནི་ཁོའི་ཆུང་མ་གསུམ་པ་ཡིན་ཏེ། ཆུང་མ་སོ་སོར་རང་གི་སྡོད་ཁང་དང་ས་ཞིང་། ཕྱུགས་ཟོག  སྔོ་ཚོད་སོགས་ཡོད་པས་གཞི་རྩའི་ཆ་ནས་རང་མཁོ་རང་འདང་ཡིན། ཧིན་ཊི་རོས་དུས་ཚོད་ལྟར་ཆུང་མ་རེ་རེའི་ཁྱིམ་ནས་རེས་མོས་སུ་འདུག་ཅིང་ཆུང་མ་དག་ཕན་ཚུན་བར་ཡིད་ཤིན་ཏུ་གཅུགས་པས་མཛའ་མཐུན་ངང་འགྲོ་འོང་བྱེད་ཀྱིན་ཡོད་པ་རེད། ཧིན་ཊི་རོས་ཀྱིས་ད་དུང་ཚོ་པའི་ཡུལ་སྲོལ་གོམས་གཤིས་ལ་ཧ་ཅང་བརྩི་མཐོང་བྱེད་དེ། བྱིས་པ་རེ་སྐྱེས་དུས་སུ་ར་མ་རེ་བཤས་ནས་རྭ་ཅོ་ཁང་བའི་ཡང་སྟེང་དུ་འཛུགས་ངེས།

གུ་ནོའུ་གྲོང་སྡེ་རུ་མན་དྷི་ལའི་ཨ་མར་རྩྭ་ཁང་གསུམ་ཡོད་ཅིང་། གཅིག་ནི་ཉལ་ཁང་དང་ཅིག་ཤོས་ཇ་ཁང་། གཞན་དེ་ནི་དངོས་པོ་གསོག་ཉར་ཁང་བཅས་ཡིན་ལ། ཁང་བ་དེ་དག་ནི་མ་ཡུམ་ནོ་སེ་ཁུ་ཉི•ཧྥན་ཉི་ལགས་ཀྱིས་འདང་བག་གིས་ཀྱིག་རྩེ་བརྩིགས་ཏེ་ཕུབ་ཅིང་། ཁྱིམ་གྱི་རྐུབ་སྟེགས་དང་ཆ་སྒམ་འདམ་བག་གིས་བཟོས་ལ། ཁྱིམ་དུ་ས་གདན་མ་གཏོགས་ཉལ་ཁྲི་དང་ཅོག་ཙེ་ཡང་མེད་པར་འབྲས་སོག་ཐག་པའི་ཚབ་ཏུ་བཀོལ་ནས་དེ་ལྟར་ཁང་བ་བསྐྱིལ་བ་རེད། མ་རྨོས་ལོ་ཏོག་ནི་ཁོ་ཚོའི་ཁ་ཟས་གཙོ་བོ་ཡིན་ཞིང་། ཉིན་དཀར་བུ་ཆུང་རྣམས་ཕྱི་རུ་ཕྱུགས་ཟོག་སྐྱོང་དུ་འགྲོ་བ་དང་བུ་མོ་ཚོས་སྐྱེས་མ་དར་མ་ཚོ་དང་ལྷན་དུ་ཁ་ཟས་གཡོ་བསྐོལ་ལ་གྲ་སྒྲིག་བྱེད་པ་རེད། ཧན་ཊི་རོས་ཀྱི་ཆུང་མ་གཞན་པ་རྣམས་ལ་བུ་ཆུང་གསུམ་ཡོད་མོད་དེ་དག་གནས་གཞན་དུ་ཕྱིན་པས། མན་དྷི་ལར་རང་གི་གཅེན་གཅུང་དག་ལས་རང་དབང་ཆེ་ལ། ཁོང་དང་མ་ཡུམ་ཕན་ཚུན་ཤིན་ཏུ་སྙིང་ཉེ་བ་མ་ཟད། ཨ་ཕའི་ཆུང་མ་གཞན་དག་ལ་ཡང་ཤིན་ཏུ་འདྲིས་ཆེ།

.jpg


མན་དྷི་ལའི་མེས་པོ་ནི་ཐྲམ་བྷོ་རྒྱལ་རྒྱུད་ཡིན་ལ་ཐྲམ་བྷོ་ནི་ཁུ་ས་ཚོ་ཁག་གི་ཁོངས་སུ་གཏོགས་ཤིང་། གུ་ནོའུ་སྡོད་དམངས་རྣམས་དུས་རབས19པར་ཁུ་སའི་ས་ཐོག་ཏུ་གཞིས་ཆགས་པ་ཡིན། དེ་བས། མན་དྷི་ལ་ནི་སྐུ་དྲག་གི་གྲས་ཡིན་མོད་ཁོང་གིས་རྒྱུན་དུ་རང་ཉིད་རྒྱལ་སྲིད་རྒྱུད་འཛིན་མཁན་མིན་པར། རུས་རྒྱུད་ཚོ་པའི་ཁོངས་མི་ཞིག་ཡིན་ཞེས་གཞོན་པའི་དུས་སུ་ནན་གྱིས་བརྗོད་ཅིང་། སྤྱི་ལོ1925ལོར། མན་དྷི་ལ་ཁོ་ཚོའི་སྡེ་བའི་ཉེ་འགྲམ་གྱི་སློབ་ཆུང་ལ་ཞུགས་ཤིང་ལོ་ན་བདུན་ལོན་དུས་དགེ་རྒན་གྱིས་ནེལ་ཞོན་ཞེས་པའི་མིང་གསར་བ་ཞིག་བཏགས། དེ་ནས་བཟུང་ནས། མི་ཚང་མས་ཁོང་ལ་ནེལ་ཞོན•མན་དྷི་ཞེས་འབོད་ལ། གཞུག་ནས་མིང་གི་འབོད་སྟངས་གསར་བའང་བྱུང་།

སྤྱི་ལོ1927ལོར། ལོ་ན་དགུ་ལ་སོན་པའི་མན་དྷི་ལ་རྒྱལ་པོ་ཚང་དང་བར་ཐག་ཇེ་ཉེ་རུ་ཕྱིན། ཁོང་གི་ཨ་ཕ་ཧན་ཊི་རོས•མན་དྷི་ལ་གློ་གཅོང་གི་ནད་ཀྱིས་བཟུང་བས་མན་དྷི་ལའི་ཨ་མའི་ཁྱིམ་ནས་བསྡད། ཁོའི་གྲོགས་པོ་རྒྱལ་ཚབ་ཆོན་ཅིན་ཐ་པཱ་ལྟ་རུ་ཡོང་བར་ཨ་ཕས་རྒྱལ་ཚབ་མཆོག་ལ་ཕྱིན་ཆད་བུ་ཆུང་ཁྱེད་ལ་བཅོལ་དགོས་བྱུང་བས་ཁོ་ལ་བདག་དམ་ནན་མོ་བྱ་དགོས། བུ་ཆུང་གི་ལངས་ཕྱོགས་བརྟན་ཞིང་ཡར་སྐྱེད་མགྱོགས། ཁོས་ཁྱེད་ལ་བརྩི་བཀུར་བྱ་ངེས་ཡིན་ཞེས་བརྗོད་པ་དང་། རྒྱལ་ཚབ་ཀྱིས་ལན་དུ། ངས་ཁོ་ལ་སློབ་སྟོན་བཟང་བོ་གནང་ངེས་ཞེས་གསུངས་པ་མན་དྷི་ལའི་སྲིང་མོ་མ་བྷེ་ཨར་གྱིས་ཐོས་ཤིང་། དེ་རྗེས་མ་འགྱངས་ངར་ཧན་ཊི་རོས•མན་དྷི་ལ་སྐུ་གཤེགས།  ཁོང་གི་བེམ་པོ་ཆུང་མ་དང་པོའི་ཁྱིམ་དུ་བཞག་ཅིང་། ཡེ་ཤུའི་ཆོས་ལུགས་ཀྱི་ཆོ་ག་ལྟར་འདས་མཆོད་བསྒྲུབས་ཏེ། མཇུག་ཏུ་ཁོང་གི་བེམ་པོ་ས་གནས་དེ་གའི་སྤྱི་པའི་དུར་ས་རུ་བསྐྱལ། དེའི་རྗེས་སུ། སྤྱི་ལོ1927ལོར་མ་དྷི་ལའི་མ་ཡུམ་གྱིས་ཁོ་འཁྲིད་ནས་སྲིད་ཚབ་འཚོ་གཞེས་གནང་སའི་ས་ཆར་སླེབས་ཤིང་། སྲིད་ཚབ་ཀྱིས་མན་དྷི་ལར་བརྩེ་བའི་མིག་གིས་ལྟ་ཞིང་། བྱམས་པའི་སེམས་ཀྱིས་བསྐྱངས།

ཆུང་དུས་སུ། མན་དྷི་ལས་ཚོ་དཔོན་རྒན་པ་དང་འགོ་གཙོ་རྙིང་བར་འཚམས་འདྲི་ཞུ་བའི་སྐབས་སུ། ཁུ་སའི་ལོ་རྒྱུས་མི་ཉུང་བ་རྟོགས་ཤིང་། དེར་བརྟེན་ཚོ་པའི་སྲོལ་རྒྱུན་དང་དམངས་གཙོ་ལ་གུས་བརྩི་བླ་མེད་གནང་། ཁོས་འཚམས་འདྲི་གནང་བའི་ཚོ་དཔོན་མང་ཆེ་བས་སློབ་གསོ་མྱངས་མ་མྱོང་མོད་བཤད་པ་ལ་ཐོགས་པ་མེད། ཁོང་ཚོས་མན་དྷི་ལར་རིགས་རྒྱུད་དཀར་པོའི་དབང་བསྒྱུར་བས་ཁུ་ས་པའི་མཐུན་སྒྲིལ་དང་ལྷིང་འཇགས་བརླག་སྟེ། ཁུ་ས་པ་རྣམས་ཁ་འཕྲལ་དང་མཐར་བསྐྲོད་བཏང་བའི་ལོ་རྒྱུས་ཇི་སྙེད་གསུངས་པ་དེས་མན་དྷི་ལའི་སེམས་སུ་བག་ཆགས་ཟབ་མོ་བཞག་ཅིང་། མཐའ་ཡས་པའི་རང་བྱུང་ཁམས་ཆེན་པོ་དང་ཞིང་གྲོང་གི་གཏམ་རྒྱུད་ཀྱིས་མན་དྷི་ལར་སློབ་སྦྱོང་དང་སྦྱོང་བརྡར་མང་པོ་སྤྲད་དེ་སྙིང་ཕུར་གདབ།  

རྗེས་སུ། མན་དྷི་ལས་དཀྱོག་མཚམས་གལ་ཆེན་ཞིག་བརྒྱུད་པ་སྟེ། ཁོ་རང་ཆོས་ཚོགས་ཀྱི་སློབ་གྲྭར་ཞུགས་པའི་རེ་འདུན་བཏོན། སྲིད་ཚབ་ཀྱིས་མན་དྷི་ལས་ཆེས་ལེགས་པའི་སློབ་གསོ་མྱོང་ཆེད་དང་མ་འོངས་པར་རྒྱལ་པོའི་རོགས་འདེགས་སུ་འགྱུར་སླད་ཁུ་ལ་ཅི་པོ་ལེ(克拉基伯雷寄宿学校)སློབ་གྲྭར་བསྐྱལ་ཞིང་། མན་དྷི་ལ་ནི་ཁོང་ཚང་གི་ཁྱིམ་རྒྱུད་ཁྲོད་ཆེས་ཐོག་མར་སློབ་གྲྭ་འགྲིམས་མཁན་གཅིག་པུ་ཡིན།  སྐབས་དེ་ནས་བཟུང་ཞག་སྡོད་ཀྱི་འཚོ་བ་རོལ་འགོ་ཚུགས། མན་དྷི་ལས་ཆོས་ཚོགས་ཀྱི་སློབ་གྲྭར་བརྩི་བཀུར་བྱེད་པ་དང་མཉམ་དུ། ཁྱིམ་བདག་གི་དབང་བསྒྱུར་རྣམ་པ་དང་བཙན་རྒྱལ་རིང་ལུགས་ཀྱི་བག་ཆགས་ངན་པར་སུན་འབྱིན་བྱས་པ་སྟེ། ང་ཚོའི་མི་རབས་འདིར་དབྱིན་ཇི་བའི་ཤུགས་རྐྱེན་ཐེབས་ཚད་ཤིན་ཏུ་ཟབ་ཅེས་པའམ་རྒྱུ་མཚན་ནི་རྒྱལ་ཁབ་འདིའི་སློབ་གསོ་ནི་དབྱིན་ཇིའི་རང་དབང་རིང་ལུགས་པ་དང་ཆོས་སྤེལ་མཁན་གྱིས་བཙུགས་པ་རེད་ལྟ་བུ་བརྗོད། དེ་ནས་སྤྱི་ལོ1934ལོར། མན་དྷི་ལས་སློབ་ཆེན་ལ་རྒྱུགས་སྤྲོད་སྐབས། ཁུ་ལ་ཅི་པོ་ལེ་སློབ་ཆེན་ནི་ཐྲམ་བྷོ་ས་ཁུལ་གྱི་ཆེས་ཆེ་བའི་སློབ་གསོའི་ལྟེ་གནས་སུ་གྱུར་ཞིང་། དགེ་རྒན་མང་ཤོས་དབྱིན་ཇིའི་ཆོས་སྤེལ་མཁན་ཡིན་ལ། སློབ་གྲྭའི་བསྐྲུན་དང་བསླབ་ཚན་གྱི་ཕྱོགས་ནས་གཞི་ཁྱོན་ཆེ་རུ་བཏང་སྟེ་འཕེལ་རྒྱས་བྱུང་། གཞུག་ནས་གཏོར་བརླག་ཐེབས་ཤིང་ད་ལྟ་སླར་ཡང་ཞིག་གསོ་བྱས་ཡོད་པ་རེད།  ཡེ་ཤུའི་ཆོས་སྤེལ་མཁན་ཞིག་གིས་བརྗོད་པ་ལྟར་ན། སློབ་གྲྭ་དེས་ཁུ་ས་ས་ཁུལ་གྱི་དཔལ་ཡོན་ཡར་རྒྱས་ཀྱི་ཕྱོགས་ལ་འབད་ཀྱིན་པར་མ་ཟད་མི་འགྱང་བར་ཁེ་ལས་ཀྱི་ནུས་པ་གསར་སྤེལ་ཕྱོགས་སུ་ཡང་ཤུགས་རྒྱག་རྒྱུ་ཡིན་ཏེ། མན་དྷི་ལ་ཡིས་མི་རྣམས་ལ་ས་ཆ་ཆུང་ཆུང་ནས་ཀྱང་གཙོ་འཛིན་རླབས་ཆེན་འཁྲུངས་ཐུབ་པ་ཤེས་རྟོགས་འབྱུང་དུ་བཅུག་ཡོད་ཟེར། སྤྱི་ལོ1934ལོ་ནི་ཁུ་ལ་ཅི་པོ་ལེ་སློབ་གྲྭ་དར་ནས་ཧ་ལམ་ཡང་རྩེར་སོན་པའི་སྐབས་ཤིག་ཡིན་ལ། དེ་རུ་ཁོང་གི་ཚེ་གང་རིང་གི་བློས་ཐུབ་ཀྱི་གྲོགས་པོ་སྐོར་ཅིག་ལ་འཕྲད། མན་དྷི་ལས་ད་དུང་ལན་རེར་ཁུ་ལ་ཅི་པོ་ལེ་སློབ་གྲྭའི་རིམ་ལྡན་ལམ་ལུགས་དང་ཟ་མའི་ཕྱོགས་ལ་སྐྱོན་བརྗོད་བྱེད་མོད། ཡིན་ནའང་ཆེས་ཐོག་མའི་མ་ཡུམ་སློབ་གྲྭ་འདི་ནས་ད་གཟོད་ཁོང་གིས་ཚན་རིག་ཤེས་བྱའི་རིན་ཐང་རྟོགས་ཏེ། ཁོང་གི་བསམ་བློ་ཐྲམ་བྷོ་ལས་རྒྱ་ཆེ་ཞིང་ཁོད་ཡངས་པའི་འཇིག་རྟེན་གྱི་ཕྱོགས་སུ་འཁོར།

མན་དྷི་ལས་ཁུ་ལ་ཅི་པོ་ལེ་སློབ་གྲྭ་ནས་ལོ་གཉིས་ལ་སློབ་སྦྱོང་བྱས་རྗེས། དེ་ལས་རྒྱང་ཐག་རིང་ཞིང་གཞི་ཁྱོན་ཆེ་བའི་ཆོས་ཚོགས་ཀྱི་སློབ་གྲྭ་སྟེ་ཞིས་འར་ཏི་གོ་མཐོ་འབྲིང(希尔敦高中)འགྲིམས།  ཞིས་འར་ཏི་གོ་མཐོ་འབྲིང་ནི་ཁུ་ལ་ཅི་པོ་ལེ་ཡི་རྗེས་ཀྱི་ལོ་ངོ30ཙམ་གྱི་མཚམས་སུ་བཙུགས་ཤིང་ལོ་རྒྱུས་ལ་འགྱུར་ལྡོག་ཧ་ཅང་ཆེ། ཞིས་འར་ཏི་གོ་མཐོ་འབྲིང་ནི་དགེ་རྒན་སྦྱོང་བརྡར་བྱེད་ས་དང་འབྲིང་རིམ་སློབ་གྲྭ་གལ་ཆེ་ཤོས་ཤིག་ཡིན་ཏེ། ཧྥེ་གླིང་ལྷོ་མའི་སློབ་གསོ་བཟང་པོ་ཐོབ་པའི་མི་ནག་སློབ་མ་མང་པོ་འདིར་འདུས་ཡོད། ཞིས་འར་ཏི་གོ་མཐོ་འབྲིང་དུ་ཁུ་ལ་ཅི་པོ་ལེ་སློབ་གྲྭ་དང་འདྲ་བར་དབྱིན་ཇིའི་རྣམ་པ་ཅན་གྱི་སློབ་གསོ་ལག་བསྟར་བྱེད་ཀྱིན་ཡོད་ཅིང་། ཁུ་སའི་རིག་གནས་ཀྱི་ས་དམིགས་ཤིན་ཏུ་ཉག་ཕྲ། མན་དྷི་ལར་སློབ་གྲྭ་དེ་གཉིས་ཀྱི་ཆོས་ལུགས་དད་མོས་ཀྱིས་ཤུགས་རྐྱེན་ཆེན་པོ་མ་ཐེབས་ཤིང་། ཁོའི་གྲོགས་པོ་མང་པོ་དང་ངོ་ཤེས་གཞན་དག་སོགས་ཀྱིས་ཆོས་ཚོགས་ཀྱི་ལས་རིགས་གཅིག་པའི་ལྷན་ཚོགས་ཀྱི་སློབ་གསོ་མྱངས་ཡོད་ནའང་། ཁོ་རང་གཏན་དུ་དད་ལྡན་པ་རྣམ་དག་ཅིག་ཏུ་འགྱུར་མི་སྲིད། འོན་ཀྱང་། སློབ་གྲྭའི་དྭངས་གཙང་རིང་ལུགས་ཀྱི་ཁྱབ་ཚུལ་དང་སྒྲིག་ལམ་ནན་མོ། ཤེས་རབ་བསྐྱེད་པའི་བྱེད་ཐབས་བཅས་ཀྱིས་མན་དྷི་ལར་ཡུན་རིང་གཏིང་ཟབ་ཀྱི་ཤུགས་རྐྱེན་ཐེབས་ནས། དེ་གའི་ཁོར་ཡུག་ཏུ་སྐྱེད་བསྲིང་བྱས་པའི་ཁེར་ཚུགས་ཀྱི་སྙིང་སྟོབས་ཀྱིས་མན་དྷི་ལ་ལྷག་པར་བློ་བརྟན་འགྱུར་མེད་དུ་བཏང་།

.jpg

ཞིས་འར་ཏི་གོ་མཐོ་འབྲིང་གི་རིགས་རྒྱུད་དཀར་པོའི་དགེ་རྒན་དང་མི་ནག་དགེ་རྒན་ཕན་ཚུན་འབྲེལ་བ་མི་བྱེད་ལ། སོ་སོས་རང་གནས་སུ་བཟའ་བཏུང་ལ་རོལ་བ་ཡིན། སྔོན་ཆད་རིགས་རྒྱུད་དཀར་པོའི་དགེ་རྒན་ཞིག་དང་མི་ནག་དགེ་རྒན་ཞིག་བར་འབྲེལ་བ་ཡག་པོ་བྱུང་བ་ལ་རིགས་རྒྱུད་དཀར་པོའི་ལས་གྲོགས་གཞན་ཚོས་མི་འཐད་པའི་རྣམ་འགྱུར་བསྟན་མཐར་མི་ནག་དགེ་རྒན་དེས་ལས་མཚམས་མི་འཇོག་ག་མེད་བྱུང་ཞིང་། སློབ་གྲྭ་དེ་རུ་རིགས་རྒྱུད་རིས་ཆད་ཀྱི་འདུ་ཤེས་བདོག་པས། མན་དྷི་ལའི་སེམས་སུ་བརྡབ་གསིག་གང་མང་ཐེབས། དེ་ལྟར། སྤྱི་ལོ1938ལོར་སློབ་མཐར་ཕྱིན།  སྤྱི་ལོ1939ལོར། མན་དྷི་ལས་སྐབས་དེའི་ཧྥུ་ཐི་ཧེ་ཨར་ས་ཁུལ་གྱི་མི་ནག་གི་སློབ་ཆེན་གཅིག་པུ་སྟེ་ཧེ་ཨེ་པཱོ་སློབ་གྲྭ་ཆེན་མོར(福特哈尔大学Fort Hare)

རྒྱུགས་འཕྲོད། སློབ་གྲྭ་འདི་ནི་སྤྱི་ལོ1916ལོར་བཙུགས་ཤིང་མན་དྷི་ལ་སློབ་གྲྭ་འདིར་ཞུགས་སྐབས་མི་གྲངས་ཤིན་ཏུ་ཉུང་བ་དང་སློབ་མའི་ཁྲོད་དུ་ཤ་མདོག་རིགས་མི་གཅིག་པ་འགའ་ཡོད་མོད། སློབ་གྲྭའི་ཤུགས་རྐྱེན་ནི་མི་གྲངས་ཀྱི་ཚད་བཀག་ལས་བརྒལ་ནས་དེ་རུ་མི་ནག་ཤེས་ཡོན་པ་མང་པོ་འཛོམས་ཤིང་། དེ་དག་གི་གྲས་ན་ཕྱིས་སུ་སྐད་གྲགས་ཆོད་པའི་སློབ་མའང་མང་པོ་ཡོད་པ་མ་ཟད། མན་དྷི་ལས་བབ་བསྟུན་སྒོས་རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོའི་རྒྱབ་ལྗོངས་མི་འདྲ་བའི་མི་སྣ་མང་པོར་གྲོགས་བསྒྲིགས། སྐབས་དེར། རིགས་རྒྱུད་རིས་ཆད་ཀྱི་འགལ་བ་རྣོ་ངར་ཅན་དུ་གྱུར་བ་དང་དབང་བསྒྱུར་བའི་ཐལ་མཐའི་སྒྲིག་སྲོལ་གྱིས་མི་ནག་རྣམས་ལ་ཞེ་སྡང་བསླངས་པས། མན་དྷི་ལའི་དང་ཐོག་གི་ཕུགས་བསམ་ཆུང་ཆུང་སྟེ་ཁྲིམས་རའི་སྐད་བསྒྱུར་བ་དང་གཞུང་ཞབས་པ་ཞིག་བཅའ་བའི་འདུན་པར་འགྱུར་ལྡོག་བྱུང་ཞིང་རིགས་ཞེན་གྱི་མེ་ལྕེ་དགུང་དུ་མཆེད། སློབ་གཉེར་གྱི་ཞོར་ལ་སློབ་མའི་ལས་འགུལ་སྣ་ཚོགས་ལ་ཞུགས་རྐྱེན་སློབ་མའི་འཐུས་མི་ཚོགས་ཆེན་དུ་བདམས་ཐོན་བྱུང་། སྤྱི་ལོ1940ལོར་སློབ་མའི་རྩ་འཛུགས་ཁྲོད་རིགས་རྒྱུད་དཀར་པོའི་དབང་བསྒྱུར་ལ་ངོ་རྒོལ་བྱས་ནས་བསམ་བློའི་སྙིང་སྟོབས་དང་མདུན་སྐྱོད་ཀྱི་བློ་སྤོབས་ལ་ཕྱིར་ལྡོག་མེད་སྟབས་སློབ་མཚམས་ཆད་ཅིང་། དེ་ནས་ཕ་ཡུལ་དུ་ལོག་རྗེས་ཨ་ཕའི་ཁ་ཆེམས་དང་སྲིད་ཚབ་ཀྱི་བསམ་འཆར་ལྟར་ཆུང་མ་ཞིག་བླངས་ནས་སྡེ་དཔོན་གྱི་འགན་འཁུར་བར་བགྲོས་ཀྱང་མ་འཆམ་པས། སྲིད་ཚབ་དང་ཁོ་གཉིས་བར་གྱི་འབྲེལ་བ་ཇེ་ངན་དུ་གྱུར། དེ་ནས་བཟུང་། མན་དྷི་ལ་རང་གི་འདོད་པ་ལྟར་རང་དབང་འཚོལ་སྙེག་གི་ལམ་ལ་ཆས།

3 ལམ་གྱི་སྙིང་སྟོབས།

སྤྱི་ལོ1942ལོར་ཕོ་ལོ23ལོན་པའི་མན་དྷི་ལ་ཧྥེ་གླིང་གི་ཆེས་གལ་ཆེ་བའི་གྲོང་ཁྱེར་དག་གི་ཡ་གྱལ་ཏེ་ཡའོ་ཧན་ནེ་སི་པའོ(约翰内斯堡Johannesburg) གྲོང་ཁྱེར་དུ་འབྱོར། ལོ་རེ་བཞིན་མི་ནག་ཁྲི་ཕྲག་མང་པོ་ཕ་ཡུལ་དང་བྲལ་ནས་གནས་འདིར་འོང་ཞིང་། མན་དྷི་ལ་ནི་དེ་དག་གི་ཁྲོད་ཀྱི་གཅིག་ཡིན། ཁོ་ཚོས་ལྭ་བ་ཧྲལ་ཧྲུལ་གྱོན་ཞིང་གནས་འདིར་གཏེར་འདོན་བཟོ་བ་དང་གླ་བའམ་ངལ་རྩོལ་བཟོ་བ་སོགས་གང་རུང་གི་ལས་ཀ་ཞིག་ཨེ་རྙེད་ལ་འབད་ཀྱིན་ཡོད། སྐབས་དེའི་ཡའོ་ཧན་ནེ་སི་པའོ་ལ་ལོ་ངོ55རིང་གི་ལོ་རྒྱུས་ལས་མེད་ན་ཡང་། དེར་འདུ་འཛི་ཆེ་བའི་གྲོང་ཁྱེར་གྱི་ལྟེ་བ་དང་གསོལ་མགྲོན་ཁང་མང་པོ་མཉམ་གཅིག་ཏུ་གནས་ལ་དཔལ་འབྱོར་དར་རྒྱས་ཆེ། མན་དྷི་ལས་དེ་རུ་གཏེར་འདོན་ཉེན་རྟོག་པའི་ལས་ཀ་གཉེར་ཞིང་། དེའི་རིང་དུ་ཕྱིས་སུ་ཁོང་གི་ཆབ་སྲིད་དོན་གཉེར་གྱི་བྱ་བའི་ཁྲོད་ཆེས་ཤུགས་རྐྱེན་ཆེ་བའི་མི་སྣ་ཞི་སོ་ལོའུ(西苏鲁)ལ་འཕྲད་པས། མན་དྷི་ལའི་འཚོ་བར་འགྱུར་ལྡོག་བྱུང་སྟེ་རང་གི་ཕུགས་བསམ་ངོ་མ་ཁྲིམས་རྩོད་པའི་ལས་ཀ་ཞིག་རེག་ཅིང་། སྤྱི་ལོ1942ལོར་གྲོགས་པོའི་རོགས་རམ་འོག་ཡིག་སྤྲིངས་སློབ་ཁྲིད་ཀྱི་རྣམ་པ་བརྒྱུད་ནས་ཧེ་ཨེ་པཱོ་སློབ་ཆེན་གྱི་ཤེས་རམས་པའི་བསླབ་གནས་ལོན་མོད། ཡོན་ཚད་ཀྱི་ཐོབ་ཐང་ནི་རྒྱལ་ཁའི་བགྲོད་ལམ་ཉག་གཅིག་མིན་པའི་ངེས་ཤེས་རྙེད་པ་དང་། སྤྱི་ལོ1943ལོར་རང་གི་འབད་བརྩོན་ལ་བརྟེན་ནས་ལྦེ་ཐི་འོ་ཊི་སི་ལན་ཊི་སློབ་ཆེན་(维特沃特兰德大学)ནས་ཁྲིམས་རིག་པའི་བསླབ་གནས་ལོན། དེ་རུ་ཁོང་གི་ཆུང་མ་ཐོག་མ་ཡུ་ཧྥུ་ལིན•མཱ་ཟི་ལ་ངོ་ཐུག་ཅིང་ཁོ་གཉི་གས1944ལོར་གཉེན་སྒྲིག་བྱས། གཉེན་སྟོན་སྐབས་སུ་ཆོས་ཁང་གི་ཅོང་སྒྲ་དང་བག་གཞས་སོགས་གང་ཡང་མེད་པར་ཧ་ཅང་སྟབས་བདེ་ཡིན་ལ། ཕྱིས་སུ་ཡུ་ཧྥུ་ལིན•མཱ་ཟི་ལ་བྱིས་པ་བཞི་སྐྱེས། ཡིན་ནའང་། མན་དྷི་ལ་ནི་རིགས་རྒྱུད་རིས་ཆད་ངོ་རྒོལ་གྱི་ལས་ལ་རྩེ་གཅིག་ཏུ་གཞོལ་བས། མཐར་ལོ་ངོ13རིང་ལ་རྒྱུན་བསྐྱངས་པའི་གཉེན་དོན་མཇུག་བསྒྲིལ།

.jpg

ཧྥེ་གླིང་གི་ཆེས་ཆེ་བའི་གྲོང་ཁྱེར་འདི་རུ། མན་དྷི་ལའི་བསམ་པར་རང་གི་ཤ་མདོག་གིས་གཞུག་ཕྱོགས་ཀྱི་འཚོ་བར་དཀའ་ལས་བཟོ་སྲིད་པ་རྟོགས་ཤིང་། སྐབས་དེའི་སྲིད་གཞུང་གིས་ཕྱོགས་ཡོངས་ནས་ཆབ་སྲིད་དང་དཔལ་འབྱོར་ཐད་ནས་རིགས་རྒྱུད་རིས་ཆད་ཀྱི་སྦྱོར་བ་བརྩམས་ཏེ། ཧྥེ་གླིང་ས་ཁུལ་ཧྲིལ་བོར་ཤ་མདོག་དབྱེ་འབྱེད་ཀྱི་སྲིད་ཇུས་ལག་བསྟར་བྱས། སྤྱི་གླིང་དུ་མི་ནག་རྣམས་རིགས་རྒྱུད་དཀར་པོའི་རྐུབ་སྟེགས་གམ་དུ་འདུག་མི་ཆོག་པ་དང་། མི་ནག་རྣམས་ལ་ངེས་པར་དུ་ཐོབ་ཐང་ལག་འཁྱེར་དགོས་ལ། ཐོབ་ཐང་ལག་འཁྱེར་མེད་ཚེ་འཛིན་བཟུང་བྱེད་ཅིང་། མི་ནག་ཚོས་རིགས་རྒྱུད་དཀར་པོའི་མི་རྣམས་དང་མཉམ་དུ་ལས་ཀ་འདྲ་མཉམ་ལས་རུང་གླ་ཆ་གཞན་ལས་དམའ་བ་མ་ཟད། འདེམས་བསྐོའི་དབང་ཆ་མེད་ལ་རིགས་རྒྱུད་དཀར་པོའི་མི་དང་གཉེན་སྒྲིག་མི་ཆོག་ཅིང་། སྲིད་གཞུང་ནས་བྱ་བ་གཉེར་མི་རུང་བ་དང་རིགས་རྒྱུད་དཀར་པོའི་མི་དང་མཉམ་དུ་ཁ་པར་སྤྱི་སྤྱོད་བྱེད་མི་ཆོག་པ་སོགས་རྒྱུ་རྐྱེན་བགྲང་གིས་མི་ལངས་པ་ཞིག་གི་དབང་གིས་མན་དྷི་ལ་ཞེ་སྤོ་གཏིང་ནས་ལངས་སུ་བཅུག་སྟེ་དངོས་སུ་ཆབ་སྲིད་ཀྱི་གར་སྟེགས་སུ་གོམ་ཁ་བསྒྱུར།

སྤྱི་ལོ1944ལོར། མན་དྷི་ལ་འཚེ་མེད་ཞི་བའི་འཐབ་རྩོད་སྒོས་དམངས་གཙོའི་སྲིད་དབང་འཛུགས་པའི་ཧྥེ་གླིང་རྒྱལ་དམངས་ཚོགས་ཆེན་གྱི་ཆབ་སྲིད་རྩ་འཛུགས་སུ་ཞུགས། གཞན་ལས་ཕུལ་དུ་བྱུང་བའི་འཇོན་ཐང་དང་ཁྱད་དུ་འཕགས་པའི་བསམ་བློ་ལ་མི་ཚང་མའི་གདེང་འཇོག་ཡག་པོ་ཐོབ་པས། སྤྱི་ལོ1952ལོར་མན་དྷི་ལ་རྒྱལ་དམངས་ཚོགས་ཆེན་གྱི་ན་གཞོན་མནའ་མཐུན་ཚོགས་པའི་གཙོ་འཛིན་ལ་བདམས་པ་དང་། སྤྱི་ལོ1952ལོའི་ཧྥེ་གླིང་ངོ་རྒོལ་ཆེན་མོ་དང་། སྤྱི་ལོ1955ལོའི་མི་དམངས་གྲོས་ཚོགས་ཁྲོད་ཁོས་གཙོ་ཁྲིད་ཀྱི་ནུས་པ་ཐོན་ལ། ལས་འགུལ་འདི་དག་གི་རྩ་བ་ནི་རང་དབང་རྩ་འཛིན་ཡིན། དེ་དང་མཉམ་དུ་མན་དྷི་ལས་མི་ནག་དབུལ་བོ་རྣམས་ལ་ཞབས་འདེགས་ཞུ་སའི་ཁྲིམས་རྩོད་པའི་ལས་དོན་ཁང་བཙུགས་ཏེ། མི་ནག་རྣམས་ལ་ཆེད་དུ་ཞབས་ཞུ་གནང་བ་སོགས་ཀྱི་ལས་དོན་མང་པོའི་འགན་འཁུར་ཞིང་། སྤྱི་ལོ1952ལོའི་ལོ་མཇུག་ཏུ"དྲང་གཞག་མིན་པའི་བཀའ་ཁྲིམས་ལ་རྒོལ་བའི་ལས་འགུལ"སྤེལ་བས། མི་ནག་ཡོངས་ཀྱི་བླ་ན་མེད་པའི་ཁས་ལེན་དང་བརྩི་བཀུར་ཐོབ། ཁོང་གིས"ངའི་ཕུགས་བསམ་ནི་དམངས་གཙོ་ཅན་གྱི་ཧྥེ་གླིང་སྤྱི་ཚོགས་ཤིག་འཛུགས་སྐྲུན་བྱ་རྒྱུ་ཡིན་ལ། གནས་འདི་རུ་མང་ཚོགས་ཀྱིས་ཞི་བདེ་མཉམ་རོལ་དང་གོ་སྐབས་འདྲ་མཉམ་ཡོང་རྒྱུ་ནི་ང་རང་འཚོ་གནས་བྱ་འདོད་པའི་སྤྱི་ཚོགས་ཡིན། དམིགས་ཡུལ་འདི་མངོན་འགྱུར་འབྱུང་ཆེད་ངས་ནམ་ཡང་རང་ཉིད་བློས་གཏོང་དགོས་པར་གྲ་སྒྲིག་བྱས་ཡོད།"དང"ངས་རིགས་རྒྱུད་དཀར་པོའི་སྲིད་དབང་སྒེར་འཛིན་ལ་ངོ་རྒོལ་བྱ་རྒྱུ་ཡིན་པར་མ་ཟད། མི་ནག་ཁོ་ནས་རྒྱལ་ཁབ་སྐྱོང་བར་ཡང་ངོ་རྒོལ་བྱ་རྒྱུ་ཡིན"ཞེས་ཀུན་ལ་བསྒྲགས། དེའི་ཕྱིར། སྲིད་གཞུང་གིས་མན་དྷི་ལ་སྤྱི་པའི་འདུ་ཚོགས་ལ་ཞུགས་མི་ཆོག་པའི་བཀག་སྡོམ་བཀའ་རྒྱ་ཐེངས་གཉིས་ལ་བསྒྲགས།

སྤྱི་ལོ1958ལོར། ལོ40ལོན་པའི་མན་དྷི་ལ་དང་ལོ་ན23ཡིན་པའི་མཛེས་སྡུག་ཡིད་འོང་གི་གཞོན་ནུ་མ་བན་ཉི•མན་དྷི་ལ(温妮)བར་ཕན་ཚུན་མཐོང་བ་འཛུམ་ཤོར་ལྟ་བུའི་བརྩེ་དུངས་ཆགས་ཏེ་གཉེན་སྒྲིག་ཅིང་ཁོའི་ཆུང་མ་གཉིས་པར་གྱུར། བིན་ཉི་ནི་རིགས་རྒྱུད་རིས་ཆད་ལ་རྒོལ་བའི་འཐབ་འཛིང་གི་ཁྲོད་ནས་ནར་སོན་ཞིང་། ཁོ་མོའི་འཐབ་འཛིང་གི་སྙིང་སྟོབས་དང་འགྱུར་མེད་ཀྱི་ལ་རྒྱ། ཨ་མའི་བྱམས་བརྩེ་ཡི་སྣང་བརྙན་བཅས་ལ་རྒྱ་ཆེ་བའི་མི་ནག་རྣམས་ཀྱི་གུས་བཀུར་ཐོབ་སྟེ། "མི་ནག་གི་ཡུམ་ཆེན"ཞེས་པའི་མཚན་སྙན་གསོལ་མྱོང་ལ། ཁོ་མོས་མན་དྷི་ལའི་ཚབ་ཏུ་གང་སར་ལས་འགུལ་སྤེལ་ཞིང་བཙོན་དུ་ཐེངས་འགར་བཟུང་། ཡིན་ནའང་གཞུག་ནས་ཁོ་མོའི་གོ་གནས་འཕར་བ་དང་ཆབས་ཅིག་ཏུ་ཧམ་ཤེད་གང་འདོད་ཀྱི་གཤིས་ཀ་ཆགས་ཤིང་། གདུག་རྩུབ་ཀྱི་ངོ་གདོང་ཞིག་མི་རྣམས་ཀྱི་མིག་ལམ་དུ་མངོན་ཏེ། མོས་དྲག་ཤུགས་ལ་བརྩི་མཐོང་དང་འཚོ་བ་རུལ་སུངས་སུ་གྱུར་ལ། རྗེས་ནས་ད་དུང་མན་དྷི་ལ་བཙོན་དུ་ལུས་སྐབས་ཁོ་མོར་ལྐོག་ཏུ་དགའ་རོགས་ཤིག་ཡོད་ཚུལ་གྱི་དོན་དངོས་གསར་ལམ་ཁག་བརྒྱུད་ནས་གླིང་བཞིར་གྲགས་པས། དེ་ཡི་དོན་དུ་མན་དྷི་ལར་སྐྱོ་བ་ཚད་མེད་སྐྱེས་ཤིང་། འཇིག་རྟེན་སྟེང་ཆེས་ཁེར་རྐྱང་གི་མི་རུ་གྱུར། མཐར་སྤྱི་ལོ1996ལོར་མན་དྷི་ལ་དང་བིན་ཉི་གཉེན་འཐོར་བྱུང་ལ། ཁོང་གཉིས་གར་བྱིས་པ་གཉིས་ཡོད།

.jpg

སྤྱི་ལོ1958ལོའི་ཟླ༩པའི་ཚེས2ཉིན། བེ་འོ་འར་ཊིས(维沃尔德)ཧྥེ་གླིང་གི་སྤྱི་ཁྱབ་བློན་ཆེན་གྱི་འགན་འཁུར་བས་ཁོའི་སྲིད་ཇུས་ཀྱི་དབང་གིས་ཧྥེ་གླིང་གི་མི་ནག་ཁྲི1000ལྷག་གིས་ཧྥེ་གླིང་ལྷོ་མའི་ས་ཁྱོན་ཡོངས་ཀྱི12.5%ལས་ཟིན་ཐབས་མ་བྱུང་བ་མ་ཟད། ལམ་ཡིག་འཛིན་པའི་ལམ་ལུགས་ཤུགས་དྲག་ཏུ་སྤེལ་བར་བརྟེན། དོན་དེས་ཧྥེ་གླིང་ལྷོ་མའི་མི་ནག་དང་རིགས་རྒྱུད་དཀར་པོའི་འགལ་བ་ཛ་དྲག་ཏུ་བཏང་ཞིང་། མཐའ་མཇུག་ཧྲ་ཕེ་བེ་ཨར་དམར་གསོད་དོན་རྐྱེན་བྱུང་བ་རེད།

སྤྱི་ལོ1960ལོའི་ཟླ3པའི་ཚེས21ཉིན། ཧྥེ་གླིང་ལྷོ་མའི་དམག་མི་དང་ཉེན་རྟོག་པས་རྔམ་སྟོན་ཁྲོམ་སྟོན་བྱེད་ཀྱིན་པའི་ངོ་རྒོལ་བ་ལྔ་སྟོང་ལྷག་གི་སྟེང་དྲག་པོའི་མཚོན་ཆས་བསྣུན་པས་མི69ཤི་བ་དང་མི180ལ་རྨས་སྐྱོན་བྱུང་ལ། མན་དྷི་ལ་ཡང་བཙོན་དུ་བཟུང་། འོན་ཀྱང་། རྗེས་སུ་ཁྲིམས་རའི་རྩོད་གླེང་སྐབས་སུ་མན་དྷི་ལས་རང་ཉིད་ལ་དག་འབུད་བྱས་པས་བཙོན་གྲོལ་ཐོབ།

སྤྱི་ལོ1961ལོར། མན་དྷི་ལ་ཡིས་ལས་མཚམས་འཇོག་པའི་ལས་འགུལ་གྱི་སྣེ་ཁྲིད་དེ་རིགས་རྒྱུད་དཀར་པོའི་རིང་ལུགས་ཀྱིས་བཙུགས་པའི་ཧྥེ་གླིང་ལྷོ་མ་སྤྱི་མཐུན་རྒྱལ་ཁབ་ལ་ངོ་རྒོལ་དང་བཀག་འགོག་བྱས་ཤིང་། མན་དྷི་ལས་དམག་དཔུང་བསྡུ་རུབ་བྱས་ཏེ་མིང་ལ"མི་རིགས་ཀྱི་རྣམ་ཤེས"ཟེར་བའི་དམག་དོན་རྩ་འཛུགས་ཤིག་སྒྲུབ་ནས་ཁོ་རང་ཉིད་ཀྱིས་དམག་དཔོན་གྱི་འགན་འཁུར་ཏེ། ལོ་དེའི་ཟླ12པའི་ཚེས16ཉིན་མི་རིགས་ཀྱི་རྣམ་ཤེས་ཚོགས་པས་སྲིད་གཞུང་གི་སྟེང་ལ་དྲག་པོའི་སྦྱོར་བ་ཐེངས་དང་པོ་བརྩམས། མན་དྷི་ལ་ལྐོག་ནས་ཕྱི་རྒྱལ་ལ་འཚམས་འདྲིར་སོང་ཞིང་ཧྥེ་གླིང་ལ་རྒོལ་བའི་རང་དབང་ལས་འགུལ་གྱི་ཚོགས་ཆེན་ལ་ཞུགས་ཤིང་། དམག་དོན་རྩ་འཛུགས་དེའི་འཐབ་རྩོད་ཀྱི་དམིགས་ཡུལ་ནི་ཧྥེ་གླིང་གི་དཔལ་འབྱོར་སྒྲིག་གཞི་ལ་གཏོར་བརླག་གཏོང་རྒྱུ་ཡིན་ལ་དེ་ལྟར་བྱས་ན་ཕྱོགས་གཅིག་ནས་ཤི་རྨས་མི་འབྱུང་བ་དང་ཕྱོགས་གཞན་ཞིག་ནས་དཔལ་འབྱོར་ཉམས་རྒུད་དུ་གྱུར་ན་སྲིད་གཞུང་གི་སྲིད་ཇུས་ལ་འགྱུར་ལྡོག་ཡོང་བར་རེ་བའི་དགོངས་བཞེད་ཡོད་པ་རེད།

སྤྱི་ལོ1962ལོའི་ཟླ8པར། ཨ་རིའི་གསང་བའི་ལས་ཁུངས་ཀྱི་རོགས་འདེགས་ལ་བརྟེན་ནས་ཧྥེ་གླིང་ལྷོ་མའི་རིགས་རྒྱུད་རིས་ཆད་སྲིད་དབང་གི་བཙོན་དུ་ཚུད། "ངན་སྐུལ"དང"ཁྲིམས་འགལ་ངང་ས་མཚམས་བརྒལ་བའི"ཉེས་མིང་བཏགས་ཏེ་ལོ་ལྔའི་ཁྲིམས་ཆད་ཕོག་ཅིང་། སྐབས་འདི་ནས་བཟུང་། མན་དྷི་ལས་ལོ་ངོ27རིང་གི་བཙོན་ཁང་གི་འཚོ་བ་རོལ་འགོ་ཚུགས་པ་རེད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-10-24

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།