ཡུལ་ཤུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཡུལ་ཤུལ།
དེང་སང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་མིང་།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
玉树藏族自治州
ཕྱི་ཡིག་གི་མིང་།
Yushu Autonomous Prefecture
གནས་ཡུལ།
མདོ་དབུས་མཐོ་སྒང་གི་གཙང་གསུམ་ས་ཁུལ།
ཞིང་ཆེན།
མཚོ་སྔོན།
སྲིད་འཛིན་ཁོངས་གཏོགས།
ཡུལ་ཤུལ་ཁུལ་སྐྱེ་རྒུ་གྲོང་རྡལ།
སྐད་རིགས།
ཁམས་སྐད།
མི་གྲངས།
403656(2016ལོར)
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ26.7
ནམ་ཟླ།
སྐམ་ས་ཆེན་པོའི་མཐོ་སྒང་ནམ་ཟླ།
1 ལོ་རྒྱུས་ཀྱི་བྱུང་འཕེལ་མདོར་བསྡུས།

ཡུལ་ཤུལ་ཞེས་པའི་བོད་ཀྱི་ཡུལ་མིང་འདི་རྒྱའི་སྐད་ཀྱི་འགྲེལ་ལོག་བརྒྱབ་པར་བརྟེན་བོད་ཡིག་ཀྱང་སྒྲ་བསྒྱུར་གྱིས་ཡུས་ཧྲུའུ་ཞེས་བྲིས་ཡོད་པ་ནི་མིང་གི་འབྱུང་ཁུངས་བོད་སྐད་ཡིན་པ་མ་ཤེས་པས་ལན་ཡིན་ལ། དོན་དུ་སྤྱི་ལོ་དུས་རབས་བཅུ་གཉིས་ནས་བྱུང་ཡོད་པའི་རུས་མིང་ཞིག་དང་ཡུལ་མིང་ཞིག་ཡིན་ནོ། 

དེང་སང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་མིང་ལ་ཡུས་ཧྲུས(玉树)ཞེས་རྒྱ་སྐད་ཇི་བཞིན་དུ་བཤད་མཁན་མང་པ་དང་། མི་ལ་ལས་མཱ་པུ་ཧྥང་གིས་དབང་བྱེད་དུས་བཙུགས་པའི[榆树]ཞེས་པའི་སྡོང་རྒན་ཆེན་པོ་ཞིག་ཡོད་པ་དེ་ལས་ཐོགས་ཟེར་བ་དང་། འགའ་ཞིག་གིས་སྤྱི་ལོ1950ལོའི་ཟླ1ཚེས2ཉིན། བླ་རྡོའམ་གཡང་ཊི་དང་གེ་སར་ལྕང་མ་གཉིས་ཀྱི་མིང་བསྡུས་ཏེ་ཡུས་ཧྲུས(玉树)ཞེས་པའི་རྒྱ་མིང་བཏགས་ཤིང་། ཡུས་ཧྲུས་ཞེས་པའི་རྒྱ་སྐད་ཀྱི་སྒྲ་ཉམས་ནས་གཟོད་ཡུལ་ཤུལ་ཞེས་པའི་མིང་འདི་བྱུང་བ་རེད་ཅེས་སྤྱི་ལོ་དུས་རབས་བཅུ་གཉིས་ཀྱི་སྨད་ནས་བྱུང་ཡོད་པའི་བོད་མིང་རྣལ་མ་འདི་ལོ་རྒྱུས་ཀྱི་ཤོག་ལྷེ་ངོས་ནས་གསུབ་ཨེ་ཐུབ་ལྟ་བཞིན་འདུག་ཀྱང(玉树二十五族)ཡུལ་ཤུལ་མགོ་བ་ཉེར་ལྔ་དང(玉树四族<司>)ཡུལ་ཤུལ་ཤོག་ཁ་བཞི་བསྒྲིགས(ཡུལ་ཤུལ་བེ་ཧུ་རུ་བ་དང་ལྗོངས་སྲིབ་རུ་བ། གཙང་རྒྱུད་རུ་བ། ཡག་ར་རུ་བ་བཅས་ཡིན)ཞེས་པ་སོགས་དེའི་གོང་གི་རྒྱའི་འབྲེལ་ཡོད་ཡིག་ཆ་ཁག་ཏུ་གསལ་ཞིང་། གོང་གི་བཤད་ཚུལ་འདི་རིགས་ནི་སྔོན་གྱི་ལོ་རྒྱུས་ལ་རྒྱུས་མངའ་མེད་པའམ་ཡང་ན་བསམ་བཞིན་དུ་བདེན་པའི་ངོ་བོ་འགེབས་པའི་ལས་ངོ་ཚ་འོས་པ་ཞིག་རེད། ཡུལ་ཤུལ་ཞེས་པའི་མིང་འདི་ཡུལ་ཤུལ་གྱི་སྡེ་སྟེ་དེང་སང་འབྲི་སྟོད་རྫོང་གི་མིང་ཁོ་ན་ལས་དེང་སང་ཁུལ་ཡོངས་ཀྱི་མིང་དུ་གྱུར་པའི་རྒྱ་མིང་ཡུས་ཧྲུས(玉树)གཉིས་དོན་གཅིག་མིན་ཟེར་བ་བའང་བདེན་པར་མ་མཐོང་སྟེ། སོག་རུ་དབང་དྲག་གི《སྒ་སྐྱ་ལོའི་ཡུལ་མིང་འཕོ་འགྱུར་ལ་དཔྱད་པའི་གཏམ་མཁས་པའི་མགུལ་རྒྱན》ལས། "ནང་ཆེན་ནི་སྟོང་སྡེའི་ཆོ་ལོ་ཡོད་པས་མ་གཞི་ནང་ཆེན་སོགས་ཐོ་ཟི་ཉེར་ལྔ་ཞེས་བརྗོད་ན་མིང་དོན་མཐུན་པ་ཡིན་མོད། 《དབུས་གཙང་ལོ་རྒྱུས》ནང་དུ་ཨ་རིག་ལ་སོགས་པའི་ཚོ་བ་ཞེས་དང་། 《ཟི་ལིང་མཁར་རབས》ནང་དུ་ཡུལ་ཤུལ་ལ་སོགས་པའི་བོད་རིགས་ཞེས་འཁོད་ཡོད། ཆིང་རྒྱལ་རབས་ཀྱི་ཏོ་ཀྭང་དང་ཤེན་ཧྥིང་ནས་བཟུང་། ཟི་ལིང་གི་ཡིག་ཚང་ནང་དུ། ཡུལ་ཤུལ་ཚོ་བ་ཉེར་ལྔ་ཞེས་ཐད་ཀར་མིང་ནས་འབོད་པར་མཐོང་། ཡུལ་ཤུལ་ནི་མ་གཞིར་ཚོ་བ་རྩ་ལྔའི་ནང་གསེས་ཤིག་རེད"ཅེས་འཁོད་པ་ལྟར།  ཆེས་ཐོག་མར་ལྡོང་གི་ཤུལ་ཆེན་བཅོ་བརྒྱད་ཀྱི་ཡ་གྱལ་ཡུལ་ཤུལ་གྱི་རུས་རྒྱུད་ཀྱིས་དབང་དུ་བྱས་པའི་ཕ་ཡུལ་ཤུལ་སྡེ་བ་ལ་གོ་ཞིང་། དེ་ནས་རིམ་གྱིས་མགོ་བ་ཉེར་ལྔ་དང་ཁུལ་མིང་དུ་གྱུར་པ་ཡིན་འདུག མ་ཟད་《ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཀྱི་ལོ་རྒྱུས་བསྡུས་དོན》(玉树藏族自治州概况)དུ། ཡུས་ཧྲུས་ཞེས་པ་ནི། བོད་ཡིག་གི་ཡུལ་ཤུལ་གྱི་སྒྲ་འགྱུར་བ་ལས་བྱུང་པ་དང་། གནས་ཤུལ་གྱི་ནང་དོན་ཡོད་ཅེས་པ་འདི་ནི་དཔྱད་གསུམ་རྣམ་པར་དག་པའི་གཏམ་དུ་འདོད་དེ། དེང་དུས་ཀྱང་ཡུལ་མི་རྣམས་ཀྱི་ཁ་ནས་“ཡུལ་ཤུལ་”ཞེས་པའི་མིང་འདི་དབུས་སྐད་ཇི་བཞིན་ཞབས་ཀྱུའི་སྒྲ་དག་པར་འོང་བས། ཧ་ལམ་རྒྱ་སྐད་ཀྱི玉树’ཟེར་བའི་སྒྲ་དང་ཉེ་བ་ཞིག་ཡོད། གཞན་ཡང་ཆིང་རྒྱལ་རབས་དུས་ཀྱི་རྒྱའི་ཡིག་ཆ་དག་ལ་བལྟས་ན།  ཐོག་མའི་ཡུལ་ཤུལ་གྱི་སྡེ་ཞེས་པ་ནས་རིམ་གྱིས་ཁུལ་མིང་དུ་འཕོ་འགྱུར་བྱུང་བའི་གོ་རིམ་ཞིག་ཀྱང་ཡོད་པར་སྣང་ཞིང་།  དེ优秀དང余树玉树ཞེས་པ་སོགས་སྒྲ་སྒྱུར་བྱེད་ལུགས་ཅི་རིགས་ཤིག་བྱུང་ཡོད་པས་དཔོག་ནུས། འོ་ན་ཡུལ་ཤུལ་ཞེས་པའི་མིང་འདི་ཇི་ལྟར་ཐོགས་པ་ཡིན་ཞེས་ན། རྗེ་བཀའ་འགྱུར་པས། ཡུལ་ཤུལ་ཞེས་པའི་མིང་ཐོགས་དོན་ནི་གནས་འདིའི་ཁོར་ཡུག་གི་ཡུལ་ལྗོངས་ཚོགས་རྣམས་གཡུ་ཡི་གཞོང་པ་ལྟར་ཀུན་གྱི་མིག་ལ་མངོན་པ་དགའ་བའི་དཔལ་སྟེར་བས་ན་གཡུ་གཞོང་ཞེས་གྲགས་པ་ལ་རྗེས་སུ་རིམ་བཞིན་ཡུལ་ཤུལ་ཞེས་མིང་འགྱུར་བ་ཡིན་པའི་བཤད་སྲོལ་གཅིག་དང་། ཡང་སྔར་མདོ་ཁམས་ཀྱི་ཡུལ་འདི་གླིང་གེ་སར་རྒྱལ་པོས་བཟུང་པའི་དུས་སུ་ས་འདིར་སྐྱ་ལོ་སེང་ལྕམ་འབྲུག་མོའི་ཕ་མིང་སྒ་སྐྱ་ལོ་ཕྱུག་གི་སྡེ་བ་ཆགས་ཡོད་པ་ལ། རྗེས་སུ་འབྲུག་མོའི་ཕ་མིང་སྒ་སྐྱ་ལོའི་ཡུལ་སྡེ་སྟོང་པའི་ཤུལ་ཨ་རྒྱལ་མགོན་པོས་བཟུང་པར་ཡུལ་ཤུལ་ཞེས་པའི་མིང་འདི་བྱུང་བ་ཡིན་ཞེས་པའི་བཤད་སྲོལ་ཁག་གཉིས་དགོན་སར་བླ་བྲང་གི་ལོ་རྒྱུས་སོགས་སུ་སྔར་མཐོང་མྱོང་ཞེས་གསུངས་པ་ལས་མིང་ཐོགས་ཚུལ་སྔ་མ་འདི་ཡིད་རྟོན་རུང་པར་འདོད་དེ།  དགོན་སར་དགོན་ཡུལ་ཤུལ་དགོན་ཁག་གསུམ་ལས་འདེབས་འཕྱི་ཤོས་ཡིན་ཡང་འབའ་རོམ་དར་མ་དབང་ཕྱུག་གི་དངོས་སློབ་དྲུང་ཆོས་རྗེ་ཚུལ་ཁྲིམས་འབུམ་པས་ཕྱག་བཏབ་ནས་ད་ལྟའི་བར་ལོ་ངོ་བརྒྱད་བརྒྱ་བདུན་ཅུ་ལྷག་སོང་ཟིན་པ་དང་། ཆོས་རྗེ་ཧུ་ཐོག་ཐུ་སྐུ་ཕྲེང་རིམ་བྱོན་གྱི་གདན་སར་སོང་གཤིས་ཡུལ་ཤུལ་སྡེ་པའི་ལུགས་གཉིས་ཀྱི་ལྟེ་གནས་སུ་གྱུར་ཡོད་པ་མ་ཟད། བླ་བྲང་ལོ་རྒྱུས་ཀྱི་མགོ་ཁུངས་དང་ཡུལ་ཤུལ་དཔོན་རབས་དང་པོ་དང་དུས་མཉམ་པ་ཡིན་ལ། བླ་བྲང་གི་ལོ་རྒྱུས་སོགས་ཞེས་པ་ལས་དུས་ཟིང་སྐབས་མེར་་བསྲེགས་པའི《ཕ་ཡུལ་ཤུལ་བསྐལ་པ་ས་ཆགས་་ཀྱི་ལོ་རྒྱུས》གྲགས་པ་དེའང་འདུས་ཡོད་ངེས་པས་དོན་དངོས་དང་མཐུན་ཆེ་པར་སེམས། བཤད་སྲོལ་ཕྱི་མ་འདིའང་སྤྱི་ཚོགས་རྙིང་མའི་དུས་ནས་ཕ་ཡུལ་ཤུལ་ས་ཁུལ་དུ་ཅུང་ཟད་གྲགས་ཆེ་ཞིང་། 《ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཀྱི་ལོ་རྒྱུས་བསྡུས་དོན》(玉树藏族自治州概况)ཞེས་པར། “བཤད་སྲོལ་ལྟར་ན་ཡུལ་ཤུལ་ཚོ་བའི་མགོ་བ་ཐོག་མ་མཁན་པོ་སྣ་ཆེན་གྱིས(ཁྲིན་ཆན་དབྱིན་གྱིས་མཛད་པའི《ཀྲུང་གོའི་བོད་ཀྱི་ཚོ་བ》 ཞེས་པར་དུའང་འདི་ལྟར་བཀོད་ཡོད་ཀྱང་། དོན་དུ་ཡུལ་ཤུལ་དཔོན་རབས་དང་པོ་ཡུལ་ཤུལ་ཨ་རྒྱལ་མགོན་པོའི་སྲས་ཐ་ཆུང་ཡིན་ཞིང་། ཡུལ་ཤུལ་མཁན་པོ་སྣ་ཆེན་ཞེས་པ་འདི་ནི། སྣ་བོ་ནི་གཙོ་བོའི་དོན་དང་སྣ་ཆེན་ནི་གཙོ་བོ་ཆེན་པོའམ་རྗེ་བོའི་དོན་ཡིན་པར་སྣང་། འབྲུག་ཁམས་སྤྲུལ་གྱི་རྣམ་ཐར་ལས་ཡུལ་ཤུལ་འཕན་པོ་སྣ་ཆེན་ཞེས་ཀྱང་གསུངས་ཡོད)བཙུགས་པའི་ཚོ་བའི་ས་ཁུལ་ནི་གླིང་གེ་སར་གྱི་བཙུན་མོ་འབྲུག་མོའི་འཁྲུངས་ཡུལ་ཡིན་སྟབས། ཡུལ་ཤུལ་ཞེས་ཐོགས་ཅེས་འཁོད་ཡོད་པ་སོགས་དེང་སང་ས་གནས་ལོ་རྒྱུས་འབྲི་མཁན་རྣམས་ཀྱིས་མཐའ་གཅིག་ཏུ་ཁས་ལེན་པ་ཞིག་ཀྱང་རེད།  འདི་ལ་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་《བེེ་སེར》ལས། ཡུལ་ཤུལ་ཤ་ར་དགོན་ནི། དཀོན་ཅོག་གྲགས་པས་བཏབ་ཅེས་དང་།  བསྐྱར་འབྲི་གནང་དུས་ཡུལ་ཤུལ་དགོན་ཁག་གསུམ་གའི་སྔོན་དུ་ཡུལ་ཤུལ་སྦྱར་ཡོད་པ་དང་། སུམ་པ་ཡེ་ཤེས་དཔལ་འབྱོར་གྱི《ཆོས་འབྱུང་དཔག་བསམ་ལྗོན་བཟང》དུ་ཡུལ་ཤུལ་ཤྭ་རུ་དགོན་ཞེས་གསུངས་ཡོད། གཞན་ཡང་བོད་ཀྱི་རྟོགས་བརྗོད་རྩོམ་རིག་གྲགས་ཅན《མི་དབང་རྟོགས་བརྗོད》དུ། ཡུལ་ཤུལ་གྱི་སྡེ་ནས་གོང་མའི་གསེར་ཡིག་པ་ཏཱ་བླ་མ་ཞང་ཁཱ་སོགས་ལ་རྒོལ་བར་བྱས་ཏེ་ཤུལ་ལམ་དུ་ཅི་བདེར་རྒྱུར་མི་སྟེར་བའི་མཐོ་འཚམས་པར་བྱས་སོ།།ཞེས་དང་། ནགས་ཤོད། ཡུལ་ཤུལ། ཧོར་ཁ་བཞི། འབྲོང་པ་སྟོད་སྨད། རྡོ་ཤུལ། ཁྱུང་པོ་དཀར་ནག་སེར་གསུམ་སོགས་མི་ཁྱིམ་ཁྲི་ཕྲག་གཉིས་བརྒལ་བ་ཞེས་བྱུང་པ་སོགས་ཀྱིས་མཚོན་སྔོན་བྱོན་མཁས་པའི་གསུང་གི་ཁྲོད་དུ་ཡུལ་ཤུལ་ཞེས་བོད་ཀྱི་ཡུལ་མིང་རྣལ་མ་འདི་མང་དུ་མཐོང་རྒྱུ་ཡོད།

སུམ་པ་འབྲི་རྒྱལ་གྱི་སྲིད་དབང་འཐོར་ཞིག་ཏུ་སོང་རྗེས། མདོ་དབུས་སོག་ལམ་མམ་བྱང་ལམ་དུ་འཚོ་ཞིང་གནས་པའི་ཡུལ་འདིར་དགྲ་ཇག་གི་འཚེ་བ་མང་པ་དང་། གནམ་གཤིས་རྒོད་པས་རི་དྭགས་དང་འབྲོག་ལས་གཉེར་པའི་སྡེ་པ་ཆུང་ཆུང་ཞིག་ལས་མེད་པས་ཁམས་ཀྱི་ཡུལ་དབུས་སུ་བགྲང་རྒྱུ་མེད་པར་ཆགས་ཡོད། དེའི་ཕྱིར་བོད་ཁམས་ཡོངས་ལ་གྲགས་པ་མེད་ཅིང་། རྒྱལ་བ་པཎ་ཆེན་རྣམ་གཉིས་ལྟ་བུའི་མཁས་གྲུབ་ཆེན་པོ་དག་བྱང་ལམ་བརྒྱུད་དེ་མདོ་སྨད་དང་རྒྱལ་ནང་དུ་ཕེབས་སྐབས། ལོ་རྒྱུས་ཟིན་བྲིས་པ་རྣམས་ཀྱིས་སྒྲ་ཇི་བཞིན་ཡུ་ཤུལ་ཞེས་དོན་ལ་རྟོགས་དཔྱོད་ཞིབ་མོར་མ་མཛད་པ་བྲིས་པར་སྣང་ཞིང་། དེ་ཡང《རྒྱལ་མཆོག་བསྐལ་བཟང་རྒྱལ་མཚོའི་རྣམ་ཐར་དཔག་བསམ་རིན་པོ་ཆེའི་སྙེ་མ》ལས། ཡུ་ཤུལ་དཔོན། བོ་དོ་མོང་གོ་ཅན། མེར་གན་ནོ་ཡོན།ཞེས་བྱུང་པ་དང་།  པཎ་ཆེན་ཐམས་ཅད་མཁྱེན་པ་དཔལ་ལྡན་ཡེ་ཤེས་ཀྱི་རྣམ་ཐར་ལས། དེའི་ཕྱི་ཉིན་སྦལ་བ་ཀླུ་ཡུལ་དུ་ཚ་ཞག་སྦྲགས་མ་མཛད། དེར་ཡུ་ཤུལ་དཔོན་པོ་རྒྱ་མཚོ་ཆིབས་བསུར་འོངས་པ་དང་ཞེས་དང་། ཡུ་ཤུལ་སྨད་པའི་དཔོན་མགོན་པོ་དབང་རྒྱལ་ཡུལ་ཤུལ་དཔོན་རབས་བཅུ་བདུན་པའི་མཆེད་ཡིན་ཞེས་པ་སོགས་བྱུང་ཡོད་དོ། །དེ་ལས་གཞན《འཛམ་གླིང་སྤྱི་བཤད་ངོ་མཚར་མེ་ལོང》དུ། བར་ཁམས་སུ་སྟོད་ནས་མར་ལ་ཧོར་དང་སྤེ་དགེ་བི་རི་ལྕགས་མོ་ཡུའུ་ཤུ་ཚ་ཁོ་འཇོ་རྒེ་ཨ་མཚོ་ཨ་རིག་སོགས་ཡོད་དོ་ཞེས་པ་ལས་ཀྱང་ཡུའུ་ཤུ་ཞེས་པ་ནི་ཡུལ་ཤུལ་གྱི་སྒྲ་ཡིན་པ་བར་ཁམས་ཀྱི་ཡུལ་གྲུའི་སོ་སོའི་མིང་གོ་རིམ་བཞིན་བྱུང་པས་རྟོགས་སླ། ལར་དེབ་འདི་བྲིས་མ་ལས་ལག་སོན་མ་བྱུང་སྟབས་ཡི་གེ་མི་གསལ་བའི་སྐྱོན་མང་དུ་ཐོན་ནས་ཅི་ཡིན་ཁ་མཚོན་གཅོད་དཀའ་བ་ཞིག་འདུག

མདོར་ན་འབའ་རོམ་དར་མ་དབང་ཕྱུག་གི་དངོས་སློབ་དྲུང་ཆོས་རྗེ་ཚུལ་ཁྲིམས་འབུམ་པའི་སྐུ་དུས་སུ་ཨ་རྒྱལ་མགོན་པོ་ཞེས་པས་སུམ་པ་འབྲི་རྒྱལ་གྱི་ཡུལ་སྡེ་སྟོང་བའི་ཤུལ་ལམ་ཡང་ན། གླིང་སྒྲུང་ལས་བཤད་པའི་སྒ་སྐྱ་ལོའི་ཡུལ་སྡེ་སྟོང་བའི་ཤུལ་དུ་རང་གི་སྡེ་སྲིད་བཙུགས་ཤིང་། དེ་ནས་བཟུང་དཔོན་གྱི་མིང་ལ་ཡུལ་ཤུལ་ཨ་རྒྱལ་མགོན་པོ་དང་། སྡེ་བའི་མིང་ལ་ཡུལ་ཤུལ་ཟེར། 《ཕ་ཡུལ་ཤུལ་གྱི་ལོ་རྒྱུས་གཙང་ཆེན་འབྲི་ཀླུང་སྔོན་མོའི་རླབས་སྒྲར》ཡུལ་ཤུལ་ཨ་རྒྱལ་མགོན་པོ་དེ་ཉིད་ཉ་མཚོ་སྡེ་བའི་དཔོན་དང་རབ་ཤིས་སྡེ་བའི་དཔོན། དགེ་རྒྱལ་སྡེ་བའི་དཔོན་གསུམ་གྱི་ཕ་ཡབ་ཡིན་པའི་ཆ་ནས་ཡུལ་ཤུལ་ཚང་ལ་ཕ་ཡུལ་ཤུལ་ཞེས་སྡེ་ཁག་དེ་གསུམ་ནས་ཐོག་མར་འབོད་ཅིང་། རིམ་གྱིས་ཡུལ་ཤུལ་སྡེ་བ་ལ་ཕ་ཡུལ་ཤུལ་ཅེས་ཕྱི་སྡེ་ཀུན་གྱིས་བསྙད་དོ། །ཞེས་པ་ལས།  ཡུལ་ཤུལ་ཨ་རྒྱལ་མགོན་པོ་འདས་ཁར་ཁོང་གི་མངའ་ཁོངས་བུ་དག་དང་བློན་པོ་དྲིན་ཆེ་བ་རྣམས་ལ་བགོས་ཤིང་། ཁྱིམ་རྒྱུད་འཛིན་མཁན་དང་ཕྱི་སྡེ་སྐྱོང་མཁན་གྱི་དབྱེ་བ་བྱུང་པ་ནས།  བོད་ད་ང་བོད་ཆེན་པོ། ཙོང་ཁ་དང་ཙོང་ཁ་ཆེན་པོ་ཞེས་པའི་བོད་ཀྱི་ཡུལ་མིང་ཐོགས་སྲོལ་གྱི་འགྲོས་བཞིན་ཕྱིའི་མངའ་ཁོངས་ལ་ཡུལ་ཤུལ་དང་།  ཁྱིམ་རྒྱུད་འཛིན་མཁན་གྱི་འབངས་སྡེ་ཙམ་ལ་ཕ་ཡུལ་ཤུལ་ཞེས་ཐོགས་པར་ཡིན་འདུག་ཅིང་། དེའི་རྗེས་གོང་ནས་བཤད་པ་ལྟར་རིམ་གྱིས་ཁུལ་མིང་དུ་གྱུར་པ་རེད།



སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-10-23

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།