གདོང་ཚང་གསུང་རབ་རྟེན་མཛོད་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གདོང་ཚང་གསུང་རབ་རྟེན་མཛོད་ཁང་།
སྨུག་པོ་གདོང་ཚང་ངམ། མིང་གཞན་གདོང་གསེར་འཕྲུ་ཚང་དང་། ད་ལྟ་ཡོངས་གྲགས་སུ་གདོང་ཚང་ཟེར་ཞིང་། ཁྱིམ་རྒྱུད་དེས་ལོ་ངོ་སྟོང་ལྷག་གི་ལོ་རྒྱུས་རིང་མོར་ཡོད་ཚད་ཆོས་དང་རིག་གཞུང་ལ་གཏོང་བའི་སྙིང་སྟོབས་ཀྱིས། མི་རབས་ནས་མི་རབས་ལ་གསར་གཞེངས་དང་རྒྱུད་འཛིན་བྱས་པའི་གདོང་ཚང་རྒྱལ་བའི་གསུང་རབ་ཀྱིས་གཙོས་པའི་རྩ་ཆེའི་ནང་རྟེན་རྣམས་ཀྱིས་གྲུབ་པའི་ཁྱིམ་ཚང་གི་རྟེན་མཛོད་ཁང་ཞིག་ཡིན། 
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
东仓大藏经
མི་རིགས།
བོད་རིགས།
འབྲེལ་ཡོད་མི་སྣ།
གེ་སར་རྒྱལ་པོ།
1 ​གནས་ཚུལ་མདོར་བསྡུས།

གདོང་ཚང་གསུང་རབ་རྟེན་མཛོད་ཁང་ནི། སྨུག་པོ་གདོང་ཚང་ངམ། མིང་གཞན་གདོང་གསེར་འཕྲུ་ཚང་དང་། ད་ལྟ་ཡོངས་གྲགས་སུ་གདོང་ཚང་ཟེར་ཞིང་། ཁྱིམ་རྒྱུད་དེས་ལོ་ངོ་སྟོང་ལྷག་གི་ལོ་རྒྱུས་རིང་མོར་ཡོད་ཚད་ཆོས་དང་རིག་གཞུང་ལ་གཏོང་བའི་སྙིང་སྟོབས་ཀྱིས། མི་རབས་ནས་མི་རབས་ལ་གསར་གཞེངས་དང་རྒྱུད་འཛིན་བྱས་པའི་གདོང་ཚང་རྒྱལ་བའི་གསུང་རབ་ཀྱིས་གཙོས་པའི་རྩ་ཆེའི་ནང་རྟེན་རྣམས་ཀྱིས་གྲུབ་པའི་ཁྱིམ་ཚང་གི་རྟེན་མཛོད་ཁང་ཞིག་ཡིན། སྨུག་པོ་གདོང་ཚང་ནི། བོད་ཀྱི་རུས་ཆེན་བཞིའི་ནང་ཚན་ལྡོང་ལས་ཆད་པ་ཡིན་ཞིང་། ལྡོང་ལས་ཆད་པའི་ཁྱིམ་ཚང་དེ་རི་གདོང་སྨུག་པོ་ལ་ཡི་གེ་ཨ་དཀར་པོའི་རང་བྱུང་ཡོད་པ་ཞིག་གི་འདབས་སུ་གཞིས་བཟུང་ནས་བསྡད་པས་སྨུག་པོ་གདོང་ཚང་དུ་གྲགས། དུས་རབས་དྲུག་པའི་སྔོན་སུམ་པ་རྒྱལ་ཕྲན་གྱི་སྐབས་ནས་དར་རྒྱས་ཆེ་བའི་ཁྱིམ་ཚང་ཞིག་ཡིན་ལ། དེ་ནས་བོད་རྒྱལ་སྲོང་བཙན་གྱིས་མདོ་དབུས་ཁམས་གསུམ་དབང་བསྒྱུར་བྱས་ཏེ་སུམ་པའང་དབང་དུ་བསྡུས། ཐང་གོང་མ་དང་གཉེན་ཉེའི་འབྲེལ་བ་བཙུགས། རྒྱ་བཟའ་ཀོང་ཇོ་ཐང་གི་རྒྱལ་ས་ཁྲང་ཨན་ནས་ལམ་ལ་ཞུགས་ཏེ་དབུས་ལ་ཕེབས་སྐབས་གོང་མ་བཙན་པོའི་བཀའ་བཞིན། གདོང་ཚང་གིས་མི་རྟ་བརྒྱ་ཕྲག་ཁ་ཤས་བཏང་སྟེ་མཚོ་སྐྱ་རིང་སྔོ་རིང་ནས་བསུ་མ་ཞུས། རྒྱ་བཟའ་ཀོང་ཇོས་ཀྱང་སྨུག་པོ་གདོང་ཚང་ལ་ཆོས་འཁོར་རྒྱ་ནག་མ་ཆ་གཅིག་དང་། པདྨ་ར་གའི་མཆོད་རྟེན་ལ་ཞི་བདེ་ཞེས་པའི་རྒྱ་ཡིག་ཡོད་པ་བཅས་གནང་བ་ད་ལྟའང་སྨུག་པོ་གདོང་ཚང་གི་ནང་རྟེན་དུ་བཞུགས། 


བོད་སིལ་བུའི་སྐབས་མདོ་དབུས་མཐོ་སྒང་འདིར་འཛམ་གླིང་ལ་ཡོངས་སུ་གྲགས་པའི་གླིང་གེ་སར་གྱི་ལོ་རྒྱུས་བྱུང་ཞིང་། གླིང་རྗེ་གེ་སར་གྱིས་གཙོས་གླིང་ཆེ་རྒྱུད། ཆུང་རྒྱུད། འབྲིང་རྒྱུད་ཀྱི་རྒྱུད་པ་གསུམ་ཆར་སྨུག་པོ་གདོང་ཚང་ནས་ཆད་པ་ཡིན་ཞིང་། གླིང་གེ་སར་གྱི་སྐབས་གདོང་ཚང་གི་རྩ་བའི་ཁྱིམ་འཛིན་གདོང་བེ་རུ་ཉི་མ་རྒྱལ་མཚན་ཡིན་པ་དང་། ཁོང་གིས་གླིང་གི་ཕ་ཟོག་ནོར་བུ་ཆ་བདུན་ལས་ཕ་འབུམ་པོ་ཏི་བཅུ་གཉིས་ཀྱིས་གཙོས་པའི་སྨུག་པོ་གདོང་ཚང་གི་རིག་མཛོད་ཀྱི་རྨང་གཞི་བཙུགས། ཕྱིས་སུ་གདོང་ཚང་གི་མི་རབས་རྣམས་ཀྱིས་ཡོད་ཚད་ཆོས་དང་རིག་གཞུང་ལ་གཏོང་བའི་སྙིང་སྟོབས་དང་ཆོད་སེམས་ཆེན་པོས་ཁ་སྐོང་བྱས་ནས་དབུས་ཀྱི་བྲིས་མཁན་གྲགས་ཅན་རྣམས་ཀྱིས་གཙོ་བོ་བྱས་ཏེ། ཤོག་ནག་དང་འཐིང་ཤོག་སོགས་ལ་གསེར་དངུལ་ལ་སོགས་པའི་རིན་པོ་ཆེས་འབུམ་དང་། རྒྱུད་འབུམ། འདུལ་བ། མདོ་སྡེ། རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར་གྱིས་གཙོས་པའི་གསུང་རབ་རྒྱ་ཆེན་པོ་བཞེངས།

གསུང་རབ་ལས་གཞན་རྒྱ་བཟའ་ཀོང་ཇོའི་གནང་བའི་པདྨ་ར་གའི་མཆོད་རྟེན། ཆོས་འཁོར་རྒྱ་ནག་མ་ཆ་གཅིག ལོ་རྒྱུས་ཧ་ཅང་རིང་ལ་སྤུས་ཚད་ཁྱད་དུ་འཕགས་པའི་སྐུ་དང་ཐང་ག་གྲངས་མང་། མདའ་གཞུ་དང་། རལ་གྲི་སོགས་གླིང་གི་ལོ་རྒྱུས་དང་འབྲེལ་བའི་ཅ་དངོས་སོགས་ཧ་ཅང་མང་། 

དེ་ལྟར་ལོ་རྒྱུས་ཧ་ཅང་རིང་བའི་རྒྱུད་རིམ་ཁྲོད་གདོང་ཚང་གིས་གནས་གཞིས་ཁ་ཤས་བརྒྱུད་ཀྱང་། ལོ་ངོ་ཆིག་སྟོང་མ་ཟིན་ཙམ་དུ་མི་རབས་ནས་མི་རབས་ལ་གཞིས་ཆགས་ས་དུད་མིང་ས་རུ་ཐོགས་པ་ད་ལྟ་གདོང་རུ་སྒལ་ཞེས་འབོད་པ། ནང་ཆེན་ཤོར་འདའ་གྲོང་བརྡལ་ནས་ལྷོ་ཕྱོགས་སྤྱི་ལེ20ལྷག་ཙམ་གྱི་མཚམས་སུ་ཡོད། དེ་ནི་ཁམས་པ་སྟོད་ཀྱི་ས་ཡི་དཀྱིལ་སྙིང་ཡིན་ཞིང་། ཐང་བོད་སོགས་ཀྱི་འབྲེལ་བའི་གནའ་ལམ་ཆེན་མོ་དང་། མདོ་དབུས་ཁམས་གསུམ་གྱི་འབྲེལ་མཚམས། ལོ་རྒྱུས་རིམ་པའི་ནང་ཆེན་རྒྱལ་རབས་རིམ་བྱོན་གྱི་སྲིད་འཛིན་གདན་ས་སྐུ་འབུམ་དང་། གསང་རྫོང་ནོར་བུ་ལྷ་རྩེ་བཅས་ཐགས་ཉེའི་གཡས་གཡོན་དུ་ཡོད་ལ། ཡར་ལ་མཐོ་ན་འབྲོག་ས་ཕུན་སུམ་ཚོགས་པ། མར་ལ་དམའ་ན་ཞིང་ས་ཕུན་སུམ་ཚོགས་པ་ཡིན་ཞིང་། སྨུག་པོ་གདོང་ཚང་གིས་ཀྱང་ཞིང་འབྲོག་གཉིས་ཀའི་ཐོན་ལས་དང་། དམིགས་གསལ་གྱི་ཚྭ་ཞིང་དང་། དར་རྩེ་མདོ་ལ་ཇ་ཞིང་སོགས་བཟོ་ལས་དང་། གཞན་པའི་འབྲུ་རིགས། སྤུ་རིགས། མར་ཆུར་སོགས་རང་གི་ཞིང་འབྲོག་གི་ཐོན་རྫས་དང་། ཇ་དང་རིན་ཆེན་དར་ཟབ་སོགས་གཞན་པའི་ཐོན་རྫས་རྣམས་བརྗེ་རེས་དང་། ཉོ་ཚོང་བྱེད་པའི་ཚོང་ལས་ཧ་ཅང་རྒྱ་ཆེ་ཞིང་། གཙོ་བོ་མདོ་འགྲོན་ཞེས་དར་རྩེ་མདོ་བརྒྱུད་རྒྱ་ནག་ལ་འགྲོ་མིའི་ཚོང་ལས་ཀྱི་སྡེ་ཁག་དང་། དབུས་འགྲོན་ཞེས་དབུས་ལྷ་ལྡན་བརྒྱུད་བལ་བོ་དང་རྒྱ་གར་བཅས་ལ་འགྲོ་མི་སྟེ་སྡེ་ཁག་ཆེན་པོ་གཉིས་ཡོད་ཅིང་། རེ་རེ་ལ་དྲིལ་སྟོང་ཁ་མ་ལོང་བ་ཙམ་དང་། ལག་དོ་བ་བརྒྱ་ཕྲག་ཁ་ཤས་ཡོད། 

དེ་འདྲའི་གཞི་རྒྱ་ཆེ་བའི་ཞིང་འབྲོག་གི་ལས་ཀ་དང་། བཟོ་ལས། ཚོང་ལས་བཅས་ཀྱི་ཡོང་འབབ། དགོན་སྡེ་རྣམས་ལ་མཆོད་འབུལ་དང་ཞབས་ཞུ། སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་བཅས་ཆོས་དང་རིག་གནས། ཟམ་པ་དང་གྲུ་འཛུགས་པ་སོགས་སྤྱི་ཚོགས་དགེ་ལས་བཅས་ལ་གཏོང་བས་ན། ལོ་རྒྱུས་ཀྱི་ཁུག་སོ་རེ་རེ་ནས་དཔོན་ཆེན་དང་བླ་ཆེན་ཐམས་ཅད་ཀྱིས་བརྩི་བཀུར་བླ་ན་མེད་པ་ཐོབ་ཅིང་། ས་སྐྱའི་དུས་རབས་སུ་འགྲོ་མགོན་ཆོས་རྒྱལ་འཕགས་པ་དབུས་ནས་རྒྱ་ལ་ཕེབས་པའི་ལམ་བར་ནས་གདོང་ཚང་ལ་བྱོན་ཞིང་རྟེན་གསུམ་ལ་རབ་གནས་དང་། རྡོ་དཀར་རིལ་ལ་མ་ཎི་ཡིག་དྲུག་དང་ལྷ་སྐུ་བརྐོས་པ་སོགས་དང་ཤིས་ཚིག་བཅས་གནང་བ་མ་ཟད། གསེར་འཕྲུའི་ཐོབ་ཐང་གནང་། དེ་ནས་བཟུང་དུས་འགྱུར་མ་སོང་བར་གདོང་ཚང་གི་ལྷ་ཁང་གི་ཐོག་ཏུ་གསེར་འཕྲུ་ཡོད་ཅིང་། གདོང་གསེར་འཕྲུ་ཚང་ཞེས་ཡོངས་སུ་གྲགས་ལ། ད་ལྟའང་ཡུལ་མི་རྣམས་ཀྱིས་དེ་ལྟར་འབོད། གདོང་ཚང་གི་བུ་མོ་ནང་ཆེན་རྒྱལ་པོས་བཙུན་མོར་བསུས་པ་དང་། ནང་ཆེན་རྒྱལ་པོས་གདོང་ཚང་གི་བུ་ཁམས་པ་སྤྲུལ་སྐུ་ལ་ཕུལ་བ་སོགས་ཀྱིས་མཚོན་ནང་ཆེན་རྒྱལ་རབས་རིམ་བྱོན་དང་འབྲེལ་བ་ཧ་ཅང་ཟབ། 

རིག་གནས་གསར་བརྗེའི་སྐབས་ཉམས་རྒུད་ཚབས་ཆེན་ཐེབས་ཅིང་ལོ་ངོ་སྟོང་ཕྲག་ལྷག་གི་རིང་ལ་རྒྱུད་འཛིན་དང་དར་སྤེལ་བྱས་ནས་འོང་བའི་རྩ་ཆེའི་རིག་དངོས། སྐུ་གསུང་ཐུགས་རྟེན་གྱི་སྐོར། ལོ་རྒྱུས་ཀྱི་ཚབ་མཚོན་རང་བཞིན་གྱི་ཅ་དངོས་ཀྱི་སྐོར། གཟི་བྱུར་ལ་སོགས་པའི་རིན་པོ་ཆེའི་སྐོར་སོགས་ཕལ་ཆེ་བ་མེད་པར་གྱུར་ནའང་། ཉེན་ཁ་དེ་ལྟ་བུའི་ཁྲོད་སྲུང་སྐྱོབ་ཐུབ་ནས་ད་ལྟ་བཞུགས་པ་གཙོ་ཆེར་གསུང་རབ་ཀྱི་སྐོར་པོད600ལྷག་ཙམ་ཡོད། 

དུས་རབས20པའི་ལོ་རབས80པར་ཆོས་དད་རང་མོས་ཀྱི་སྲིད་ཇུས་དར་སྐབས། སྦས་སྐུང་བྱས་པའི་གསེར་བྲིས་གསུང་རབ་གཙོས་པའི་རིག་དངོས་ལྷག་མ་རྣམས། ལོ་བཅུ་ཕྲག་ཁ་ཤས་ཀྱི་རིང་ལ། གླེགས་ཤིང་དང་། གླེགས་ཐགས། གདོང་དར་སོགས་ཡར་མར་བླངས་ནས་དཀྲུགས་པས་ཉམས་རྒུད་ཚབས་ཆེན་ཐེབས་པ་དེ་རྣམས་ལྡེབ་རེ་རེ་ནས་བསྒྲིགས་ཏེ་ཐལ་བ་སྤུར་བ་དང་ཕྱི་བ་བྱས་ཏེ། ཚགས་སྒྲིག་པ། གླེགས་ཤིང་གླེགས་ཐགས་སོགས་ཕུལ་བ་བཅས་ཀྱིས་མྱུ1990ནང་གདོང་ཚང་གི་རིག་དངོས་ཡང་བསྐྱར་སྙན་གྲགས་རྒྱས་པའི་མགོ་བརྩམས། དེ་སྐབས་རིན་ཐང་བྲལ་བའི་རིག་དངོས་རྐུ་ལ་ཤོར་བའི་གནས་ཚུལ་བྱུང་བ་དང་། ཁྱིམ་ཚང་གི་བདེ་འཇགས་ལའང་དངངས་སྐྲག་ཚབས་ཆེན་བྱུང་། དེས་རྐྱེན་གྱིས་ཡུལ་ཤུལ་ཁུལ་མི་དམངས་སྲིད་གཞུང་གི་རོག་སྐྱོར་འོག་སྤྱི་ལོ1995ལོར། མི་རབས་ནས་མི་རབས་ལ་གཞིས་ཆགས་སའི་གདོང་རུ་སྒལ་ནས་ཡུལ་ཤུལ་གྲོང་ཁྱེར་དུ་གནས་སྤོ་བྱས། སྤྱི་ལོ2003ལོའི་ཟླ་བ10བའི་ནང་། ཏང་ཀྲུང་དབྱངས་སྤྱི་ཁྱབ་ཧྲུའུ་ཅི་ཧོ་ཅན་ཐོས་རྒྱལ་ནང་གནས་ཚུལ་གསར་སྤེལ། ཨང3593ནང་གདོང་ཚང་གི་རིག་དངོས་སྲུང་སྐྱོབ་ཐད་ལ་གལ་ཆེའི་མཛུབ་སྟོན་གནང་བ་དང་། སྤྱི་ལོ2006ལོར་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཇ་ཆིན་ལེས། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའུ་མགོ་གཙོ་སྤྲོ་ལི་ཅིས། ཞིང་ཆེན་སྲིད་གཞུང་གི་མགོ་གཙོ་སྲོང་ཤོས་ཡན་རྣམས་ཀྱིས་ཀྱང་རྒྱལ་ནང་གནས་ཚུལ་གསར་སྤེལ། ཨང3430ནང་གདོང་ཚང་གི་རིག་དངོས་སྲུང་སྐྱོབ་ཐད་ལ་གལ་ཆེའི་མཛུབ་སྟོན་གནང་བ་མ་ཟད། རྒྱལ་ཁབ་གསར་འགྱུར་པར་བསྐྲུན་ལས་ཁུང་དང་། རྒྱལ་ཁབ་རིག་དངོས་ཅུའུ་ཡི་འགོ་ཁྲིད། མཚོ་སྔོན་ཞིང་ཆེན་དང་ཞིང་ཆེན་སྲིད་གྲོས་ཀྱི་མགོ་ཁྲིད་རྣམས་ཡུལ་དངོས་ལ་ལྟ་ཞིབ་ཏུ་གྲངས་མང་པོར་ཕེབས། སྤྱི་ལོ2008ལོར་རྒྱལ་ཁབ་ཀྱིས་མ་དངུལ་བཏང་སྟེ་གདོང་ཚང་རྒྱལ་བའི་གསུང་རབ་གཅེས་སྐྱོང་ཁང་བཞེངས་པའི་མགོ་གཙུགས་ཤིང་། སྤྱི་ལོ༢༠༡༠ལོར་ཡུལ་ཤུལ་ས་ཡོམ་གྱི་རྗེས་གསུང་རབ་གཅེས་སྐྱོང་ཁང་དེའི་ནང་དུ་སྤོས་ཤིང་སྲུང་སྐྱོབ་བྱས། སྤྱི་ལོ2015ལོར་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་གཙོ་ཚེ་རིང་ཐར་གྱིས་ཁྱད་པར་ཐུགས་ཁུར་འོག ཁུལ་མི་དམངས་སྲིད་གཞུང་གིས་གདོང་ཚང་རྒྱལ་བའི་གསུང་རབ་རྟེན་མཛོད་ཁང་བཞེངས་པའི་འཆར་གཞི་གནང་ཞིང་། སྤྱི་ལོ2016ལོར་ཁུལ་རིག་གནས་ལས་ཁུང་་དང་། རིག་དངོས་དོ་དམ་ལས་ཁུང་གིས་འགྲེམ་སྟོན་བྱ་བར་སྣེ་ཁྲིད་དང་བཀོད་བསྒྲིགས་ལེགས་པོར་བྱས་ཏེ། ཏང་དང་སྲིད་གཞུང་འབྲེལ་ཡོད་སྡེ་ཁག་རྣམས་ཀྱི་ཡང་དག་པའི་རྒྱབ་སྐྱོར་འོག སྤྱི་ལོ2017ལོར་མཇུག་ལེགས་པར་གྲུབ་ནས། གསུང་རབ་ཀྱིས་གཙོས་པའི་རིག་དངོས་རྣམས་རྟེན་མཛོད་ཁང་དུ་གདན་དྲངས་ཤིང་བཞུགས་སུ་གསོལ་བའོ། །

རྟེན་འདི་དག་དང་པོ་ཕ་མེས་རྣམས་ཀྱིས་དད་པ་དང་གཞན་ཕན་གྱི་བསམ་པས་གཞེངས་ཤིང་། མཆོད་འབུལ་དང་ཞབས་ཞུས་ལོ་ངོ་ཆིག་སྟོང་ཡར་མར་གྱི་རིང་ལ་རྒྱུད་འཛིན་གནང་སྟེ། ས་ཁུལ་ཞིག་དང་། མི་རིགས་ཤིག་གི་ནོར་བུ་ཡིན་པས།  ད་ལྟ་ང་ཚོས་ཀྱང་ཕ་མེས་ཀྱི་སྲོལ་བཟང་འཛིན་པ་དང་། མི་རིགས་ཀྱི་ཆོས་དང་་རིག་གནས་ལ་ཞབས་ཞུའི་ཆེད་དཀའ་ཚེགས་གང་མང་ཞིག་ལ་བརྟེན་ནས། སྲུང་སྐྱོབ་དང་མཆོད་འབུལ་ཅི་ཐུབ་བྱེད་བཞིན་དད་ལྡན་རྣམས་ལ་རིན་མེད་ཀྱི་མཇལ་ཁ་ཕུལ་བཞིན་ཡོད། རྟེན་འདི་དག་མཇལ་བ་ལ་རྟེན་ནས་སེམས་ལ་བདེ་བའི་དྲོད་ཁོལ་ཅུང་ཟད་རེ་ཐོབ་པ་དང་། ལོ་རྒྱུས་དང་། སྒྱུ་རྩལ། མི་རིགས་ཀྱི་སྙིང་སྟོབས། སྲོལ་རྒྱུན་ལག་རྩལ་སོགས་ལ་བློ་སྒོ་ཆེ་ཆུང་ཅི་རིགས་རེ་འབྱེད་ཐུབ་པའི་རེ་བ་ཡོད་ཅིང་། དེ་དག་ནི་ཕ་མེས་རྣམས་ཀྱི་ཀུན་སློང་དང་། ང་ཚོའི་དམིགས་ཡུལ་ཉག་ཅིག་ཡིན་པས། ཕྱོགས་སོ་སོའི་དད་ལྡན་མཇལ་སྐོར་བ་རྣམས་གདོང་ཚང་གསུང་རབ་རྟེན་མཛོད་ཁང་གིས་ཕེབས་བསུ་ཞུ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-10-23

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།