གེ་སར་སྒྲུང་ལས་ཆང་བསྙལ་ཚུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ལས་བྱུང་བའི་ཆང་གི་རིག་གནས་སྐོར་དང་དེ་དང་འབྲེལ་ཏེ་ཆང་བསྙལ་ཚུལ་དང་བཙགས་ཚུལ་སོགས་ཞིབ་བརྗོད་བྱས་ཡོད་པར་མ་ཟད། དེ་དང་འབྲེལ་ཏེ་མི་རིགས་སྤྱི་ལ་དར་བའི་ཆང་གི་རིག་གནས་སྐོར་མདོ་ཙམ་བརྗོད་པ་དེའོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
格萨尔史诗中的酿酒法
1 ​ངོ་སྤྲོད། 

བཀྲ་ཤིས་གཡང་དུ་འཁྱིལ་བའི་སྨོན་ལམ་དང་། དོན་ཀུན་ཡིད་བཞིན་འགྲུབ་པའི་རྟེན་འབྲེལ། དཔའ་བོ་གཡུལ་ཏུ་འགྲོ་བའི་དཔུང་གྲོགས་སོགས་སུ་མེད་དུ་མི་རུང་བ་ནི་ཆང་ཡིན་ཏེ། ཆང་བཙགས་སྲོལ་དང་བསྙལ་སྲོལ་ནི་སྲིད་པ་ས་ལ་ཆགས་ཤིང་ཟས་སུ་འབྲུ་རིགས་བཟའ་བ་ནས་བཟུང་ཡོད་དེ《སྲིད་པའི་ཡས་གཏམ་མས་གཏམ》དུ། ཆང་རབས་ཆང་རབས་ཟེར་མི་ཚོ། ། ཆང་གི་ཕ་མ་བུ་གསུམ་ཤོད། ། ཕབ་ཀྱི་ཕ་མ་བུ་གསུམ་ཤོད ། ། ཆུ་ཡི་ཕ་མ་བུ་གསུམ་ཤོད། ། ནས་ཀྱི་ཕ་མ་བུ་གསུམ་ཤོད། ། ཅེས་བཀོད་ཡོད་པ་དང་ཡང་ཆང་གི་ཕ་མ་བུ་གསུམ་སྟེ། ། ཆང་གི་ཕ་ནི་ཕབ་རེད། ། ཆང་གི་མ་ནི་ནས་རེད། ། ཆང་གི་བུ་ནི་ཆུ་རེད། ། སོགས་བཀོད་ཡོད་པ་དང་། ཆང་བྱུང་ཚུལ་གྱི་སྐོར་ལ《བཤད་པ》རུ། ཆུ་གཙང་བོ་གསོལ་ཇ་འདྲེན་འདྲེན་བྱས། ། ནས་མྱུ་གུ་རྦ་རླབས་འཕྱུར་འཕྱུར་བྱས། ། ཟོར་གོར་མོས་ཐང་མ་སྡུད་སྡུད་བྱས། ། ཆང་བསྙལ་བའི་རྟེན་འབྲེལ་དེ་ནས་འགྲིག ། ཞེས་བཀོད་ཡོད་པ་ལས་ཆང་ནི་གནའ་སྔ་མོ་ནས་བོད་མི་རྣམས་ཀྱི་སོ་ནམ་ཀྱི་འབྲས་སུ་སྨིན་པའི་ནས་འབྲུ་ལས་བྱུང་བ་ང་ཚོས་ཀྱང་ཤེས་ལ། སྐབས་སུ་བབས་པའི་གེ་སར་སྒྲུང་ལས་ཆང་བསྙལ་སྲོལ་སྐོར་ལ《ཧོར་གླིང་གཡུལ་འགྱེལ》དུ། དངུལ་བུམ་ནང་ནས་ཆང་སྐྱེམས་འཇོག ། དཀར་ཆང་བདུད་རྩིའི་ཟེགས་མ་ཅན། ། བཅུད་ལྡན་འབྲུ་ཆང་སྔོན་མོ་ཞེས། ། འབྲུ་ཕུད་བཙོས་པའི་དྭངས་མ་དེ། ། དམར་པོ་མེ་ལྕེ་སྦར་ནས་བསྲོས། ། ཆང་ཁུ་ཕབ་ཀྱི་སྙིང་བཅུད་དེ། ། དུག་མེད་རླངས་པའི་རྒྱུད་ནས་བླངས། ། འབྲུ་ཟན་ནས་ཀྱི་ར་ཁུ་ལ། ། ལོ་ཆང་སེར་བོ་སྙིང་བཅུད་ཆེ། ། ཟླ་ཆང་བསིལ་མ་བཟི་ཁ་བཙན། ། ཞག་ཆང་སྔོན་མོ་ཞིམ་ཤ་ཆེ། ། སྟོད་རྒྱ་གར་འབྲས་ཆང་ལི་མ་གཅིག ། སྨད་རྒྱ་ནག་རྒུན་ཆང་བསིལ་མ་གཉིས། ། ས་གླིང་གི་འབྲུ་ཆང་སྔོན་མོ་གསུམ། ། ཞིམ་མངར་སྦྲང་རྩིས་རྟ་ལ་བསྐྱོན། ། བཟང་དྲུག་སྨན་གྱི་ཁ་རྒྱན་འཕངས། །  མ་གྲུབ་པའི་རྒྱལ་མོའི་བྱིན་གྱིས་བརླབས། ། ངས་དེ་རིང་འདིར་ཚོགས་ཁྲོམ་ལ་འདྲེན། ། སོགས་བཀོད་ཡོད་པར་བལྟས་ཚེ། དེ་ལ་གདོད་མ་ནས་ཆང་གི་རིག་གནས་དར་ཞིང་ཆང་བཙགས་སྲོལ་སྐོར་ལ། ཐོག་མར་བཀྲ་ཤིས་པའི་ཉིན་མར་བརྟག་སྟེ་ཕ་མ་བུ་ཕྲུག་འཁོར་གཡོག་དང་བཅས་པས་ནས་འབྲུ་ལས་ཆང་བཙགས་པའི་སྲོལ་ཡོད་པ་དང་། ། གཞན་ཡང་གེ་སེར་སྒྲུང་ལས་ཆང་བསྙལ་བའི་རིག་གནས་ཀྱང་ཕུན་སུམ་ཚོགས་པ་ཡོད་དེ《བཀྲ་ཤིས་སྨོན་ལམ་ལྔ་བར》སེང་ལྕམ་འབྲུག་མོས་ཆང་བསྙལ་བའི་སྐོར་དུ། བདུད་རྩི་འདི་ཡི་བསྙལ་ལུགས་ལ། ། ལོ་ལ་བསྙལ་བའི་ལོ་ཆང་ཡིན། ། ལོ་ཆང་ཁམ་བུའི་ཆང་བཅུད་ཡིན། ། ཟླ་ལ་བསྙལ་བའི་ཟླ་ཆང་ཡིན། ། ཟླ་ཆང་བསིལ་མ་བཟི་ཁ་རྒོད། ། ཞག་ལ་བསྙལ་བའི་ཞག་ཆང་ཡིན། ། ཞག་ཆང་གསར་བ་ཞིམ་ཤ་ཆེ། ། ཞེས་དང་ཡང་ལོ་ལ་བསྙལ་བའི་ལོ་ཆང་། ། ལོ་ཆང་ཁམ་བུ་རག་ཤ། ། ཟླ་ལ་བསྙལ་བའི་ཟླ་ཆང་། ། ཟླ་ཆང་བདུད་རྩི་བསིལ་མ། ། ཞག་ལ་བསྙལ་བའི་ཞག་ཆང་། ། ཞག་ཆང་གསར་བའི་རྩི་བཅུད། ། སོགས་དང་ཆང་བསྙལ་བའམ་ཆང་བཙགས་པའི་རིག་གནས་འདི་ནི་དམངས་ཁྲོད་ལ་དར་སྔ་ཞིང་རང་གི་ལག་ལེན་ཁྲོད་བྱུང་བའི་རིག་གནས་ཤིག་ཡིན་པས《ཧོར་གླིང་གཡུལ་འགྱེད》དུ་དངུལ་དམ་ནང་གི་ཆང་འདྲེན་འདི། ། ན་ནིང་བཙོས་པའི་ལོ་ཆང་དང་། ། ད་ལོ་བཙོས་པའི་ཟླ་ཆང་ཡིན། ། ཁ་སང་བཙོས་པའི་ཞག་མའི་ཆང་། ། ཞེས་པ་འདིའི་ཆང་ནི་ནས་འབྲུ་བཙོས་པ་ལས་བྱུང་བའི་རླངས་པ་ཡིན་ལ།དེའི་ནང་དུ་བཟང་དྲུག་སོགས་སྨན་སྣའང་མང་པོ་ཁ་སྣོན་བྱས་ཏེ་བསྙལ་བའི་སྲོལ་ཡོད་པས། ཆང་དེའི་རིགས་འཐུང་ན་ཁ་ལ་ཞིམ་ཞིང་ཁོག་ལ་བདེ་བའི་ཕན་ནུས་ཆེན་པོ་ལྡན་པ་དང་། ད་དུང་འབྲས་སོགས་འབྲུ་རིགས་གཞན་དག་ཕབ་ནས་ལེན་ཚུལ་ཀྱང་ཡོད་པས། ཆང་བསྙོལ་བ་ནི་བོད་ཀྱི་དམངས་སྲོལ་རིག་གནས་མཆོག་དུ་གྱུར་བ་ཞིག་ཡིན་པ་མ་ཟད། གེ་སར་སྒྲུང་སོགས་བོད་ཀྱི་དམངས་ཁྲོད་རྩོམ་རིག་མང་པོའི་ནང་དུ་རྣམ་པ་འདི་དག་ཉར་ཚགས་དང་རྒྱུད་འཛིན་བྱས་ཡོད།

བརྡ་འགྲེལ་གདོང་འཛར།

གེ་སར། རིག་གནས། ཆང་།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-09-18

གསར་སྤེལ་མཁན། :དཔལ་ཚེ་རྡོར

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།