ཡོབ་གླིང་གི་སྐམ་ས་ཆེན་པོ་རུ་མ་རྩ་རིང་ལུགས་ཀྱི་ཆབ་སྲིད་ལམ་ལུགས་སྤེལ་ཚུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དུས་རབས18པའི་སྐབས་ནས་བཟུང་ཧྥ་རན་སེ་ཡིས་ཡོབ་གླིང་གི་སྐམ་ས་ཆེན་པོ་རུ་མ་རྩ་རིང་ལུགས་ཀྱི་ཆབ་སྲིད་ལམ་ལུགས་སྤེལ་མགོ་ཚུགས་ཤིང་། ཁོ་ཚོས་ཡུན་རིང་གི་དམག་འཁྲུག་དང་ཛ་དྲག་ཆེ་བའི་འགལ་བ་མང་པོ་བརྒྱུད་དེ་ཆབ་སྲིད་ལམ་ལུགས་རབ་དང་རིམ་པ་ཞིག་བཙུགས།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཡོབ་གླིང་གི་སྐམ་ས་ཆེན་པོ་རུ་མ་རྩ་རིང་ལུགས་ཀྱི་ཆབ་སྲིད་ལམ་ལུགས་སྤེལ་ཚུལ།
རྒྱ་ཡིག་གི་མིང་།
资本主义政治制度在欧洲大陆的扩展
1 ​ཧྥ་རན་སེའི་དཀའ་ཚེགས་ཆེ་བའི་སྤྱི་མཐུན་བགྲོད་ལམ།

དུས་རབས18པའི་སྐབས་སུ་ཧྥ་རན་སི་ནི་ཡོབ་གླིང་གི་དཔེ་མཚོན་ལྡན་པའི་རྒྱལ་པོའི་སྲིད་དབང་སྒེར་གཅོད་ལམ་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་ལ། སྤྱི་ཚོགས་ཀྱི་འགལ་བ་ཛ་དྲག་ཆེ་བ་དང་། བཀས་བཀོད་རྒྱུད་འཛིན་གྱི་སྐུ་དྲག་དང་ཆོས་ཚོགས་ཀྱིས་ཚབ་བྱེད་པའི་བཀས་བཀོད་རྒྱུན་འཛིན་གྱི་སྟོབས་ཤུགས་ཤིན་ཏུ་ཆེ། དབང་སྒྱུར་གྲལ་རིམ་ལ་མཚོན་ན། ཁོ་ཚོས་ནུས་ཤུགས་ཅི་ཡོད་བཏོན་ནས་རྒྱལ་པོའི་སྲིད་དབང་སྒེར་གཅོད་ལམ་ལུགས་ཀྱི་དབང་སྒྱུར་ལ་སྲུང་སྐྱོབ་བྱེད་མོད། འོན་ཀྱང་འབྱོར་ལྡན་གྲལ་རིམ་གྱིས་དབང་སྒྱུར་གྲལ་རིམ་ལ་ངོ་རྒོལ་བྱེད་པའང་ཉིན་རེ་བཞིན་ཛ་དྲག་ཏུ་གྱུར། འབྱོར་ལྡན་གྲལ་རིམ་གྱི་བསམ་བློ་བ་ཁ་ཤས་ཀྱིས་རྒྱལ་བའི་སྲིད་དབང་སྒེར་གཅོད་ལམ་ལུགས་ལ་མངོན་གསལ་གྱིས་ངོ་རྒོལ་དང་། ཆོས་ལུགས་ཀྱི་ལྷ་དབང་ལ་སུན་འབྱིན་བྱས་ཏེ། མི་དམངས་ལ་རང་དབང་དང་དམངས་གཙོ་བརྩོན་ལེན་བྱེད་པའི་འབོད་སྐུལ་བཏང་། 

སྤྱི་ལོ1789ལོར། ཧྥ་རན་སེ་རུ་འབྱོར་ལྡན་གྲལ་རིམ་གྱི་གསར་བརྗེ་ལངས་ཏེ། བཀས་བཀོད་རྒྱུད་འཛིན་གྱི་སྟོབས་ཤུགས་ལ་རྡུང་རྡེག་དྲག་པོ་བཏང་། སྤྱི་ལོ1792ལོར། ཧྥ་རན་སེས་རྒྱལ་པོའི་སྲིད་དབང་སྒེར་གཅོད་ཀྱི་ལམ་ལུགས་དོར་ནས་སྤྱི་མཐུན་རྒྱལ་ཁབ་བཙུགས། ཡིན་ནའང་། སྤྱི་མཐུན་ལམ་ལུགས་དང་རྒྱལ་པོའི་སྲིད་དབང་སྒེར་གཅོད་ལམ་ལུགས་བར་གྱི་འཐབ་རྩོད་ད་དུང་མཇུག་མ་བསྒྲིལ། དེའི་རྗེས་ཀྱི་ལོ་ངོ་བདུན་ཅུ་ལྷག་གི་རིང་ལ། སྲིད་དབང་དེ་ཕྱོགས་ཁག་གཉིས་ཀྱིས་རེས་མོས་ཀྱིས་བཟུང་། འབྱོར་ལྡན་གྲལ་རིམ་མགྱོགས་མྱུར་དུ་འཕེལ་རྒྱས་བྱུང་བ་དང་བསྟུན་ནས། བཀས་བཀོད་རྒྱུད་འཛིན་གྱི་རྙིང་ཞེན་སྟོབས་ཤུགས་ཉིན་རེ་བཞིན་ཉམས་རྒུད་དུ་གྱུར་ཏེ། དམངས་གཙོ་སྤྱི་མཐུན་གྱི་བསམ་བློ་རིམ་བཞིན་མི་རྣམས་ཀྱི་སེམས་ལ་འཇགས། 

སྤྱི་ལོ1870ལོར། ཧྥ་རན་སེ་དང་ཕི་རི་སིའི་བར་ལ་དམག་འཁྲུག་བྱུང་ནས་ཧྥ་རན་སེ་ཕམ་པར་གྱུར། ཧྥ་རན་སེའི་གོང་མའི་རྒྱལ་ཁབ་གཉིས་པ་སྲིད་སྟེགས་ནས་ལྷུང་ཞིང་ཧྥ་རན་སེས་ཡང་བསྐྱར་སྤྱི་མཐུན་རྒྱལ་ཁབ་བཙུགས། དེ་ནི་ཧྥ་རན་སེའི་སྤྱི་མཐུན་རྒྱལ་ཁབ་གསུམ་པ་ཡིན། 

2 ཧྥ་རན་སེའི་སྤྱི་མཐུན་སྲིད་དབང་ལམ་ལུགས་དངོས་སུ་བཙུགས་པ། 

ཧྥ་རན་སེའི་སྤྱི་མཐུན་རྒྱལ་ཁབ་གསུམ་པ་བཙུགས་རྗེས། ཤོག་ཁག་སོ་སོའི་ཆབ་སྲིད་སྟོབས་ཤུགས་ཀྱིས་ཆབ་སྲིད་སྒྲིག་སྲོལ་ཅི་ལྟ་བུ་ཞིག་འཛུགས་པའི་ཐད་འཐབ་རྩོད་དྲག་པོ་སྤེལ་མཐར། རྒྱལ་དམངས་གྲོས་ཚོགས་ཁྲོད་དུ་སྤྱི་མཐུན་ལམ་ལུགས་ལ་ངོ་རྒོལ་བྱེད་མཁན་གྱིས་གྲངས་ཀ་མང་ཆེ་བ་ཟིན་ཡང་། སྤྱི་ལོ1875ལོའི་ལོ་མགོར། རྒྱ་ཆེ་བའི་མང་ཚོགས་ཀྱིས་བློ་ཐག་རྦད་ཆོད་ཀྱིས་རྒྱབ་སྐྱོར་ཆེན་པོ་བྱས་པར་བརྟེན་ནས། རྒྱལ་དམངས་གྲོས་ཚོགས་སྟེང་ཧྥ་རན་སེའི་སྤྱི་མཐུན་རྒྱལ་ཁབ་གསུམ་པའི་རྩ་ཁྲིམས་ལ་གྲོས་འཆམ་བྱུང་སྟེ། བཅའ་ཁྲིམས་ཐོག་སྤྱི་མཐུན་སྲིད་དབང་གི་ལམ་ལུགས་དངོས་སུ་གཏན་འཁེལ་བྱས། 

རྩ་ཁྲིམས་ནང་དུ་ཁྲིམས་འཛུགས་དབང་ཆ་གྲོས་ཚོགས་ལ་དབང་ཞིང་། གྲོས་ཚོགས་ནི་གྲོས་གཅོད་ཁང་དང་གྲོས་ཞུགས་ཁང་གིས་གྲུབ་པ་དང་། གྲོས་ཞུགས་ཁང་གི་གྲོས་མི་སྐྱེས་པ་དར་མ་ལས་ཐད་ཀར་འདེམ་ཞིང་འགན་ཡུན་ལོ་བཞི་ཡིན། གྲོས་གཅོད་ཁང་གི་ཁོངས་མི་ནི་བརྒྱུད་འདེམ་ལས་འབྱུང་བ་དང་འགན་ཡུན་ལོ་དགུ་ཡིན་ལ། ལོ་གསུམ་རེར་དེའི་ནང་གི་སུམ་ཆའི་གཅིག་བསྐྱར་འདེམ་བྱེད་དགོས། གྲོས་གཅོད་ཁང་ལ་གྲོས་ཞུགས་ཁང་གི་ཆོད་དོན་དགག་པའི་དབང་ཆ་ཡོད་པ་དང་། ཙུང་ཐུང་ནི་གྲོས་གཅོད་ཁང་དང་གྲོས་ཞུགས་ཁང་གི་མཉམ་འབྲེལ་གྲོས་ཚོགས་ལས་འདེམ་བསྐོ་བྱེད་པ་དང་། འགན་ཡུན་ལོ་བདུན་ཡིན། མུ་མཐུད་དུ་བདམས་ན་མུ་འགན་བཞེས་ཆོག་པ་བཅས་གཏན་འཁེལ་བྱས། 

རྩ་ཁྲིམས་ལས་རྒྱལ་ཁབ་ཀྱི་སྲིད་འཛིན་དབང་ཆ་ཆེན་པོ་ནི་ཙུང་ཐུང་གིས་འཛིན་པ་དང་། ཙུང་ཐུང་ནི་རྒྱལ་ཁབ་ཀྱི་དབུ་གཙོ་དང་དམག་དཔུང་གི་ཆེས་མཐོའི་དམག་སྤྱི་ཡིན་ཞིང་། པུའུ་ཀྲང་སོགས་མཐོ་རིམ་དཔོན་རིགས་བསྐོ་བཞག་དང་། ཆིངས་ཡིག་འཇོག་པ། དམིགས་བསལ་དུ་བཙོན་གྲོལ་གཏོང་བ་ལག་བསྟར་བྱེད་པ་སོགས་ཀྱི་དབང་ཆ་ཡོད་ལ། གྲོས་ཞུགས་ཁང་མོས་མཐུན་བྱུང་ནས་རྒྱལ་སྲིད་ལས་ཁུངས་ཀྱི་མི་སྣ་བསྐོ་བཞག་བྱེད་པ་དང་། གྲོས་ཞུགས་ཁང་མོས་མཐུན་བྱུང་ནས་གྲོས་གཅོད་ཁང་གཏོར་བའི་དབང་ཆ་སོགས་གཏན་འཁེལ་བྱས། 

ཧྥ་རན་སེའི་སྤྱི་མཐུན་རྒྱལ་ཁབ་གསུམ་པའི་རྩ་ཁྲིམས་ཁྱབ་བསྒྲགས་བྱས་རྗེས། འབྱོར་ལྡན་གྲལ་རིམ་སྤྱི་མཐུན་ཤོག་ཁག་གིས་དཀའ་ཚེགས་ཆེ་བའི་འཐབ་རྩོད་བརྒྱུད་མཐར་གྲོས་ཞུགས་ཁང་དང་། གྲོས་གཅོད་ཁང་། ནང་ཤག་ལས་ཁུངས། ཙུང་ཐུང་བཅས་ཀྱི་འགན་གནས་གལ་ཆེན་ལ་དབང་སྒྱུར་བྱས། འབྱོར་ལྡན་གྲལ་རིམ་སྤྱི་མཐུན་སྲིད་དབང་གི་ལམ་ལུགས་གཏན་འཁེལ་དང་སྲ་བརྟན་དུ་བཏང་བ་དེས་ཧྥ་རན་སེའི་མ་རྩ་རིང་ལུགས་སྔར་ལས་འཕེལ་རྒྱས་འབྱུང་བར་རྨང་གཞི་བཏིངས། 

3 འཇར་མན་གྱི་གཅིག་གྱུར།

དུས་རབས19པའི་དཀྱིལ་དུ། འཇར་མན་ནི་ད་དུང་ཁ་ཐོར་ཡ་བྲལ་གྱི་ཚུལ་དུ་གནས་ཤིང་། རྒྱལ་ཕྲན་ཆེ་ཆུང་བཅུ་ཕྲག་འགས་རང་ཁོངས་རང་བཙན་བྱས་ཏེ། མ་རྩ་རིང་ལུགས་གོང་དུ་འཕེལ་བར་བར་ཆད་ཚབས་ཆེན་བཟོས་པས། གཅིག་གྱུར་གྱི་འབོད་སྒྲ་ཉིན་རེ་བཞིན་ཇེ་ཆེར་གྱུར། 

ཕི་རི་སི་ནི་འཇར་མན་གྱི་རྒྱལ་ཕྲན་གཙོ་བོ་ཞིག་ཡིན་པ་དང་། སྲིད་དབང་སྒེར་གཅོད་ཀྱི་ཤན་ཤུགས་ཧ་ཅང་ཆེ་ལ། དཔལ་འབྱོར་དང་དམག་དོན་ཐད་སྟོབས་ཤུགས་དྲག་པོ་ལྡན། དུས་རབས19པའི་ལོ་རབསདྲུག་ཅུ་དང་བདུན་ཅུ་པར་ཕེ་སི་མའེ་ཡི་མགོ་ཁྲིད་འོག  ཕི་རི་སི་རྒྱལ་རབས་ཀྱིས་དམག་འཁྲུག་ཐེངས་གསུམ་ལ་བརྟེན་ནས། འཇར་མན་གཅིག་གྱུར་གྱི་ལས་དོན་ཆེན་པོ་དེ་ཡོངས་སུ་ལེགས་འགྲུབ་བྱུང་། 

4 《འཇར་མན་གོང་མའི་རྒྱལ་ཁབ་ཀྱི་རྩ་ཁྲིམས》ཀྱི་ནང་དོན། 

རྩ་ཁྲིམས་འདིའི་ནང་དུ་གོང་མས་རྒྱལ་ཁབ་ཀྱི་དབང་ཆ་ཆེན་པོ་བཟུང་ཡོད་པ་དང་། རྒྱལ་ཁབ་ཀྱི་དབུ་གཙོ་དང་དམག་དཔུང་གི་སྤྱི་ཁྱབ་དམག་དཔོན་ཡིན་ལ། དཔོན་རིགས་བསྐོ་འཐེན་དང་། གྲོས་ཚོགས་བསྡུ་བ་དང་གཏོར་བ། ཕྱི་འབྲེལ་སྲིད་ཇུས་ཐག་གཅོད་པ་བཅས་ཀྱི་དབང་ཆའང་ཡོད། སྲིད་བློན་གྱིས་ནང་ཤག་ལས་ཁུངས་ཀྱི་བྱ་བར་མདོ་འཛིན་བྱེད་ཅིང་། སྲིད་བློན་ནི་གོང་མས་བསྐོ་ཞག་བྱེད་པ་ལས་གྲོས་ཚོགས་ཀྱིས་བདམས་ནས་ཐོན་པ་མིན། འགན་ཡུན་རྒྱལ་པོས་ཐག་གཅོད་པ་དང་རྒྱལ་པོ་ཁོ་ནར་འགན་འཁུར་དགོས། 

རྩ་ཁྲིམས་སུ་ད་དུང་འཇར་མན་གོང་མའི་རྒྱལ་ཁབ་ནི་རྒྱལ་ཕྲན་མཉམ་འབྲེལ་ལམ་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་དང་། གོང་མའི་རྒྱལ་ཁབ་ཀྱི་སྲིད་གཞུང་གིས་དམག་དོན་དང་ཕྱི་འབྲེལ་སོགས་ཀྱི་དབང་ཆ་ཆེན་པོ་དམ་འཛིན་བྱེད་པ་དང་། རྒྱལ་ཕྲན་སོ་སོར་རང་སྐྱོང་གི་དབང་ཆ་འགའ་རེ་ད་དུང་སོར་འཇོག་བྱེད་པ་གཏན་འཁེལ་བྱས་ཡོད། ཕི་རི་སིས་གོང་མའི་རྒྱལ་ཁབ་ཁྲོད་དུ་དབང་སྒྱུར་གྱི་གོ་གནས་བཟུང་ཞིང་། དེའི་རྒྱལ་པོ་དང་སྲིད་བློན་ནི་གོང་མའི་རྒྱལ་ཁབ་ཀྱི་གོང་མ་དང་སྲིད་བློན་ཡང་ཡིན། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-10-12

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།