མིང་དང་ཆིང་རྒྱལ་རབས་ཀྱིས་རྒྱལ་པོའི་སྲིད་དབང་སྒེར་འཛིན་ལམ་ལུགས་ལ་ཤུགས་བསྣན་ཚུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འདིར་མིང་དང་ཆིང་རྒྱལ་རབས་ཀྱི་སྐབས་སུ་སྲིད་བློན་ལམ་ལུགས་དོར་ཏེ་རྒྱལ་སྲིད་ལས་ཁུངས་དང་དམག་སྲིད་གསང་དོན་ཁང་སོགས་བཙུགས་ནས་རྒྱལ་བོའི་སྲིད་དབང་སྒེན་འཛིན་བྱེད་པར་ཤུགས་བསྣན་ཚུལ་བརྗོད་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
མིང་དང་ཆིང་རྒྱལ་རབས་ཀྱིས་རྒྱལ་པོའི་སྲིད་དབང་སྒེར་འཛིན་ལམ་ལུགས་ལ་ཤུགས་བསྣན་ཚུལ།
རྒྱ་ཡིག་གི་མིང་།
明清君主专制的加强
1 སྲིད་བློན་ལམ་ལུགས་དོར་ཚུལ། 

མིང་རྒྱལ་རབས་ཀྱི་དུས་མགོར་ཡོན་རྒྱལ་རབས་ཀྱི་ལམ་ལུགས་སྔར་སྲོལ་བཞིན་རྒྱུན་འཛིན་བྱས་ཏེ། ཀྲུང་དབྱང་དུ་བཀའ་སྲིད་སྒྲོག་སྤེལ་ཁང་བཙུགས་ཤིང་། གཡས་གཡོན་ཕྱིང་སང་བློན་ཆེན་གྱི་ཁོངས་གཏོགས་སྡེ་དྲུག་གིས་རྒྱལ་ཡོངས་ཀྱི་སྲིད་འཛིན་ལས་དོན་ལ་དོ་དམ་བྱེད་བཞིན་ཡོད། ཡོན་རྒྱལ་རབས་ཀྱི་ཕྱིང་སང་བློན་ཆེན་གྱི་དབང་ཤུགས་ཆེ་དྲག་པས། གོང་མའི་དབང་ཆ་གཏན་འཇགས་མིན་ཞིང་། ནང་འཁྲུག་མང་པོ་བྱུང་བར་གཞིགས་ནས། མིང་ཐའེ་ཙུའུ་ཀྲུའུ་ཡོན་ཀྲང་གིས་ཕྱིང་སང་བློན་ཆེན་བཀོལ་སྤྱོད་བྱེད་པར་ཐོག་མ་ནས་དོགས་ཟོན་བྱས་ལ། ཁོའི་བསམ་པར། ལམ་ལུགས་དེས་གོང་མའི་དབང་ཆ་གཅིག་སྡུད་བྱེད་པར་བར་ཆད་བྱུང་ནས་སྤྱི་ཚོགས་ལ་ཟིང་ཆ་བཟོ་སྲིད་པར་སྙམ། 

སྤྱི་ལོ1380ལོར། མིང་ཐའེ་ཙུའུ་ཀྲུའུ་ཡོན་ཀྲང་གིས་ངོ་ལོག་ཇུས་འགོད་ཀྱི་ནག་ཉེས་ལ་ཁ་གཡར་ནས་ཧུའུ་ཝེ་ཡུང་བསད་པ་དང་། དུས་མཚུངས་སུ་བཀའ་སྲིད་སྒྲོག་སྤེལ་ཁག་དང་བློན་ཆེན་ཁུ་བསྡུ་བྱས་ཏེ། སྡེ་དྲུག་གིས་རྒྱལ་ཡོངས་ཀྱི་སྲིད་དོན་སོ་སོར་གཉེར་ནས་ཐད་ཀར་གོང་མར་འགན་ཁུར་དགོས་པ་དང་། ད་དུང་རྗེས་སུ་བློན་ཆེན་བསྐོ་བཞག་བྱེད་མི་ཆོག་པའི་བཀའ་ཕབ། སྐབས་དེར་སླེབས་དུས། ཆིན་རྒྱལ་རབས་ནས་བཟུང་ཐོག་མཐའ་བར་གསུམ་དུ་ལག་བསྟར་བྱས་པའི་སྲིད་བློན་ལམ་ལུགས་དོར་བ་ཁྱབ་བསྒྲགས་བྱས་ཏེ། རྒྱལ་པོས་སྲིད་དབང་སྒེར་གཅོད་བྱེད་པར་སྔར་ལས་ལྷག་པའི་སྒོ་ནས་ཤུགས་སྣོན་བྱས། 

2 རྒྱལ་སྲིད་ལས་ཁུངས་བྱུང་ཚུལ། 

སྲིད་བློན་དོར་རྗེས། རྒྱལ་ཡོངས་ཀྱི་སྲིད་དོན་གལ་ཆེན་ཚང་མ་མིང་ཐའེ་ཙུའུ་ཡིས་ཐག་གཅོད་བྱེད་པ་སྟེ། ཁོས་ཉིན་བརྒྱད་ཀྱི་རིང་ལ་ཉིན་རེར་ཆ་སྙོམས་ཀྱིས་ཞུ་ཡིག་བརྒྱ་ལྷག་ལ་མཆོག་མཆན་གནང་པ་དང་། རྒྱལ་ཁབ་ཀྱི་དོན་ཆེན་བཞི་བརྒྱ་ལྷག་བསྒྲུབས་མཐར། མིང་ཐའེ་ཙུའུ་ལ་སེམས་ཤུགས་ཡོད་ཀྱང་ལུས་པོས་མ་ལྕོགས་པས། ཕོ་བྲང་གི་ཡིག་བློན་གཙོ་བོ་སྐུ་བཅར་བློ་འདོན་པར་བསྐོས་ཏེ། དེར་སྲིད་དོན་སྣ་མང་བསྒྲུབ་རོགས་བྱེད་དུ་བཅུག ཡིག་བློན་ཆེན་པོ་དེ་དག་སྲིད་དོན་ཐག་གཅོད་པར་ཞུགས་པའི་བསྐལ་བ་ཉུང་ཞིང་། དོན་ཆེན་ཡོད་ཚད་ལ་སྔར་བཞིན་མིང་ཐའེ་ཙུའུ་ཡིས་གཙོ་འགན་བཞེས། མིང་ཐའེ་ཙུའུ་རྒྱལ་ཁྲིར་བཞུགས་པའི་སྐབས་སུ། གོང་མའི་ཡིག་གྲྭ་ལས་དཔོན་རིགས་བདམས་ནས་ཕོ་བྲང་གི་ཡིག་བློན་གཙོ་བོར་བསྐོས་ཤིང་། ཕོ་བྲང་ནང་གི་ཝུན་ཡོན་ཀོ་ཞེས་པའི་ཚོམས་ཁང་བསྡད་དུ་ནས་གོང་མར་ཞབས་ཞུ་བསྒྲུབ་པར་མ་ཟད། གསང་བའི་ལས་དོན་ཇུས་འགོད་དུ་ཞུགས་མགོ་བརྩམས་ཤིང་། “རྒྱལ་སྲིད་ལས་ཁུངས”ནི་དེ་ལྟར་བྱུང་བ་ཡིན། རྗེས་སུ་རྒྱལ་སྲིད་ལས་ཁུངས་ཀྱི་གོ་གནས་ཉིན་རེ་བཞིན་ཇེ་མཐོར་ཕྱིན་ཏེ། གོང་མའི་ཚབ་བགྱིས་ཏེ་ཞུ་ཡིག་ལ་མཆོག་མཆན་འགོད་པའི་དབང་ཆ་ཡིག་བློན་ཆེན་མོར་ཐོབ་ཅིང་། རྒྱལ་སྲིད་ལས་ཁུངས་ཀྱི་སྲིད་དོན་གཉེར་བའི་གཙོ་བློན་གྱི་དབང་ཆ་བློན་ཆེན་གཞན་དག་ལས་ཀྱང་མཐོ། ཀྲང་ཅུས་ཀྲེན་བྱ་བས་གཙོ་འཛིན་བྱེད་སྐབས། དབང་ཆ་ཆེན་པོ་ཚང་མ་རྒྱལ་སྲིད་ལས་ཁུངས་ལ་དབང་བས། སྡེ་དྲུག་པོ་ཕལ་ཆེར་རྒྱལ་སྲིད་ལས་ཁུངས་ཀྱི་ཁོངས་གཏོགས་སུ་གྱུར། 

3 དམག་སྲིད་གསང་དོན་ཁང་བཙུགས་ཚུལ། 

ཆིང་རྒྱལ་རབས་ཀྱི་དུས་མགོར། མིང་རྒྱལ་རབས་ཀྱི་ལམ་ལུགས་ལ་ལད་ཟློས་བྱས་ཏེ་རྒྱལ་སྲིད་ལས་ཁུངས་དང་སྡེ་དྲུག་བཙུགས་ཤིང་། རྒྱལ་སྲིད་ལས་ཁུངས་ཀྱིས་ཞུ་ཡིག་ལ་ཆོག་མཆན་འགོད་པའི་འགན་ཁུར། འོན་ཀྱང་དམག་རྒྱལ་གསང་དོན་ནི་མཉྫུའི་སྐུ་དྲག་གིས་གྲུབ་པའི་སྲིད་གྲོས་ཝང་གི་བློན་ཆེན་གྲོས་ཚོགས་ཀྱིས་ཐག་གཅོད་བྱེད་ལ། སྲིད་གྲོས་ཝང་གི་བློན་དབང་ནི་རྒྱལ་སྲིད་ལས་ཁུངས་དང་སྡེ་དྲུག་ལས་ཀྱང་ཆེ། སྲིད་གྲོས་ཝང་གི་བློན་ཆེན་གྱིས་ཐག་བཅད་པའི་དོན་དེ་གོང་མས་ཀྱང་བསྒྱུར་དཀའ་བས། གོང་མའི་དབང་ཆར་ཚོད་འཛིན་ཐེབས་འདུག

གོང་མ་ཁང་ཞིས་རྒྱལ་སྲིད་དངོས་སུ་བསྐྱངས་རྗེས། གོང་མའི་དབང་ཆ་ཇེ་ཆེར་གཏོང་བའི་ཆེད་དུ། ཕོ་བྲང་ནང་དུ་སྤྱན་འབེབས་ཞུ་གྲྭ་བཙུགས་ཤིང་། གོང་མའི་ཡིག་གྲྭའི་བློན་ཆེན་བདམས་ནས་བཅའ་སྡོད་བྱས། བཅའ་སྡོད་བྱེད་པའི་གོང་མའི་ཡིག་གྲྭའི་བློན་ཆེན་ནི་མིང་ཐོག་ནས་གོང་མ་དང་ལྷན་དུ་དཔེ་ཀློག་དང་། ཡི་གེ་འབྲི་བ། སྙན་ངག་དང་རི་མོ་འབྲི་བ་བཅས་ཀྱི་ལས་གཉེར་བ་ཡིན་མོད། དོན་དངོས་སུ་གསང་དོན་གལ་ཆེན་ཐག་གཅོད་པར་ཞུགས་པ་དང་། གོང་མའི་ཚབ་བྱས་ནས་བཀའ་ཤོག་འབྲི་བཞིན་ཡོད། ལྟེ་གནས་ལས་ཁུངས་གཅིག་ཁག་གསུམ་དུ་བགོས་པ་སྟེ། རྒྱལ་སྲིད་ལས་ཁུངས་དང་། སྲིད་གྲོས་ཝང་གི་བློན་ཆེན་གྲོས་ཚོགས། སྤྱན་འབེབས་ཞུ་གྲྭ་བཅས་ཕྱོགས་གསུམ་གྱིས་དབང་ཆ་བཅད་བཟུང་བྱས་པའི་གནས་སུ་གྱུར་ནས། ཕན་ཚུན་བར་ཚོད་འཛིན་བྱེད་ལ། མཇུག་མཐར་དབང་ཆ་ཡོད་ཚད་གོང་མས་གཅིག་སྡུད་བྱས་པ་རེད། གོང་མ་གཡང་ཊིང་གིས་ཀྱང་ནུབ་བྱང་གི་དམག་དོན་སྒྲུབ་པའི་ཆེད་དུ། ཕོ་བྲང་ནང་དུ་དམག་སྲིད་གསང་དོན་ཁང་བཙུགས། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-10-08

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།