ཧན་ནས་ཡོན་རྒྱལ་རབས་བར་གྱི་ཆབ་སྲིད་ལམ་ལུགས་ཀྱི་རིམ་འགྱུར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འདིར་གནའ་རབས་ཀྱི་རྒྱལ་ཕྲན་དང་རྒྱལ་ཁབ་བར་གྱི་ཆབ་སྲིད་གྱི་འགྱུར་ལྡོག་དང་ཀྲུང་དབྱང་གི་དབང་ཆ་གཅིག་སྡུད་བྱས་པའི་གནས་ཚུལ་སོགས་རེ་རེ་བཞིན་བརྗོད་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཧན་ནས་ཡོན་རྒྱལ་རབས་བར་གྱི་ཆབ་སྲིད་ལམ་ལུགས་ཀྱི་རིམ་འགྱུར།
རྒྱ་ཡིག་གི་མིང་།
从汉至元政治制度的演变
1 ཀྲུང་དབྱང་གི་གཅིག་སྡུད་དབང་ཆ་འཕེལ་ཚུལ། 

ཧན་རྒྱལ་རབས་ཀྱིས་དང་ཐོག་ཆིན་རྒྱལ་རབས་ལ་ལད་ཟློས་བྱས་ཏེ་ཅུན་ཞན་ལམ་ལུགས་ལག་བསྟར་བྱས་པ་དང་ཆབས་ཅིག་ས་བགོས་དབང་སྤྲོད་ཀྱི་རྒྱལ་ཕྲན་རྒྱལ་པོ་ཡང་བསྐོ་བཞག་བྱས། རྗེས་སུ་རྒྱལ་ཕྲན་རྒྱལ་པོའི་སྟོབས་ཤུགས་རིམ་བཞིན་ཇེ་ཆེར་གྱུར་ཏེ་གོང་མའི་སྲིད་གཞུང་ལ་ཉེན་ཁ་བཟོས་པས། ཧན་རྒྱལ་རབས་ཀྱི་གོང་མ་ཅིན་ཏི་ཡིས་ཇུས་བློན་ཁྲའོ་ཚུའོ་བྱ་བའི་བསམ་འཆར་དང་ལེན་བྱས་ཏེ། རྒྱལ་ཕྲན་རྒྱལ་པོ་དག་གི་སྟོབས་ཤུགས་ཇེ་ཞན་དུ་བཏང་། སྤྱི་ལོ་སྔོན་གྱི154ལོར། ཝུའུ་རྒྱལ་ལུའུ་པི་ཡིས་རྒྱལ་ཕྲན་དྲུག་གི་རྒྱལ་པོར་འབྲེལ་གཏུག་བྱས་ཏེ། “ཁྲའོ་ཚུའོ་བཏུལ་ཏེ་དྲང་བཞག་སྐྱོང”ཞེས་པར་ཁ་གཡར་ནས་དམག་ལངས་ཏེ་སིང་འཁྲུག་བསླངས་པ་དང་། “རྒྱལ་ཕྲན་བདུན་གྱི་ཟིང་འཁྲུག”གིས་གོང་མའི་སྲིད་གཞུང་ཧ་ལས་སུ་བཅུག གོང་མ་ཅིན་ཏིས་ཁྲའོ་ཚུའོ་བསད་ཀྱང་ལུའུ་པི་ཡིས་ད་དུང་དམག་དཔུང་ཕྱིར་མ་འཐེན་ལ།  “རང་ཉིད་ཤར་གྱི་གོང་མ་ཡིན”ཞེས་འུད་ཤོབ་བརྒྱབ་པ་ན། གོང་མ་ཅིན་ཏིས་དམག་དྲངས་ནས་ཟིང་འཁྲུག་ཞོད་འཇགས་སུ་མི་གཏོང་ཀ་མེད་བྱུང་། དོན་རྐྱེན་དེའི་རྗེས་སུ་ཧན་རྒྱལ་རབས་ཀྱིས་མུ་མཐུད་དུ་རྒྱལ་ཕྲན་རྒྱལ་པོའི་དབང་ཆ་ཇེ་ཆུང་དུ་བཏང་སྟེ། ཀྲུང་དབྱང་གི་གཅིག་སྡུད་དབང་ཆར་ཤུགས་བསྣན།  ཧན་རྒྱལ་རབས་ཀྱི་སྐབས་སུ་ཀྲུང་དབྱང་གི་གཅིག་སྡུད་དབང་ཆ་དང་ས་གནས་ཀྱི་དབང་ཆ་བགོ་བའི་བར་གྱི་འགལ་བ་དེ་རེ་དྲག་རེ་འཇགས་ཡིན་པས། ཆབ་སྲིད་ལམ་ལུགས་རིམ་འགྱུར་བྱུང་བར་ཤུགས་རྐྱེན་ངེས་ཅན་ཐེབས། 

ཐང་རྒྱལ་རབས་ཀྱི་དུས་དཀྱིལ་དུ། གོང་མའི་སྲིད་གཞུང་གིས་ས་གནས་ཁག་ཏུ་མཐའ་སྲུང་སྤྱི་དཔོན་མང་པོ་བཀོད་སྒྲིག་བྱས་ཤིང་། དེར་གོང་མའི་སྲིད་གཞུང་གི་མཐའ་དཔོན་ཟེར་ནའང་། དོན་དངོས་སུ་ཆབ་སྲིད་ཐད་རང་ཚུགས་ཀྱི་དབང་ཆ་ཅུང་ཆེན་པོ་ལོངས་སུ་སྤྱད་ཆོག་པ་དང་། དཔལ་འབྱོར་ཐད་རྒྱུ་ནོར་གྱི་དབང་ཆ་བཟུང་ཡོད་ལ། དམག་དོན་ཐད་དམག་དཔུང་གོ་ཧྲག་མཆིས་པས། ཏག་ཏག་མངའ་ཁོངས་ས་གནས་བཅད་བཟུང་བྱེད་པའི་སྟོབས་ཤུགས་སུ་གྱུར། ཐང་རྒྱལ་རབས་དུས་དཀྱིལ་གྱི་ཨན་ཧྲིའི་ཟིང་འཁྲུག་གི་རྗེས་སུ་གྲུབ་པའི་མཐའ་སྲུང་སྤྱི་དཔོན་གྱིས་མངའ་ཁོངས་བཅད་བཟུང་གི་རྣམ་པ་དེ་ལོ་ངོ་བརྒྱ་ལྷག་གི་རིང་རྒྱུན་བསྐྱངས་ཏེ་ཀྲུང་དབྱང་གི་གཅིག་སྡུད་དབང་ཆ་ཆེས་ཆེར་ཉམས་དམས་སུ་བཏང་ངོ་།།

སུང་བྱང་མའི་དུས་འགོར། གོང་མ་སུང་ཐའེ་ཙུའུ་ཡིས་ཀྲུང་དབྱང་གི་གཅིག་སྡུད་དབང་ཆར་ཤུགས་སྣོན་བྱེད་པའི་ཆེད་དུ། དམག་དཔོན་གཙོ་བོའི་དམག་དབང་དེ་ཀྲུང་དབྱང་དུ་ཕྱིར་བསྡུས་ཤིང་། ས་གནས་ཀྱི་དམག་དཔུང་གོ་ཧྲག་ཀྱང་སྐོང་འཐེན་བྱས་ཏེ། ཀྲུང་དབྱང་གི་གོང་མའི་སྲུང་དམག་ཏུ་ཁ་སྣོན་བྱས། སྲིད་འཛིན་ཐད་ཀྲུང་དབྱང་གིས་ཞི་དཔོན་མངགས་ཏེ་ས་གནས་ཀྱི་དཔོན་གནས་ཁུར་བ་དང་། ཆབས་ཅིག་ཏུ་ཡུལ་དཔོན་རམ་འདེགས་པ་བསྐོ་བཞག་བྱས་ཏེ་ལྟ་སྐུལ་བྱས། ནོར་སྲིད་ཐད་ས་གནས་ཀྱི་དཔྱ་ཁྲལ་ལས་ཉུང་ཤས་ཙམ་ས་གནས་དེ་གའི་འགྲོ་གྲོན་དུ་བཀོལ་ཞིང་། ལྷག་མ་ཐམས་ཅད་ཀྲུང་དབྱང་ལ་སྤྲོད་དགོས། བྱེད་ཐབས་དེ་དག་ལག་བསྟར་བྱས་པས། ཐང་རྒྱལ་རབས་ཀྱི་དུས་མཇུག་གི་དུས་རབས་ལྔ་པ་ནས་བཟུང་མཐའ་སྲུང་སྤྱི་དཔོན་གྱིས་མངའ་ཁོངས་བཅས་བཟུང་བྱེད་པའི་རྣམ་པ་བསྒྱུར་ནས། ཀྲུང་དབྱང་གི་གཅིག་སྡུད་དབང་ཆར་ཤུགས་བསྣན། 

ཡོན་རྒྱལ་རབས་ཀྱིས་ས་གནས་སུ་ཞིང་ཆེན་ལམ་ལུགས་ལག་བསྟར་བྱས། ཧོ་པེ་དང་ཧྲན་ཞི། ཧྲན་ཏུང་སོགས་ཀྱི་ས་གནས་ལ་ཀྲུང་དབྱང་གིས་ཐད་ཀར་དོ་དམ་བྱེད་པ་ལས་གཞན། ས་གནས་སུ་བཀའ་སྲིད་སྒྲོག་སྤེལ་ཁང་བཙུགས་ཤིང་། བསྡུས་མིང་ལ་ཞིང་ཆེན་ཟེར། སྲིད་གཞུང་གིས་ཞིང་ཆེན་གྱི་མགོ་དཔོན་བསྐོ་བཞག་བྱེད་པ་དང་། ཞིང་ཆེན་གྱི་འོག་ཏུ་ལུའུ་དང་། ཧྥུ། ཀྲོའུ། ཞན་སོགས་བཙུགས་ཡོད་ལ། མཐའ་ཁུལ་གྱི་མི་རིགས་ས་ཁུལ་དུ་བདེ་སྐྱོང་སི་བཙུགས་ཏེ་དོ་དམ་བྱེད་པ་ཡིན། ཞིང་ཆེན་ལ་དཔལ་འབྱོར་དང་དམག་དོན་གྱི་དབང་ཆ་ཆེན་པོ་ལྡན་མོད། འོན་ཀྱང་དབང་སྤྱོད་སྐབས་ཀྲུང་དབྱང་གིས་ཚོད་འཛིན་བྱེད་བཞིན་ཡོད། ཞིང་ཆེན་ལམ་ལུགས་ཀྱིས་ཀྲུང་དབྱང་གི་ས་གནས་ལ་དོ་དམ་བྱེད་པ་སྟབས་བདེར་བཟོས་པར་མ་ཟད། ཀྲུང་དབྱང་གི་གཅིག་སྡུད་དབང་ཆར་ཤུགས་སྣོན་བྱས་ཏེ། མི་རིགས་མང་ཞིང་གཅིག་གྱུར་ཡིན་པའི་རྒྱལ་ཁབ་སྲ་བརྟན་དུ་བཏང་། དེ་བཙུགས་པ་ནི་གནའ་རབས་ཀྱི་ས་གནས་སྲིད་འཛིན་ལམ་ལུགས་ཀྱི་འཕོ་འགྱུར་ཆེན་པོ་ཞིག་དང་ཀྲུང་གོའི་ཞིང་ཆེན་ལམ་ལུགས་ཀྱི་མགོ་ཚུགས་ས་ཡིན། 

2 སྲིད་དབང་སྒེར་གཅོད་ལམ་ལུགས་ཀྱི་རིམ་འགྱུར།

ཧན་རྒྱལ་རབས་ཀྱི་དུས་མགོར། ཇུས་ཐག་གཅོད་པ་དང་ཁྲིམས་འཛིན། སྲིད་འཛིན་བཅས་ཀྱི་དབང་ཆ་ཆེན་པོ་དེ་ཕྱིང་སང་བློན་ཆེན་གཅིག་པུས་བཟུང་ཡོད་ལ། གོ་གནས་མཐོ་ཞིང་དབང་ཆ་ཆེ། གོང་མའི་དབང་ཆར་ཤུགས་སྣོན་བྱེད་པའི་ཆེད་དུ། གོང་མ་ཧན་ཝུའུ་ཏིས་རང་གི་ཞབས་ཞུ་བ་དང་དྲུང་ཡིག་གི་བྱ་བ་སྒྲུབ་པའི་མི་སྣ་རྣམས་གཙིགས་སུ་བཟུང་ནས་ཁུར་འཛིན་བློན་ཆེན་དང་ཁུར་འཛིན་འབྲེལ་ཟླ་སོགས་ཀྱི་གོ་གནས་སྤྲད་པ་དང་། རྒྱལ་ཁབ་ཀྱི་སྲད་དོན་དང་དམག་དོན་གྱི་བྱ་བར་ཞུགས་སུ་བཅུག་སྟེ། ཕྱིང་སང་བློན་ཆེན་གྱི་དབང་ཆ་ཇེ་ཆུང་དུ་བཏང་།

ཝེ་ཅིན་ལྷོ་བྱང་རྒྱལ་རབས་ཀྱི་དུས་སྐབས་སུ། དབང་ཆ་ངོ་མ་འཛིན་མཁན་ནི་ཐོག་མར་བཀའ་སྲིད་ཕྱག་བསྟར་ཁག་ཡིན་ལ། དེར་བསྟུད་ནས་བཀའ་སྲིད་སྒྲོག་སྤེལ་ཁག་དང་བཀའ་སྲིད་ཞིབ་བཤེར་ཁག་བྱུང་ནས། རིམ་གྱིས་ཁག་གསུམ་གྱི་སྒྲིག་སྲོལ་ཆགས། ཐང་རྒྱལ་རབས་སྐབས་ཀྱི་ཀྲུང་དབྱང་གི་ཁག་གསུམ་སྟེ། བཀའ་སྲིད་ཕྱག་བསྟར་ཁག་དང་བཀའ་སྲིད་སྒྲོག་སྤེལ་ཁག བཀའ་སྲིད་ཞིབ་བཤེར་ཁག་བཅས་སོ་སོས་ཇུས་གཅོད་པ་དང་ཞིབ་བཤེར། ཕྱག་བསྟར་བཅས་ཀྱི་འགན་ཁུར་ཡོད། ཁག་གསུམ་གྱི་མགོ་དཔོན་ཚང་མ་བློན་ཆེན་ཡིན་པས། བློན་དབང་བཀྲམ་ཡོད་པ་རེད། ཁག་གསུམ་གྱིས་ཕན་ཚུན་ལ་ཚོད་འཛིན་དང་ལྟ་སྐུལ་བྱ་དགོས་ཕྱིར། བློན་པོའི་དབང་ཆ་ཇེ་ཆུང་དུ་བཏང་སྟེ་གོང་མའི་དབང་ཆ་ཁོ་ནར་བཀུར་བར་ཁག་ཐེག་བྱས། 

སུའེ་ཐང་རྒྱལ་རབས་ཀྱི་སྐབས་སུ་བཀའ་སྲིད་ཕྱག་བསྟར་ཁག་འོག་ཏུ་བློན་སྡེ་དང་མཛོད་སྡེ། ལུགས་སྡེ། དམག་སྡེ། ཁྲིམས་སྡེ། བཟོ་སྡེ་བཅས་སྡེ་དྲུག་བཙུགས་ཏེ། ཁག་གསུམ་སྡེ་དྲུག་གི་དོ་དམ་སྒྲིག་གཞི་གཏན་འཁེལ་དང་འཐུས་ཚང་དུ་བཏང་། ཁག་གསུམ་དང་སྡེ་དྲུག་གི་ལམ་ལུགས་ནི་ཀྲུང་གོའི་གནས་རབས་ཀྱི་ཆབ་སྲིད་ལམ་ལུགས་ཐད་ཀྱི་གསར་གཏོད་གལ་ཆེན་ཞིག་ཡིན་པ་དང་། དེ་ནས་བཟུང་རྒྱལ་རབས་རིམ་བྱོན་གྱིས་ཕལ་ཆེར་སྔར་སྲོལ་རྒྱུན་འཛིན་བྱས། 

སུང་རྒྱལ་རབས་ཀྱི་དུས་མགོར། བཀའ་སྲིད་ཕྱག་བསྟར་ཁག་དང་བཀའ་སྲིད་སྒྲོག་སྤེལ་ཁག་བཙུགས་ནས་སྲིད་འཛིན་ལས་ཁུངས་མཐོ་ཤོས་བྱས་ཤིང་། མགོ་དཔོན་གྱིས་ཆེས་མཐོ་བའི་སྲིད་བློན་གྱི་འགན་དབང་སྤྱད་པ་རེད། སྲིད་བློན་ལ་ཚོད་བྱེད་པའི་ཆེད་དུ་རྗེས་སུ་ཡང་སྲིད་ཞུགས་བློན་ཆེན་དང་གསང་དོན་མངག་བློན། ཟི་གསུམ་མངག་བློན་སོགས་གསར་དུ་བསྣན་ཏེ། ཕྱིང་སང་བློན་ཆེན་གྱི་སྲིད་འཛིན་དང་དམག་དོན། ནོར་སྲིད་བཅས་ཀྱི་དབང་ཆ་བགོ་གཅོད་བྱས། དེ་ལྟར་ཕྱིང་སང་བློན་ཆེན་གྱི་དབང་ཆ་ཇེ་ཆུང་དུ་བཏང་སྟེ། གོང་མས་དབང་ཆ་ཆེན་པོ་གཅིག་འཛིན་བྱེད་ཐུབ་པ་བྱུང་། 

ཡོན་རྒྱལ་རབས་ཀྱིས་བཀའ་སྲིད་སྒྲིག་སྤེལ་ཁག་བཙུགས་ཏེ། རྒྱལ་རབས་སྔོན་མའི་ཁག་གསུམ་གྱི་ཚབ་བགྱིས། བཀའ་སྲིད་སྒྲོག་སྤེལ་ཁག་ནི་གོང་ནས་གོང་མར་ཞུ་བ་འབུལ་ཞིང་འོག་ནས་ཟི་མང་པོར་སྤྱིའི་དོ་དམ་བྱེད་པའི་སྲིད་འཛིན་གྱི་ཆེས་མཐོའི་ལས་ཁུངས་ཡིན་པ་དང་། བཀའ་སྲིད་སྒྲོག་སྤེལ་ཁག་གི་མགོ་དཔོན་གྱིས་སྲིད་བློན་གྱི་འགན་དབང་སྤྱོད་པ་ཡིན། ཡོན་རྒྱལ་རབས་ཀྱི་དུས་མཇུག་ཏུ། སྲིད་བློན་གྱི་དབང་ཤུགས་ཇེ་ཆེ་ནས་ཇེ་ཆེར་སོང་སྟེ། སྐབས་འགར་ཐ་ན་གོང་མའི་སྲིད་ཁྲི་རྒྱུན་འཛིན་བྱེད་པར་ཡང་ཁ་ལོ་བསྒྱུར་ཆོག

3 དཔོན་རིགས་འདེམ་བསྐོའི་འགྱུར་ལྡོག

ཕྱོགས་ཡོངས་ནས་འཇོན་ཐང་ཅན་བསྡུ་ལེན་དང་དོ་དམ་བྱེད་པའི་ཆེད་དུ། ཧན་རྒྱལ་རབས་ཀྱིས་དཔོན་རིགས་འདེམ་བསྐོ་བྱེད་སྐབས་གཙོ་བོ་བརྟག་དཔྱད་དང་འོས་སྦྱོར་ལམ་ལུགས་ལག་བསྟར་བྱས། རྒྱལ་ཕྲན་རྒྱལ་ཁབ་ཀྱིས་གོང་མ་ཧན་ཝུའུ་ཏིའི་བཀའ་ལྟར་ལོ་རེར་མི་ཡ་རབས་བློ་དཀར་ཅན་ཞིག་འོས་སྦྱོར་བྱས་ཏེ། འཇོན་ཐང་ཅན་འདེམ་བསྐོ་བྱེད་པའི་ལམ་ལུགས་བཙུགས། ཡ་རབས་བློ་དཀར་ཅན་ནི་དཔོན་རིགས་ཆེ་མ་ཆུང་གསུམ་དཔོན་པོར་འདུག་པའི་ཆ་རྐྱེན་གཙོ་བོ་ཡིན། 

ཝེ་དང་ཅིན། ལྷོ་བྱང་རྒྱལ་རབས་བཅས་ཀྱི་སྐབས་སུ། གོང་མའི་སྲིད་གཞུང་གི་དཔོན་གནས་གལ་ཆེན་མང་ཆེ་བ་དཔོན་རྒྱུད་སྐུ་དྲག་གིས་ཁུར་ཡོད་ལ། དཔོན་རིགས་འདེམ་བསྐོ་བྱེད་པར་རིམ་དགུའི་དཔོན་འདེམ་ལམ་ལུགས་ལག་བསྟར་བྱས། ལམ་ལུགས་དེའི་འོག་ཏུ། དཔོན་རྒྱུད་སྐུ་དྲག་གི་བུ་ཕྲུག་དག་ནི་རིགས་རུས་མཐོ་བར་བརྟེན་ནས་ལམ་སང་དཔོན་ལམ་དུ་ཞུགས་ཐུབ། དེའི་རྐྱེན་གྱིས་ཁོ་ཚོས་ནམ་ཡང་ནུས་པ་མཐོར་འདེགས་བྱེད་པར་མཐོང་ཆེན་མི་བྱེད། སྐྱེ་ཁུངས་རིགས་རུས་དམའ་བར་དོན་ངོ་མར་ཤེས་ཡོན་ལྡན་ནའང་། ཀྲུང་དབྱང་དང་ས་གནས་ཀྱི་དཔོན་གནས་མཐོན་པོར་བསྐོ་མི་ཐུབ། རྒྱུད་འཛིན་དཔོན་རྒྱུད་སྐུ་དྲག་ཉམས་དམས་སུ་གྱུར་པ་དང་བསྟུན་ནས། རིགས་རུས་ལ་བརྟེན་ནས་དཔོན་རིགས་འདེམ་བསྐོ་བྱེད་པའི་རིམ་དགུའི་དཔོན་འདེམ་ལམ་ལུགས་དེའི་རྒྱུན་སྐྱོང་ཐབས་མེད་པར་གྱུར། 

སུའེ་རྒྱལ་རབས་ཀྱི་སྐབས་སུ། གོང་མ་སུའེ་ཝུན་ཏིས་རིམ་དགུའི་དཔོན་འདེམ་ལམ་ལུགས་དོར་ནས། རིག་ཚན་ཕྱེས་ཏེ་རྒྱུགས་ལེན་པའི་ཐབས་ལ་བརྟེན་ནས་དཔོན་རིགས་འདེམ་བསྐོ་བྱེད་པའི་འགོ་ཚུགས། གོང་མ་སུའེ་དབྱང་ཏིའི་སྐབས་སུ་སྲིད་གཞུང་གིས་ཐོག་མར་ཅིང་ཧྲི་སྡེ་བཙུགས་ཏེ། ཚན་འབྱེད་རྒྱུགས་འདེམ་ལམ་ལུགས་བྱུང་། དེ་ནས་བཟུང་ཐང་སུང་ཡོན་རྒྱལ་རབས་སོ་སོས་ཚན་འབྱེད་རྒྱུགས་འདེམ་ལམ་ལུགས་ཀྱི་རྒྱུན་བསྐྱངས་པ་དང་ལམ་ལུགས་དེ་རྒྱལ་རབས་རིམ་བྱོན་གྱིས་བཀོལ་སྤྱོད་རྒྱུན་མཐུད་བྱས་ཤིང་ཤུགས་རྐྱེན་གཏིང་ཟབ་མོ་བཞག་ཡོད། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-10-08

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།