ཆིན་རྒྱལ་རབས་ཀྱི་ཀྲུང་དབྱང་དབང་ཆ་གཅིག་སྡུད་ཀྱི་ལམ་ལུགས་གྲུབ་ཚུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲོའུ་རྒྱལ་རབས་ནུབ་མའི་མཇུག་ཏུ་རྒྱལ་ཕྲན་སོ་སོའི་བར་ལ་ཛ་དྲག་གི་དམག་འཁྲུག་བྱུང་ཞིང་ཆིན་རྒྱལ་ཕྲན་གྱིས་རྒྱལ་ཕྲན་གཞན་པ་རྣམས་ཚར་བཅད་དེ་རྒྱལ་ཕྲན་སོ་སོས་ཡུལ་གྲུ་བཅད་བཟུང་བྱས་པའི་རྣམ་པ་མཇུག་སྒྲིལ་བར་བྱས་པ་དེར་ཆིན་རྒྱལ་རབས་ཀྱི་གཅིག་གྱུར་ཟེར།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཆིན་རྒྱལ་རབས་ཀྱི་ཀྲུང་དབྱང་དབང་ཆ་གཅིག་སྡུད་ཀྱི་ལམ་ལུགས་གྲུབ་ཚུལ།
རྒྱ་ཡིག་གི་མིང་།
秦朝中央集权制度的形成
1 ​ཆིན་རྒྱལ་རབས་ཀྱི་གཅིག་གྱུར། 

ཀྲོའུ་རྒྱལ་རབས་ནུབ་མའི་དུས་མཇུག་ཏུ། རྒྱལ་སྲིད་ཉམས་དམས་སུ་གྱུར་པ་དང་ནུབ་ཕྱོགས་གྲངས་ཉུང་མི་རིགས་ཀྱིས་བཙན་འཛུལ་བྱས་ཏེ་ཀྲོའུ་དབྱི་ཝང་བསད་ཅིང་། ཀྲོའུ་ནུབ་མ་བསྣུབས། སྤྱི་ལོ་སྔོན་གྱི770ལོར། ཀྲོའུ་ཕིང་ཝང་ཤར་ཕྱོགས་ཀྱི་ལུའོ་དབྱི་ས་ཆར་གནས་སྤོས་ལ། ལོ་རྒྱུས་སྟེང་དེར་ཀྲོའུ་ཤར་མ་ཟེར། ཁྲུན་ཆིའུ་དུས་སྐབས་སུ། གནམ་སྲས་ཀྲོའུ་ཐིན་ཙིའི་དབང་ཆ་གཞན་ལ་ཤོར་བས་རྒྱལ་སའི་ཉེ་འདབས་ས་ཁུལ་མ་གཏོགས་དབང་སྒྱུར་བྱེད་མི་ནུས་བར་གྱུར་ཏེ། ཁྱིམ་རྒྱུད་ལམ་ལུགས་དང་ས་བགོས་དབང་སྤྲོད་ལམ་ལུགས་ལ་གཏོར་བརླག་ཐེབས་པས། རྒྱལ་ཕྲན་རྒྱལ་བོས་གནམ་སྲས་ཀྲོའུ་ཡི་བཀའ་མི་བརྩི་ལ། རྒྱལ་ཕྲན་རྒྱལ་བོ་སོ་སོས་ས་ཞིང་དང་མི་དམངས་མང་པོ་དབང་དུ་སྡུད་ཕྱིར་ཕན་ཚུན་བར་དམག་འཁྲུག་བྱུང་། 

ཀྲན་གོའི་སྐབས་སུ། སྟོབས་འབྱོར་རྒྱས་པའི་རྒྱལ་ཕྲན་རྒྱལ་བོ་ཁ་ཤས་ཤིག་རང་ལ་བསྩལ་བའི་ཆོ་ལོར་ཡིད་མ་ཚིམ་པས་གཅིག་རྗེས་གཉིས་མཐུད་ཀྱིས་རང་གི་ཆོ་ལོ་རྒྱལ་བོར་བསྒྱུར་ལ། རྒྱལ་ཕྲན་རྒྱལ་བོ་ཁ་ཤས་ཀྱིས་རྒྱལ་ཕྱུག་དམག་ཧྲག་ཏུ་གཏོང་ཆེད། རྒྱལ་ཕྲན་རང་གི་ཆབ་སྲིད་དང་དམག་དོན་སོགས་ཀྱི་ཐད་བཅོས་སྒྱུར་རམ་ལུགས་བསྒྱུར་བྱེད་མགོ་བརྩམས་ཤིང་། བཙན་སྒྲིལ་གྱི་དམག་འཁྲུག་བརྒྱུད་དེ་གནམ་འོག་གཅིག་གྱུར་བྱེད་རྩིས་བྱས་ལ། མི་དམངས་ཀྱིས་ཀྱང་དུས་ཡུན་རིང་བོར་ཁ་འཐོར་དང་ཟིང་འཁྲུག་མྱངས་སྟབས་གཅིག་གྱུར་ཡོང་བར་རེ་ལྟོས་བྱེད། ཧྲང་དབྱང་ལུགས་སྒྱུར་བརྒྱུད་རྗེས། ཆིན་རྒྱལ་རབས་ཀྱི་ཆབ་སྲིད་དང་དམག་དོན། དཔལ་འབྱོར་བཅས་ཀྱི་སྟོབས་ཤིག་ཉིན་རེ་བཞིན་ཇེ་ཆེར་གྱུར་ཏེ་སྔ་ཕྱིར་ཧན་དང་ཀྲའོ། ཝེ། ཁྲུའུ། ཡན། ཆི་བཅས་རྒྱལ་ཕྲན་དྲུག་བསྣུབས། སྤྱི་ལོསྔོན་གྱི221ལོར། ཆིན་རྒྱལ་ཡིང་ཀྲེང་གིས་དུས་ཡུན་རིང་བོར་རྒྱལ་ཕྲན་རྒྱལ་བོས་ཡུལ་གྲུ་བཅད་བཟུང་གི་རྣམ་པ་དེ་མཇུག་བསྒྲིལ་ཏེ། ཀྲུང་གོའི་ལོ་རྒྱུས་སྟེང་ཐོག་མར་ཀྲུང་དབྱང་གིས་དབང་ཆ་གཅིག་ཏུ་སྡུད་པའི་བཀས་བཀོད་རྒྱུད་འཛིན་རྒྱལ་རབས་ཏེ་ཆིན་རྒྱལ་རབས་བཙུགས་ཤིང་། ཞན་ཡང་རྒྱལ་སར་གཏན་ཁེལ་བྱས། 

2 བླ་ན་མེད་པའི་དབང་ཆ་དང་ཀྲུང་དབྱང་གི་དཔོན་གནས་ལམ་ལུགས།

དང་ཐོག་གནམ་འོག་གཅིག་གྱུར་བྱས་པའི་རྗེས་སུ། ཆིན་གྱི་གོང་མ་ཡིང་ཀྲེང་གི་རང་ཉིད་ནི་སྤྱོད་པ་ཧོང་གསུམ་ལས་བཟང་ཞིང་ཕྱག་རྗེས་ཏི་ལྔ་ལས་བརྒལ་བས། རྒྱལ་པོ(王)ཞེས་པའི་མཚན་སྙན་ཙམ་གྱིས་རང་ཉིད་ཀྱི་དབང་ཤུགས་དང་གོ་འཕང་མཚོན་མི་ནུས་པར་སྙམ་སྟབས། ཁོས་ཧོང(皇)གསུམ་དང་ཏི(帝)ལྔའི་མིང“ཧོང་ཏི”ཞེས་པར་བསྡུས་ཏེ། རང་ཉིད་ཀྱི་མིང་གི་ཞེ་སར་གཏན་ཁེལ་བྱས་ཤིང་། རང་ཉིད“ཐོག་མའི་གོང་མ”ཡིན་པར་བརྗོད་པ་དང་། རང་ཉིད་ནས་བཟུང་ཕ་ཚ་བུ་རྒྱུད་ཀྱིས་གདུང་རབས་བསྐྱངས་ནས་དུས་གཏན་དུ་སྲིད་སྐྱོང་བའི་རེ་བ་བཅངས། སྐབས་དེ་ནས་བཟུང“ཧོང་ཏི”ནི་ཀྲུང་གོའི་གནའ་རབས་ཀྱི་ཆེས་མཐོའི་དབང་སྒྱུར་མཁན་གྱི་མིང་དུ་གྱུར་ནས། བཀས་བཀོད་རྒྱུད་འཛིན་གྱི་རྒྱལ་རབས་རིམ་བྱུང་གིས་མུ་མཐུད་དུ་བེད་སྤྱད་པ་རེད། 

གོང་མ་ཆིན་ཧྲི་ཧོང་གིས་ཀྲན་གོའི་དཔོན་གནས་ལམ་ལུགས་ཀྱི་རྨང་གཞིའི་སྟེང་གོང་མའི་དབང་ཆ་ལྟེ་བ་ཡིན་པའི་ཀྲུང་དབྱང་སྲིད་དབང་གི་རྩ་འཛུགས་ཆ་ཚང་ཞིག་བཙུགས། ཀྲུང་དབྱང་དུ་ཕྱིང་སང་བློན་ཆེན་དང་། ཁྲིམས་འཛིན་ཏ་ཧྥུ། དྲག་བློན་ཆེན་མོ་བཅས་ཆེས་མཐོའི་དཔོན་གནས་གསུམ་གསར་འཛུགས་བྱས། ཕྱིང་སང་བློན་ཆེན་ནི་དཔོན་ཡོངས་ཀྱི་མགོ་གཙོ་ཡིན་ཞིང་། གོང་མར་རྒྱལ་ཡོངས་ཀྱི་སྲིད་དོན་སྐྱོང་རོགས་བྱེད་པ་དང་། ཁྲིམས་འཛིན་ཏ་ཧྥུ་ནི་ཕྱིང་སང་བློན་ཆེན་གཞོན་པ་ཡིན་པ་སྟེ། བློན་པོ་རྣམས་ཀྱིས་གོང་མར་ཕུལ་བའི་ཞུ་ཡིག་འཛིན་པ་དང་གོང་མའི་བཀའ་ཤོག་འོག་རིམ་ལ་ཁྱབ་བསྒྲགས། དཔོན་ཡོངས་ལ་ལྟ་རྟོག་བྱེད་པའི་འགན་དེ་ལ་མཆིས། དྲག་བློན་ཆེན་མོར་རྒྱལ་ཡོངས་ཀྱི་དམག་དོན་ལ་དོ་དམ་བྱེད་པའི་འགན་མཆིས་ལ། ཕྱིང་སང་བློན་ཆེན་གྱི་འོག་ཏུ་ད་དུང་བློན་པོ་འགའ་མཆིས་ལ། སོ་སོས་རྒྱལ་ཁབ་ཀྱི་བྱེ་བྲག་གི་ལས་དོན་སྣ་ཚོགས་གཉེར་ཞིང་། ཀྲུང་དབྱང་སྲིད་གཞུང་གི་འགན་ནུས་སྒྲུབ་པའི་སྡེ་ཁག་ཡིན། ཆིན་རྒྱལ་རབས་ཀྲུང་དབྱང་གི་དཔོན་གནས་གཙོ་བོ་དེས་གོ་གནས་དང་ལས་འགན། ཁེ་ཕན་བཅས་ཀྱི་ཕྱོགས་ནས་ཕན་ཚུན་ལ་རམ་འདེགས་དང་ཚོད་འཛིན་བྱེད་པ་དང་། གོང་མས་དམག་སྲིད་ཀྱི་དབང་ཆ་ཆེན་པོ་བཟུང་ཡོད། 

གོང་མ་ཆིན་ཧྲི་ཧོང་གིས་གསར་གཏོད་བྱས་པའི་གོང་མའི་ལམ་ལུགས་དེས་ཕྱོགས་གཅིག་ནས་རྒྱལ་སྲིད་རྒྱུན་འཛིན་བྱེད་པ་ལས་དབང་ཆ་གཞན་ལ་མི་སྤྲོད་པ་མཚོན་ཞིང་། ཕྱོགས་གཞན་ཞིག་ནས་གོང་མའི་དབང་ཆ་བླ་ན་མེད་པས་གོ་གནས་དེ་ལས་བརྒལ་མི་རུང་བ་མཚོན་འདུག དེ་ནི་ཀྲུང་གོའི་གནའ་རབས་ཀྱི་སྲིད་དབང་སྒེར་གཅོད་ལམ་ལུགས་ཀྱི་ཁྱད་ཆོས་གཙོ་བོ་རེད། 

3 ཅུན་ཞན་ལམ་ལུགས་ཡོངས་ཁྱབ་ཏུ་སྤེལ་བ།

ཁྲུན་ཆིའུ་ཀྲན་གོའི་དུས་སྐབས་སུ། རྒྱལ་ཕྲན་ཁ་ཤས་ཀྱིས་བཙན་སྒྲིལ་བྱས་པའི་ས་ཁུལ་ནས་གཅིག་རྗེས་གཉིས་མཐུད་དུ་ཅུན་ཞན་བཙུགས། ཆིན་གྱིས་གཅིག་གྱུར་བྱས་རྗེས་མངའ་ཁོངས་སྔར་ལས་རྒྱ་བསྐྱེད། གོང་མའི་སྲིད་གཞུང་གི་རྩོད་གླེང་དྲག་པོ་བརྒྱུད་རྗེས། ཆིན་ཧྲི་ཧོང་གིས་ལི་སིའི་གྲོས་གཞི་དང་དུ་བླངས་ནས། རྒྱལ་ཡོངས་སུ་ཅུན་ཞན་ལམ་ལུགས་ཁྱབ་སྤེལ་བྱས། ཆིན་ཧྲི་ཧོང་གིས་རྒྱལ་ཡོངས་སུ་ཅུན36ལ་བགོས་ཏེ་ཀྲུང་དབྱང་སྲིད་གཞུང་གིས་ཐད་ཀར་བདག་སྐྱོང་བྱས། ཅུན་གཅིག་གི་ནང་དུ་ཞན་འགའ་རེ་མཆིས། 

ཆིན་ཧྲི་ཧོང་གིས་ཅུན་ཞན་ལམ་ལུགས་ལ་འཚམ་པའི་ས་གནས་ཀྱི་དཔོན་རིགས་ལས་ཁུངས་ཆ་ཚང་ཞིག་བཙུགས་པ་སྟེ། ཅུན་དཔོན་ནི་ཅུན་གྱི་སྲིད་འཛིན་དཔོན་མཐོ་ཤོས་ཡིན་ཞིང་། གོང་ནས་ཀྲུང་དབྱང་གི་བཀའ་བརྩི་དགོས་ལ། འོག་ནས་ཁོངས་གཏོགས་ཀྱི་ཞན་སོ་སོར་ལྟ་རྟོག་བྱེད་དགོས། ཅུན་དཔོན་གྱིས་དུས་བཅད་ལྟར་ཕྱིང་སང་བློན་ཆེན་ལ་བྱ་བའི་སྙན་ཞུ་འབུལ་དགོས། ཞན་གྱི་དཔོན་པོར་ཞན་ལིན་ནམ་ཞན་ཀྲང་ཟེར་ལ་འགན་གཙོ་བོ་ནི་མང་ཚོགས་ལ་བདག་སྐྱོང་དང་། ཁྲིམས་འཛིན། གཏུག་བཤེར། དམག་ཞབས་བཅས་ལ་དོ་དམ་བྱེད་ཅིང་། ཅུན་དཔོན་དང་ཞན་ལིན། ཞན་ཀྲང་ཚང་མ་གོང་མས་ཐད་ཀར་བསྐོ་བཞག་བྱེད་པ་ཡིན། 

ཆིན་རྒྱལ་རབས་ཀྱི་སྐབས་སུ་གྲུབ་པའི་ཀྲུང་དབྱང་གི་དབང་ཆ་གཅིག་སྡུད་ལམ་ལུགས་དེས་ཀྲུང་གོའི་ལོ་ངོ་སྟོང་ཕྲག་གཉིས་ལྷག་གི་ཆབ་སྲིད་ལམ་ལུགས་ཀྱི་གཞི་རྩའི་སྒྲིལ་སྲོལ་ལ་རྨང་གཞི་བཏིངས། རྒྱལ་རབས་རིམ་བྱོན་གྱིས་དེ་ལག་བསྟར་བྱས་པར་མ་ཟད། མུ་མཐུད་དུ་སྲ་བརྟན་དང་འཐུས་ཚང་དུ་བཏང་། དཔོན་རིགས་སྒྲིག་གཞི་གསར་སྒྲིག་བྱས་པ་དེས་རྒྱལ་ཡོངས་སུ་སྐབས་དེའི་འཛམ་གླིང་གི་དར་རྒྱས་ཆེ་བའི་བཀས་བཀོད་རྒྱུད་འཛིན་གྱི་ཀྲུང་དབྱང་དབང་ཆ་གཅིག་སྡུད་ལམ་ལུགས་ཚུགས་པར་གལ་ཆེའི་ནུས་པ་ཐོན། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-10-08

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།