རིག་གནས་འཁོར་རྒྱ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རིག་གནས་འཁོར་རྒྱ།
དོན་ནི་རིག་གནས་ཡུལ་འཁྱར་ཏེ། མི་རིགས་ག་གེ་མོ་ཞིག་གི་རིག་གནས་ཀྱི་སྣང་ཚུལ་འགའ་ཞིག་ཡུལ་གཞན་དུ་ཁྱབ་པའམ། ཡང་ན་མི་རིགས་ག་གེ་མོ་ཞིག་རྒྱལ་ཁབ་བམ་ས་གནས་གཞན་དུ་སོང་ནས་གཞི་སྡོད་བྱས་པ་དང་བསྟུན་ནས་མི་རིགས་དེ་ཉིད་ཀྱི་རིག་གནས་ཀྱང་ཡུལ་དེར་ཁྱབ་པའི་སྣང་ཚུལ་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
文化圈
ཕྱི་ཡིག་གི་མིང་།
cultural circle
རིགས་དབྱེ།
ཡི་གེ་བརྡ་རྟགས། ཆོས་ལུགས་རིག་གནས། འབྲོག་པའི་རིག་གནས་སོགས།
1 ངོ་སྤྲོད།

རིག་གནས་འཁོར་རྒྱ་ཞེས་པ་ལ་དབྱིན་ཇིའི་སྐད་དུKulturkreiseཟེར་ཞིང་། དེ་ནི་ཀི་པུ་ལ་ཉེར(F.Grabner)ཞེས་བྱ་བས《མཚོ་གླིང་ཆེན་མོའི་རིག་གནས་ར་བ་དང་རིག་གནས་རིམ་པ》ཞེས་པའི་བསྟན་བཅོས་ལས་ཐོག་མར་གསུངས།  རྒྱ་གར་དུ文化圈ཟེར། བོད་སྐད་དུ་རིག་གནས་འཁོར་རྒྱ་ཞེས་བསྒྱུར་བར་བྱ། དོན་ནི་རིག་གནས་ཡུལ་འཁྱར་ཏེ། མི་རིགས་ག་གེ་མོ་ཞིག་གི་རིག་གནས་ཀྱི་སྣང་ཚུལ་འགའ་ཞིག་ཡུལ་གཞན་དུ་ཁྱབ་པའམ། ཡང་ན་མི་རིགས་ག་གེ་མོ་ཞིག་རྒྱལ་ཁབ་བམ་ས་གནས་གཞན་དུ་སོང་ནས་གཞི་སྡོད་བྱས་པ་དང་བསྟུན་ནས་མི་རིགས་དེ་ཉིད་ཀྱི་རིག་གནས་ཀྱང་ཡུལ་དེར་ཁྱབ་པའི་སྣང་ཚུལ་ལ་ཟེར།   གོ་བདེ་བར་བཤད་ན་རིག་གནས་འཁོར་རྒྱ་ཞེས་པ་ནི་རིག་གནས་དེ་གང་དུ་ཁྱབ་ཡོད་པའི་ཁྱབ་ཁོངས་ལ་ཟེར།

2 བོད་ཀྱི་རིག་གནས་འཁོར་རྒྱ།

བོད་ཀྱི་རིག་གནས་ལའང་དེ་གང་དུ་ཁྱབ་པའི་ཁོངས་ཤིག་ཡོད། འོ་ན་བོད་ཀྱི་རིག་གནས་འཁོར་རྒྱ་ཞེས་པ་གང་དག་ལ་ངོས་འཛིན་བྱེད་དགོས་ཟེར་ན།  

ལ་དྭགས་དང་། འབྲུག་ཡུལ། འབྲས་ལྗོངས་བཅས་ནི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་བོད་ཀྱི་མངའ་ཁོངས་སུ་གཏོགས་ལ། ཕྱིས་སུ་བོད་སིལ་བུར་ཐོར་བ་དང་བསྟུན་ནས་བོད་ལས་གྱེས་ཤིང་། ད་ལྟ་རྒྱལ་ཁོངས་གཞན་ནམ་རང་བཙན་རྒྱལ་ཏུ་གྱུར་ཡོད་ནའང་བཀོལ་སྤྱོད་བྱེད་པའི་སྐད་ཆ་དང་ཡི་གེའང་བོད་སྐད་དང་བོད་ཡིག་ཡིན་ལ། རིག་གནས་ཀྱི་འདུ་ཤེས་དང་། ཆོས་ལུགས་དད་མོས། ཡུལ་སྲོལ་གོམས་གཤིས་སོགས་ཀྱང་ཕལ་ཆེར་བོད་དང་འདྲ། གཞན་ཡང་། པ་ཀི་སི་ཐན་དུ་བོད་རིགས་ཀྱི་ཚོ་བ་འགའ་ཤས་ཡོད་པ་སོགས་ཀྱང་བོད་ཀྱི་རིག་གནས་འཁོར་རྒྱའི་ཁོངས་སུ་འཇོག་པར་བྱེད།   

བོད་ལྗོངས་ཀྱི་མངའ་ཁོངས་སུ་ཡོད་པའི་མོན་པ་དང་ལྷོ་པ་སོགས་ཀྱང་དུས་ཀྱི་འགྱུར་ལྡོག་བརྒྱུད་ནས་ད་ལྟ་མི་རིགས་གཞན་ཞིག་བརྩི་བཞིན་ཡོད་ནའང་། སྔོན་མར་བོད་ཡིན་པར་འདོད་མཁན་མང་ལ།   སྐད་དང་ཡི་གེ རིག་གནས་ཀྱི་འདུ་ཤེས་དང་ཆོས་ལུགས་དད་མོས།  ཡུལ་སྲོལ་གོམས་གཤིས་སོགས་ཀྱི་ཆ་གང་ནས་ཀྱང་བོད་ཀྱི་རིག་གནས་འཁོར་རྒྱའི་ཁོངས་སུ་འདུ།

འཇང་རིགས(羌族)དང་། ནཱ་ཞི་རིགས(纳西族)། དབྱི་རིགས(彝族)། པེ་རིགས(白族)སོགས་ཀྱང་འདུ་ཤེས་འཛིན་སྟངས་དང་ཡུལ་སྲོལ་གོམས་གཤིས་སོགས་བོད་དང་འདྲ་བ་མང་པོ་ཡོད་པས་བོད་ཀྱི་རིག་གནས་འཁོར་རྒྱའི་ཁོངས་སུ་འདུ། ཞིབ་ཏུ་འཇམ་དཔལ་རྒྱ་མཚོས་བརྩམས་པའི《བོད་ཀྱི་གདོད་མའི་རིག་གནས》ཞེས་པར་གསལ། ལྷག་པར་དུ་ནཱ་ཞི་རིགས་ཀྱི་སྲོལ་རྒྱུན་ཆོས་ལུགས་ཏེ། གཏོ་པའི་ཆོས་ལུགས(东巴教)ནི་བོད་ཀྱི་གདོད་མའི་རིག་གནས་ཏེ།  བོན་པོའི་ཆོས་ལུགས་ལས་མཆེད་པར་བཤད།

དེ་མིན་ཧོར་རིགས་དང་དབྱི་གུའུ་རིགས(裕固族)ཕོད་མི་རིགས།(普米族)ལིས་སུའུ་རིགས(傈僳族)སོགས་ཀྱང་བོད་ཀྱི་རིག་གནས་འཁོར་རྒྱའི་ཁོངས་སུ་བསྡུ་སྲོལ་ཡོད་ལ། འདི་ནི་གཙོ་བོ་མི་རིགས་དེ་དག་ལ《གེ་སར་སྒྲུང》ནང་དོན་དང་རྣམ་པའི་ཆ་ནས་མི་འདྲ་བ་མང)དར་ཞིང་། དེའི་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཏུ་གྱུར་ཡོད་པའི་ཆ་ནས་འཇོག་པ་རེད། དེ་མིན་སོག་རིགས་ལའང《གླིང་གེ་སར་རྒྱལ་པོའི་སྒྲུང》དང་བོད་བརྒྱུད་ནད་བསྟན་ཤིན་ཏུ་དར་བས་བོད་ཀྱི་རིག་གནས་འཁོར་རྒྱའི་ཁོངས་སུ་བསྡུ་བའང་ཡོད།

3 བོད་ཀྱི་རིག་གནས་ཕྱི་གླིང་དུ་དར་ཚུལ།

སྤྱི་ལོ1959ལོའི་ལྷ་སའི་དོན་རྐྱེན་བྱུང་རྗེས། བོད་ཀྱི་རིག་གནས་པ་དང་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་གྲུབ་མཐའ་རིས་མེད་ཀྱི་མཁས་དབང་གང་མང་ཞིག་རྒྱ་གར་དང་བལ་བོ་སོགས་རྒྱལ་ཁབ་དང་ས་གནས་དུ་མར་ཡུལ་འཁྱར་དུ་ཕྱིན་ཅིང་། དེ་དག་ནི་ཕྱིས་སུ་བོད་ཀྱི་རིག་གནས་འཛམ་གླིང་ཡོངས་ལ་དྲིལ་སྒྲོག་བྱེད་མཁན་གཙོ་བོ་ཞིག་ཏུ་གྱུར་པ་རེད། དེང་སང་ཕྱི་གླིང་པའི་ཁྲོད་ན་ནང་བསྟན་ཆོས་ལུགས་ལ་དད་མོས་བྱེད་མཁན་ཁྲི་སྟོང་མང་པོ་བྱུང་ཡོད།  ཨ་རི་ཁོ་ནར་དད་ལྡན་མི་གྲངས་བཞི་འབུམ་ལྷག་ཡོད་ལ། དེའི་ནང་བོད་ཀྱི་བླ་མའི་ཡང་སྤྲུལ་དུ་ངོས་བཟུང་ཞིང་གདན་སར་བཀོད་ཟིན་པའི་ཕྱི་གླིང་པའི་སྤྲུལ་སྐུའང་བྱུང་ཡོད། བོད་ཀྱི་རིག་གནས་ཕྱི་རྒྱལ་དུ་དྲིལ་སྒྲོག་བྱེད་ཐབས་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དྲིལ་སྒྲོག་ལྟེ་གནས་བཙུགས་ཏེ་དྲིལ་སྒྲོག་རབས་དང་རིམ་པ་བྱས་པ་ནི་རྒྱུ་རྐྱེན་གཙོ་བོ་ཞིག་རེད། མིག་སྔར་སྡོམ་རྩིས་བྱས་པ་ལྟར་ན། རྒྱལ་ཁབ་དང་ས་གནས་བཞི་བཅུ་ལྷག་ཏུ་བོད་བརྒྱུད་ནང་བསྟན་ཆོས་ལུགས་དྲིལ་སྒྲོག་བྱེད་སའི་ལྟེ་གནས890ལྷག་བཙུགས་ཡོད། རྒྱ་གར་དང་བལ་བོ་སོགས་སུ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་གྲུབ་མཐའ་རིས་མེད་ཀྱི་དགོན་པ་དང་བོན་པོའི་དགོན་པ་བསྡོམས་པས284ལྷག་དང་བོད་ཀྱི་རབ་བྱུང་པ20000ལྷག་ཡོད། རྒྱལ་ཁབ་འདི་གཉིས་ནི་བོད་ཀྱི་རིག་གནས་དང་ཡུལ་སྲོལ་གོམས་འདྲིས་རྒྱུན་འཁྱོངས་བྱས་པ་ཆེས་ལེགས་པ་གཉིས་ཀྱང་ཡིན་པར་བཤད།

གཞན་ཡང་། བོད་རང་ཡུལ་ནས་དར་བའི་བོན་པོའི་ཆོས་ལུགས་དེའང་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། བོད་བརྒྱུད་ནང་བསྟན་ལས་མི་དམན་པ་ཞིག་ཕྱི་གླིང་དུ་བར་ཡོད།   འདིར་དམིགས་སུ་བོད་ཀྱི་རིག་གནས་དང་བོད་བརྒྱུད་ནང་བསྟན་ཨ་མེ་རི་ཁར་དར་བའི་གནས་ཚུལ་ངོ་སྤྲོད་ཅུང་ཙམ་བྱས་ན།

སྤྱིར་ཨ་མེ་རི་ཁ་ནི་ཚན་རིག་དང་དངོས་པོའི་རིག་གནས་ཆེས་ཆེར་དར་ཞིང་མི་རིགས་དང་ཆོས་ལུགས་ཐ་དད་པ་མང་པོ་མཉམ་འདུས་ཀྱིས་གྲུབ་པའི་རྒྱབ་ཁབ་ཅིག་ཡིན། དེ་ལས་ཡེ་ཤུའི་ཆོས་ལུགས་དང་དེའི་ནང་གསེས་ཀྱི་གྲུབ་མཐའ་གནམ་བདག་ཆོས་ལུགས་ནི་རྒྱབ་ཁབ་དེའི་ཆོས་ལུགས་གཙོ་བོ་ཡིན། འོན་ཀྱང་དངོས་པོའི་འཚོ་བ་ཕུན་སུམ་ཚོགས་པ་ཞིག་ཡིན་ནའང་སྤྱི་ཚོགས་ཀྱི་གནད་དོན་ཇེ་མང་དང་བསམ་བློའི་གནད་དོན་སོགས་ནི་ཕྱི་གླིང་གི་རིག་གནས་ཀྱིས་ཐག་གིས་མི་ཆོད་པ་ལྟ་བུའི་གནས་ཚུལ་བྱུང་བས། ཨེ་ཤ་ཡ་སྤྱི་དང་སྒོས་སུ་བོད་ཀྱི་རིག་གནས་ཀྱི་སྙིང་པོ་སྟེ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱིས་རྒྱལ་ཁབ་དེའི་རིག་གནས་དང་ཆོས་ལུགས་ཀྱི་ཆད་ལྷག་ལ་ཁ་སྐོང་བའི་འདུན་པ་ཇེ་ཆེར་སོང་སྟེ། བོད་བརྒྱུད་ནང་བསྟན་ཆོས་ལུགས་དེའང་ཨ་མེ་རུ་ཁའི་ཆོས་ལུགས་ཤིག་ཏུ་གྱུར་དང་འགྱུར་བཞིན་ཡོད། འཇར་མན་གྱི་སྤྱི་ཚོགས་རིག་པ་བ་མྰ་ཏིན་པའོ་མན་གྱིས་སྤྱི་ལོ1994ལོར་སྡོམ་རྩིས་བྱས་པ་ལྟར་ན། ཨ་མེ་རི་ཁར་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལ་དད་པ་བྱེད་པའི་མི་གྲངས་བཞི་འབུམ་ལྷག་ཡོད་པར་གསུངས་པས། བོད་ཀྱི་རིག་གནས་དང་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཨ་མེ་རུ་ཁར་དར་སྤེལ་བྱེད་པར་རྨང་གཞི་བརྟན་པོ་ཞིག་བཙུགས་ཡོད་ལ། ལྷག་པར་དུ། སྤྱི་ལོ1961ལོར་ཁྲ་ལི་ཏི.ལོ་པིན་ཞུན་གྱིས་སྐྱེད་བསྲིང་མཛད་པའི་འོག་ཏུ། མེར་བུན.ཀེར་སི་ཐན་དང་། རའོ་པའོ.སི་མན། ཀྱའོ་ཧྥེ་རོས.ཧོ་ཧྥུ་ཅིན་སོགས་བོད་རིག་པའི་མཁས་པ་གྲགས་ཅན་མང་དུ་བྱུང་སྟེ། ཨ་མེ་རི་ཁའི་སློབ་གྲྭ་ཆེན་མོ་དུ་མར་བོད་ཀྱི་རིག་གནས་རིག་གཞུང་ལ་ཞིབ་འཇུག་བྱེད་པའི་སྡེ་ཚན་གང་མང་བཙུགས་པ་དང་། བོད་རིག་པ་ནི་ཨ་རིའི་སློབ་ཆེན་འགའི་ཞིབ་འཇུག་སློབ་མའི་སྤྱང་གཞི་གཙོ་བོ་ཞིག་ཏུ་བརྩིས་ཏེ་སློབ་སྦྱོང་དང་ཞིབ་འཇུག་བྱས་པས་བོད་རིག་པའི་ཞིབ་འཇུག་གི་གྲུབ་འབྲས་ཆེན་པོ་བྱུང་། རྒྱལ་ཁབ་ཕྱི་ནང་གི་བོད་རིག་པའི་མཁས་པ་རབས་དང་རིམ་པ་ཨ་རིར་སོང་ནས་བོད་ཀྱི་རིག་གནས་དྲིལ་བསྒྲགས་བྱས་པ་དང་། ཨ་རིའི་སྤྱི་ཚོགས་ཀྱི་དགོས་མཁོ་དང་རིག་གཞུང་ཞིབ་འཇུག་གི་དགོས་མཁོ་དང་མཐུན་པར་བྱུང་བ་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཨ་མེ་རི་ཁ་ལ་སོགས་པའི་ཕྱི་གླིང་པ་མང་པོས་དགའ་མགུ་ཡི་རངས་བྱེད་པའི་རྒྱུ་རྐྱེན་ཡང་ཡིན་ནོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-10-24

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།