སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ།
སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་གི་ནང་སྙིང་ཡིན་ལ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་གི་རྩ་བའི་ངོ་བོ་དང་གཞི་རྩའི་ཁྱད་ཆོས་མཚོན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་གི་ཕུན་སུམ་ཚོགས་པའི་ནང་དོན་དང་ལག་ལེན་གྱི་བླང་བྱ་མཚོན་པ་ནི། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་གི་ཚད་མཐོའི་སྙིང་བསྡུས་དང་ཐུན་མོང་གི་མཚོན་ཐབས་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཀྲུང་དབྱང་གིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་ཐེངས་མང་པོར་རྣམ་བཤད་གལ་ཆེན་གནང་བ་དང་བླང་བྱ་ཁ་གསལ་བཏོན། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་དར་སྤེལ་གཏོང་བར་དམིགས་ནས་ཐུན་མོང་ཐོག་སློབ་སྦྱོང་བྱས། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་རྒྱུའི་སྐོར་གྱི་བསམ་འཆར》གཤམ་སྤེལ་བྱས་པ་རེད། ཏང་ཀྲུང་དབྱང་གིས་ཚད་མཐོའི་མཐོང་ཆེན་དང་བཀོད་སྒྲིག་ནུས་ལྡན་བྱས་པ་དེས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ་ལག་ལེན་ལ་ཤུགས་སྣོན་རྒྱག་ཆེད་འབད་བརྩོན་གྱི་ཁ་ཕྱོགས་གསལ་སྟོན་བྱས་པ་དང་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱས་ཡོད། 2017ལོའི་ཟླ10ཚེས18ཉིན་བློ་མཐུན་ཞིས་ཅིན་ཕིང་གིས་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་བསྟན་དོན། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་དགོས། མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་པོ་འཁུར་བའི་དུས་རབས་ཀྱི་མི་གསར་པ་གསོ་སྐྱོང་བྱ་རྒྱུ་དམིགས་སར་བྱས་ནས་སློབ་གསོ་ཁྲིད་སྟོན་དང་། ལག་ལེན་གྱི་གོམས་འདྲིས། ལམ་ལུགས་ཀྱི་འགན་ལེན་བཅས་ལ་ཤུགས་སྣོན་རྒྱག་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་རྒྱལ་དམངས་སློབ་གསོ་དང་། བསམ་པའི་དཔལ་ཡོན་གསར་གཏོད། བསམ་པའི་རིག་གནས་ཐོན་རྫས་གསར་རྩོམ་དང་ཐོན་སྐྱེད་ཁྱབ་སྤེལ་བཅས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དེ་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་ཁག་ནང་མཉམ་འདྲེས་བྱེད་པ་བཅས་བྱས་ཏེ་མི་རྣམས་ཀྱི་བརྩེ་སེམས་ཀྱི་ངོས་འཛིན་དང་བྱ་སྤྱོད་ཀྱི་གོམས་གཤིས་སུ་འགྱུར་བ་བྱེད་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
社会主义核心价值观
དུས་ཚོད།
ཚོགས་ཆེན་བཅོ་བརྒྱད་པ།
1 ​གོ་དོན།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན་དར་སྤེལ་གཏོང་བ་དང་། རང་དབང། འདྲ་མཉམ།  དྲང་གཞག ཁྲིམས་སྐྱོང་དར་སྤེལ་གཏོང་བ། རྒྱལ་གཅེས་དང་། ལས་བཀུར། ཡིད་རྟོན། མཛའ་མཐུན་བཅས་དར་སྤེལ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་ཧུར་ཐག་བཅས་བྱེད་དགོས། འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན་བཅས་ནི་རྒྱལ་ཁབ་རིམ་པའི་རིན་ཐང་གི་དམིགས་ཚད་ཡིན་པ་དང་། རང་དབང་དང་། འདྲ་མཉམ། དྲང་བདེན། ཁྲིམས་སྐྱོང་བཅས་ནི་སྤྱི་ཚོགས་ངོས་ཀྱི་རིན་ཐང་གཉེར་ཕྱོགས་ཡིན་པ། རྒྱལ་གཅེས་དང་། ལས་བཀུར། ཡིད་རྟོན། མཛའ་མཐུན་བཅས་ནི་སྤྱི་དམངས་མི་སྒེར་ངོས་ཀྱི་རིན་ཐང་གི་ཚད་གཞི་ཡིན། ཡིག་འབྲུ24པོ་དེ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་གཞི་རྩའི་ནང་དོན་ཡིན།

“འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན”བཅས་ནི་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་གྱི་དམིགས་ཚད་ཡིན་ལ། རིན་ཐང་དམིགས་ཚད་ཀྱི་ངོས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་གཞི་རྩའི་འདུ་ཤེས་ཀྱི་སྙིང་བཅུད་ཀྱང་ཡིན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་ཁྲོད་རིམ་པ་མཐོ་ཤོས་དང་རིམ་པ་གཞན་དག་གི་རིན་ཐང་འདུ་ཤེས་ལ་ནུས་པ་ཆེན་པོ་ལྡན་ཡོད། སྟོབས་འབྱོར་མངའ་ཐང་རྒྱས་ན་རྒྱལ་ཁབ་འབྱོར་ཕྱུག་ལྡན་པ་ནི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་ཀྱི་དཔལ་འབྱོར་འཛུགས་སྐྲུན་བྱེད་པའི་དགོས་ངེས་ཀྱི་རྣམ་པ་ཡིན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རྨི་ལམ་དུའང་ཐོབ་རེ་བྱེད་པའི་ཕུགས་འདུན་བཟང་པོ་ཡིན་ལ། རྒྱལ་ཁབ་དང་མི་དམངས་བདེ་སྐྱིད་ཡོང་བའི་དངོས་པོའི་རྨང་གཞི་ཡང་ཡིན། དམངས་གཙོ་ནི་མིའི་རིགས་སྤྱི་ཚོགས་ཀྱི་མཛེས་སྡུག་ལྡན་པའི་རེ་ཞུ་ཡིན། ང་ཚོས་དོན་གཉེར་བྱེད་པའི་དམངས་གཙོ་ནི་མི་དམངས་དམངས་གཙོ་ཡིན་ལ། དེའི་ངོ་བོ་དང་སྲོག་ཤིང་ནི་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱ་རྒྱུ་དེ་ཡིན། དེ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཚེ་སྲོག་ཡིན་ལ། མི་དམངས་ཀྱི་བདེ་སྐྱིད་འཚོ་བ་གསར་སྐྲུན་བྱེད་པའི་ཆབ་སྲིད་ཀྱི་འགན་སྲུང་ཡང་ཡིན། ཤེས་དཔལ་ནི་སྤྱི་ཚོགས་ཡར་ཐོན་ཡོང་བའི་མཚོན་རྟགས་གལ་ཆེན་ཞིག་ཡིན་ལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་ཀྱི་ཁྱད་ཆོས་གལ་ཆེན་ཞིག་ཀྱང་ཡིན། དེ་ནི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་ཀྱི་རིག་གནས་འཛུགས་སྤེལ་ལ་ཡོད་དགོས་པའི་རྣམ་པ་དང་། དེང་རབས་ཅན་དང་། འཛམ་གླིང་། འབྱུང་འགྱུར་བཅས་ལ་ཁ་ཕྱོགས་པ་དང་། མི་རིགས་དང་། ཚན་རིག མང་ཚོགས་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྙིང་བསྡུས་བྱས་པ་ཡིན་ལ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་འདེགས་སྐྱོར་གལ་ཆེན་ཡང་ཡིན། འཆམ་མཐུན་ནི་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་གཞི་རྩའི་འདུ་ཤེས་ཡིན་ཞིང་། སློབ་ལ་འཁྲིད་མཁན་ཡོད་པ་དང་། རྩོལ་ལ་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། འཚོ་སྐྱོང་ཐུབ་པ། སྡོད་ལ་ཁང་པ་ཡོད་པ་བཅས་ཀྱི་གསོན་ཉམས་ལྡན་པའི་རྣམ་པ་གཅིག་བསྡུས་ཀྱིས་མཚོན་ཡོད། དེ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཀྱི་སྤྱི་ཚོགས་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་རིན་ཐང་རེ་ཞུ་ཞིག་དང་། དཔལ་འབྱོར་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་དང་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་འགན་ལེན་གལ་ཆེན་ཞིག་རེད།

“རང་དབང་དང་། འདྲ་མཉམ། དྲང་བདེན། ཁྲིམས་སྐྱོང་”བཅས་ནི་མཛེས་སྡུག་ལྡན་པའི་སྤྱི་ཚོགས་ལ་གསོན་ཉམས་ལྡན་པའི་ཞིབ་གླེང་བྱས་པ་ཞིག་ཡིན་ལ། སྤྱི་ཚོགས་ཀྱི་ངོས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་གཞི་རྩའི་འདུ་ཤེས་ལ་སྙིང་བསྡུས་བྱས་པ་ཞིག་ཀྱང་ཡིན། དེས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ཁྱད་ཆོས་མཚོན་པ་དང་། ང་ཚོའི་ཏང་གི་འགྱུར་མེད་དམ་བཅའ་དང་རིན་ཐང་འདུ་ཤེས་སྲོག་ཤིང་ཡིན། རང་དབང་ཞེས་པ་ནི་མིའི་འདོད་བློ་རང་དབང་དང་། གནས་པ། འཕེལ་རྒྱས་བཅས་ཀྱི་རང་དབང་ལ་ཟེར་བ་དང་། མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་རེ་སྨོན་བཟང་པོ་ཞིག་ཡིན་ལ། མར་ཁེ་སིའི་རིང་ལུགས་ཀྱིས་བརྩོན་ལེན་བྱེད་པའི་སྤྱི་ཚོགས་ཀྱི་རིན་ཐང་དམིགས་འབེན་ཞིག་ཀྱང་ཡིན། འདྲ་མཉམ་ཞེས་པ་ནི་སྤྱི་དམངས་བཅའ་ཁྲིམས་ཀྱི་མདུན་དུ་ཚང་མ་འདྲ་མཉམ་ཡིན་པ་དང་། དེའི་རིན་ཐང་གཉེར་ཕྱོགས་ནི་མུ་མཐུད་དུ་དོན་དངོས་ཀྱི་འདྲ་མཉམ་མངོན་འགྱུར་བྱེད་པ་དེ་ཡིན། དེས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱས་ཏེ་མི་ཚང་མར་འདྲ་མཉམ་ངང་ཞུགས་པ་དང་འདྲ་མཉམ་ངང་འཕེལ་རྒྱས་གཏོང་བའི་ཁེ་དབང་ལོངས་སུ་སྤྱོད་རྒྱུ་ཡོད། དྲང་གཞག་ནི་སྤྱི་ཚོགས་དྲང་གཞག་དང་དྲང་བདེན་ཡིན་པ་དང་། དེས་མིའི་བཅིངས་འགྲོལ་དང་མིའི་རང་དབང་ཐོབ་རྒྱུ་དེ་སྔོན་འགྲོའི་ཆ་རྐྱེན་བྱས་ཡོད་པས། དེ་ནི་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་དགོས་ངེས་ཀྱི་རྩ་བའི་རིན་ཐང་འདུ་ཤེས་ཡིན། ཁྲིམས་སྐྱོང་ནི་རྒྱལ་སྐྱོང་སྲིད་གཉེར་གྱི་གཞི་རྩའི་བྱེད་ཐབས་ཡིན་པ་དང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ནི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ཀྱི་གཞི་རྩའི་བླང་བྱ་ཡིན། དེས་ཁྲིམས་ལུགས་འཛུགས་སྐྱོང་བྱེད་པར་བརྟེན་ནས་སྤྱི་དམངས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་དང་འགན་སྲུང་བྱ་རྒྱུ་ནི་རང་མོས་འདྲ་མཉམ་དང་དྲང་སྙོམས་དྲང་བདེན་མངོན་འགྱུར་བྱེད་པའི་ལམ་ལུགས་ཀྱི་འགན་ལེན་ཡིན།

“རྒྱལ་གཅེས་དང་། ལས་བཀུར། ཡིད་རྟོན། མཛའ་མཐུན”བཅས་ནི་སྤྱི་དམངས་ཀྱི་གཞི་རྩའི་ཀུན་སྤྱོད་ཚད་གཞི་ཞིག་ཡིན་པ་དང་མི་སྒེར་གྱི་བྱ་སྤྱོད་ཀྱི་ངོས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་གཞི་རྩའི་འདུ་ཤེས་ལ་སྙིང་བསྡུས་བྱས་པ་ཞིག་རེད། དེ་སྤྱི་ཚོགས་ཀྱི་ཀུན་སྤྱོད་འཚོ་བའི་ཁྱབ་ཁོངས་ཁག་ཏུ་ཁྱབ་ཡོད་པས། སྤྱི་དམངས་ཀྱིས་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་གཞི་རྩའི་ཀུན་སྤྱོད་ཚད་གཞི་ཞིག་ཡིན་ལ། སྤྱི་དམངས་ཀྱི་ཀུན་སྤྱོད་བྱ་སྤྱོད་ལ་གདེང་འཇོག་བྱེད་པའི་གཞི་རྩའི་རིན་ཐང་ཚད་གཞི་ཞིག་ཀྱང་ཡིན། རྒྱལ་གཅེས་ནི་མི་སྒེར་གྱིས་རང་ཉིད་ཀྱི་མེས་རྒྱལ་ལ་རྟེན་པའི་འབྲེལ་བར་གཞིགས་པའི་བརྩེ་དུང་ཟབ་མོ་ཞིག་ཡིན་ལ། མི་སྒེར་དང་མེས་རྒྱལ་བར་གྱི་འབྲེལ་བ་ལེགས་སྒྲིག་བྱེད་པའི་བརྩེ་དུང་ཟབ་མོ་ཞིག་ཀྱང་ཡིན། དེས་སྤྱི་ཚོགས་རིང་ལུགས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། མི་རྣམས་ལ་རང་བབ་ལས་འགན་དུ་བརྩིས་ནས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་དང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་། རང་རྟོགས་ཀྱིས་མེས་རྒྱལ་ལ་དྲིན་ལན་འཇལ་དགོས་པའི་བླང་བྱ་བཏོན་ཡོད། ལས་བཀུར་ནི་སྤྱི་དམངས་ཀྱི་ལས་རིགས་ཀྱི་རིན་ཐང་ལ་གདེང་འཇོག་བྱེད་པ་ཞིག་ཡིན་ཞིང་། སྤྱི་དམངས་ལ་ཞབས་འདེགས་ཞུ་བ་དང་། མི་དམངས་ལ་ཞབས་འདེགས་ཞུ་བ། སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ལས་སྤྱི་ཚོགས་རིང་ལུགས་ཀྱི་ལས་རིགས་སྙིང་སྟོབས་གང་ལེགས་མཚོན་ཡོད། ཁ་དན་ཚིག་གནས་ཞེས་པ་ནི་གཞུང་དྲང་ཡིན་ཞིང་། དེ་ནི་མིའི་རིགས་ཀྱི་སྤྱི་ཚོགས་ཀྱིས་ལོ་ངོ་སྟོང་ཕྲག་རིང་རྒྱུན་འཛིན་བྱས་པའི་ཀུན་སྤྱོད་ཀྱི་སྲོལ་རྒྱུན་ཞིག་ཡིན་ལ། སྤྱི་ཚོགས་རིང་ལུགས་ཀྱི་ཀུན་སྤྱོད་འཛུགས་སྐྱོང་གི་ནང་དོན་གལ་ཆེན་ཞིག་ཀྱང་ཡིན། དེས་ངལ་རྩོལ་གཞུང་དྲང་དང་། ཁས་ལེན་བརྩི་སྲུང་། ལྷག་བསམ་རྣམ་དག་བཅས་ནན་བཤད་བྱས་ཡོད། མཛའ་མཐུན་གྱིས་སྤྱི་དམངས་བར་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་སེམས་ཁུར། ཕན་ཚུན་རོགས་རམ། འཆམ་མཐུན་མཛའ་མཐུན་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་རྣམ་པ་གསར་པ་ཞིག་ཆགས་གང་ཐུབ་བྱ་དགོས་པ་ནན་བཤད་བྱས་ཡོད།

2 འཕེལ་རྒྱས་ཀྱི་བརྒྱུད་རིམ།

ཀྲུང་གོ་གསར་པ་བཙུགས་པ་དེས་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་དང་། གཞི་རྩའི་དཔལ་འབྱོར་ལམ་ལུགས་གཏན་འཁེལ་དང་། མར་ཁེ་སིའི་རིང་ལུགས་སློབ་སྟོན་བསམ་བློ་ཡིན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་གཏན་འཁེལ་བྱས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་འཛུགས་སྐྱོང་བྱེད་པར་ཆབ་སྲིད་ཀྱི་སྔོན་འགྲོའི་ཆ་རྐྱེན་དང་། དངོས་པོའི་རྨང་གཞི། རིག་གནས་ཀྱི་ཆ་རྐྱེན་བཅས་བསྐྲུན་ཡོད། བསྒྱུར་བཅོས་སྒོ་འབྱེད་བྱས་ཚུན་དུ། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་འཛུགས་སྐྱོང་བྱེད་པར་རྒྱུན་ཆད་མེད་པར་འཚོལ་ཞིབ་གསར་པ་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་འཛུགས་སྐྱོང་བྱེད་པ་ནས“དར་སྤེལ་གསུམ”ནང་དོན་གཙོ་བོར་བཟུང་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་ཧུར་ཐག་བྱ་རྒྱུའི་ཆོད་གཏམ་དང་འཐབ་ཇུས་ཀྱི་ལས་འགན་གལ་ཆེན་བཏོན་ཡོད།

1978ལོའི་ཟླ12པར། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་དངོས་ཐོག་བདེན་འཚོལ་གྱི་བསམ་བློའི་ལམ་ཕྱོགས་སླར་གསོ་དང་གཏན་ཁེལ་བྱས་པ་དང་། མར་ཁེ་སིའི་རིང་ལུགས་དེ་བསྒྱུར་བཅོས་སྒོ་འབྱེད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ལག་ལེན་རླབས་པོ་ཆེ་དང་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་མའོ་ཙེ་ཏུང་གི་དགོངས་པ་རྒྱུན་འཛིན་བྱས་པ་དང་། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་སོགས་མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་གྲུབ་འབྲས་གསར་ཤོས་གསར་དུ་བཏོད་པ་དང་། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ནང་གི་མར་ཁེ་སིའི་རིང་ལུགས་ཀྱི་སློབ་སྟོན་གོ་གནས་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་ཡོད།

2006ལོའི་ཟླ3པར། ང་ཚོའི་ཏང་གིས“གཟི་བརྗིད་བརྒྱད་དང་ཞེ་ཁྲེལ་བརྒྱད”ཀྱི་སྤྱི་ཚོགས་རིང་ལུགས་ཞེས་པ་བཏོན་པ་དང་། ང་ཚོའི་ཏང་གིས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་ཀུན་སྤྱོད་འཛུགས་སྤེལ་བྱེད་པའི་སྐོར་ལ་བསྟོད་བསྔགས་དང་ཞེ་ཁྲེལ་དགོས་པ་དང་། རང་རྒྱལ་གནའ་རབས་ཀྱི“ཁྲེལ་ཡོད”ཀྱི་རིག་གནས་སྲོལ་རྒྱུན་རྒྱུན་འཛིན་དང་འཕེལ་རྒྱས་བཏང་བ་དང་། དུས་མཚུངས་སུ་དུས་རབས་ཀྱི་ནང་དོན་གསར་པ་བསྣན་ཞིང་། ང་ཚོའི་ཏང་གིས་སྤྱི་ཚོགས་རིང་ལུགས་ཀྱི་ཀུན་སྤྱོད་འཛུགས་སྤེལ་བྱེད་པའི་ཆོས་ཉིད་ལ་ངོས་འཛིན་ཇེ་ཟབ་ཏུ་བཏང་ཡོད།

2006ལོའི་ཟླ10པར། ཏང་གི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག“སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་འཛུགས་སྐྲུན་བྱེད་པའི”གལ་ཆེའི་ལས་འགན་དང་འཐབ་ཇུས་ཀྱི་ལས་འགན་ཁ་གསལ་བཏོན་ཡོད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་གི་ནང་དོན་ཁ་གསལ་བཏོན་ཡོད་པ་མ་ཟད། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་གི་ནང་སྙིང་ཡིན་ཞེས་བསྟན་ཡོད། རིག་གཞུང་ལས་རིགས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སྙིང་བསྡུས་ལ་དཔྱད་བསྡུར་གཏིང་ཟབ་བྱེད་འགོ་ཚུགས།

2007ལོའི་ཟླ10པར། ཏང་གི་ཚོགས་ཆེན་ཐེངས་བཅུ་བདུན་པའི་ཐོག“སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་ནི་སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་ཀྱི་ངོ་བོའི་མཚོན་ཚུལ་ཡིན”ཞེས་ནན་གྱིས་བསྟན་ཡོད།

2011ལོའི་ཟླ10པར། ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་ནན་བཤད་བྱས་དོན། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་ནི“རྒྱལ་ཁབ་དར་རྒྱས་གཏོང་བའི་བླ་སྲོག”ཡིན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་འཛུགས་སྐྱོང་བྱ་རྒྱུ་ནི་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་བར་སྐུལ་འདེད་གཏོང་བའི་རྩ་བའི་ལས་འགན་ཡིན། ཚིག་ཉུང་དོན་གསལ་དང་ཁྱབ་སྤེལ་དང་ལག་བསྟར་བྱེད་བདེ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྙིང་བསྡུས་བྱས་ཡོད་པས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་འཛུགས་སྐྱོང་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།

2012ལོའི་ཟླ11པར་ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པའི་སྙན་སྒྲོན་ནང“དར་སྤེལ་གསུམ”སྟེ། “སྟོབས་འབྱོར་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན་བཅས་དར་སྤེལ་གཏོང་བ་དང་། རང་དབང་དང་། འདྲ་མཉམ། དྲང་བདེན། ཁྲིམས་སྐྱོང་བཅས་དར་སྤེལ་གཏོང་བ། རྒྱལ་གཅེས་དང་། ལས་བཀུར། ཡིད་རྟོན། མཛའ་མཐུན་བཅས་དར་སྤེལ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་ཧུར་ཐག་བྱེད་པ”བཅས་ཁ་གསལ་བཏོན་ཡོད་པ་དེ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སྙིང་བསྡུས་གསར་ཤོས་ཤིག་རེད།

2013ལོའི་ཟླ12པར་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་ནས“དར་སྤེལ་གསུམ”གཞི་རྩའི་ནང་དོན་དུ་བྱས་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམ་པ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་མིའི་རིགས་ཀྱི་ཤེས་དཔལ་གྱི་ཕུལ་བྱུང་གྲུབ་འབྲས་དང་འབྲེལ་མཐུད་བྱ་རྒྱུ་ནི་རང་རེའི་ཏང་གིས་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་རིན་ཐང་གི་ཐུན་མོང་ངོས་འཛིན་གཅིག་སྡུད་བྱེད་པའི་ཐད་བཏོན་པའི་ཆོད་གཏམ་གལ་ཆེན་ཞིག་རེད།

2017ལོའི་ཟླ10ཚེས18ཉིན་བློ་མཐུན་ཞིས་ཅིན་ཕིང་གིས་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་དགོས། མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་པོ་འཁུར་བའི་དུས་རབས་ཀྱི་མི་གསར་པ་གསོ་སྐྱོང་བྱ་རྒྱུ་དམིགས་སར་བྱས་ནས་སློབ་གསོ་ཁྲིད་སྟོན་དང་། ལག་ལེན་གྱི་གོམས་འདྲིས། ལམ་ལུགས་ཀྱི་འགན་ལེན་བཅས་ལ་ཤུགས་སྣོན་རྒྱག་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་རྒྱལ་དམངས་སློབ་གསོ་དང་། བསམ་པའི་དཔལ་ཡོན་གསར་གཏོད། བསམ་པའི་རིག་གནས་ཐོན་རྫས་གསར་རྩོམ་དང་ཐོན་སྐྱེད་དང་ཁྱབ་སྤེལ་བཅས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དེ་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་ཁག་ནང་མཉམ་འདྲེས་བྱེད་པ་བཅས་བྱས་ཏེ་མི་རྣམས་ཀྱི་བརྩེ་སེམས་ཀྱི་ངོས་འཛིན་དང་བྱ་སྤྱོད་ཀྱི་གོམས་གཤིས་སུ་འགྱུར་བ་བྱེད་དགོས། དམངས་ཡོངས་ཀྱི་བྱ་སྤྱོད་དང་ལས་བྱེད་པས་སྣེ་ཁྲིད་དེ་ཁྱིམ་ཚང་ནས་འགོ་རྩོམ་པ་དང་ཕྲུ་གུ་ནས་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱ་དགོས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་བསམ་པའི་འདུ་ཤེས་དང་། སྙིང་སྟོབས། ཀུན་སྤྱོད་ཚད་གཞི་བཅས་སྔོག་འདོན་གཏིང་ཟབ་བྱེད་པ་དང་། དུས་རབས་ཀྱི་བླང་བྱ་དང་ཟུང་འབྲེལ་གྱིས་རྒྱུན་འཛིན་གསར་གཏོད་བྱས་ཏེ། ཀྲུང་ཧྭའི་རིག་གནས་ཀྱི་དུས་གཏན་གྱི་ཡིད་དབང་འཕྲོག་པ་དང་དུས་རབས་ཀྱི་ཁྱད་ཆོས་ལྡན་པར་བྱེད་དགོས།

2018ལོའི་ཟླ3ཚེས11ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོའི་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་འཆམ་བྱུང་ནས་“རྒྱལ་ཁབ་ཀྱིས་མེས་རྒྱལ་ལ་དགའ་ཞེན་དང་། མི་དམངས་ལ་དགའ་ཞེན། ངལ་རྩོལ་ལ་དགའ་ཞེན། ཚན་རིག་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་ཀྱི་སྤྱིའི་སྤྱོད་བཟང་དར་སྤེལ་གཏོང་རྒྱུ”དེ་“རྒྱལ་ཁབ་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་གཏོང་རྒྱུ་དང་། མེས་རྒྱལ་ལ་དགའ་ཞེན་དང་། མི་དམངས་ལ་དགའ་ཞེན། ངལ་རྩོལ་ལ་དགའ་ཞེན། ཚན་རིག་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་ཀྱི་སྤྱི་པའི་སྤྱོད་བཟང་དར་སྤེལ་གཏོང་རྒྱུ”ཞེས་པར་བཟོ་བཅོས་བརྒྱབ་ཡོད།

3 རིན་ཐང་དོན་སྙིང་།

འཛམ་གླིང་ཁྱབ་ཁོངས་ཀྱི་བསམ་བློ་དང་རིག་གནས་སྤེལ་རེས་དང་། མཉམ་འདྲེས། གདོང་གཏུག་བཅས་ཀྱི་དུས་བབ་འོག་རིན་ཐང་ལྟ་བའི་རྣམ་པ་གསར་པ་དང་། བཅོས་བསྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཆ་རྐྱེན་འོག་བསམ་བློའི་འདུ་ཤེས་སྣ་མང་ཅན་དང་འགྱུར་ལྡོག་མང་བའི་ཁྱད་ཆོས་གསར་པར་དམིགས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་ཧུར་ཐག་བསྟར་བ་དེས་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་བརྟན་དུ་གཏོང་བ་དང་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་བ། མི་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་རྒྱས་འགྲོ་རྒྱུར་སྣེ་ཁྲིད་བྱེད་པ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་པ་བཅས་ཀྱི་དྲང་ནུས་གལ་ཆེན་ལ་གལ་འགངས་དང་ལོ་རྒྱུས་ཀྱི་དོན་སྙིང་ལྡན་ཡོད།

རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བ་དང་བསྟུན་ནས་བལྟས་ན། རང་རྒྱལ་འདི་ཉིད་འཕེལ་རྒྱས་ཆེན་པོ་དང་འཕོ་འགྱུར་ཆེན་པོ། ལེགས་སྒྲིག་ཆེན་པོ་བཅས་ཀྱི་དུས་སྐབས་སུ་གནས་ཡོད་པ་དང་། སྔར་བྱུང་མ་མྱོང་བའི་བསྒྱུར་བཅོས་དང་། འཕེལ་རྒྱས། སྒོ་འབྱེད་པ་བཅས་ཀྱི་འཕེལ་རིམ་ཁྲོད། རྒྱལ་སྤྱིའི་དགྲར་འཛིན་སྟོབས་ཤུགས་ཀྱིས་རང་རྒྱལ་ལ་ཁ་ཕྲལ་གཏོང་བའི་འཐབ་ཇུས་ཀྱི་ལྐོག་ཇུས་ལག་ལེན་བསྟར་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་དང་། བསམ་བློ་དང་རིག་གནས་ཀྱི་ཁྱབ་ཁོངས་ནི་ཁོང་ཚོས་ཡུན་རིང་སིམ་འཛུལ་བྱེད་པའི་གཙོ་གནད་ཁྱབ་ཁོངས་ཡིན། འཛམ་གླིང་ཁྱབ་ཁོངས་ཀྱི་བསམ་བློ་དང་རིག་གནས་སྤེལ་རེས་དང་། མཉམ་འདྲེས། གདོང་གཏུག་བཅས་ཀྱི་དུས་བབ་འོག་རིན་ཐང་ལྟ་བའི་རྣམ་པ་གསར་པ་དང་། བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཆ་རྐྱེན་འོག་བསམ་བློའི་འདུ་ཤེས་སྣ་མང་དང་། འགྱུར་མང་བཅས་ཀྱི་ཁྱད་ཆོས་གསར་པར་དམིགས་ཏེ་ང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་ཧུར་ཐག་བསྟར་ནས་གཙོ་རྒྱུན་གྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་བཏང་སྟེ་རྒྱལ་ཁབ་ཀྱི་རིག་གནས་ཀྱི་ཤུགས་ཆེ་རུ་གཏོང་དགོས།

རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་བླང་བྱར་བལྟས་ན། ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་དར་སྤེལ་གཏོང་བ་དང་། སྤྱི་ཚོགས་ཀྱི་འདུ་ཤེས་སྡེབ་སྒྲིག་ནུས་ལྡན་བྱ་རྒྱུ་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་ཕྱོགས་གལ་ཆེན་ཞིག་ཡིན། སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་གཏོང་བ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་བཅས་ལ་ངེས་པར་དུ་རིན་ཐང་མ་ལག་གི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ། ཀྲུང་གོའི་ཁྱད་ཆོས་དང་། མི་རིགས་ཀྱི་ཁྱད་ཆོས། སྐད་ཆ་ཤོད་དབང་བཅས་མགྱོགས་མྱུར་བསྐྲུན་པ། སྤྱི་ཚོགས་ཡོངས་སུ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་དར་སྤེལ་ཤུགས་ཆེན་གཏོང་བ། སྤྱི་ཚོགས་ཀྱི་བསམ་བློ་དང་རིག་གནས་བསྡུ་སྒྲིལ་གྱི་ནུས་པ་ཆེ་རུ་གཏོང་བ། ཁྱབ་ཁོངས་ཀྱི་རང་འགུལ་དབང་ཆ་དང་། གཙོ་ཁྲིད་དབང་ཆ། སྐད་ཆ་ཤོད་དབང་བཅས་ཁོང་དུ་ཆུད་པ་བཅས་བྱས་ཏེ་མི་རྣམས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་འགྲོ་ལམ་ཐོག་བསྐྱོད་རྒྱུར་ཁྲིད་སྟོན་བྱེད་དགོས།

མི་རིགས་དང་མི་དམངས་ཀྱི་བསམ་པའི་ཡུལ་ཁམས་མཐོ་རུ་གཏོང་བའི་ཐད་ནས་བལྟས་ན། ལྟེ་བའི་རིན་ཐང་ལྟ་བ་ནི་བསམ་པའི་སྲོག་ཤིང་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཡིན་པས། མི་རྣམས་ཀྱི་བསམ་པའི་འཇིག་རྟེན་ཕུན་སུམ་ཚོགས་སུ་གཏོང་བ་དང་མི་རིགས་ཀྱི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པར་རྨང་གཞིའི་རང་བཞིན་དང་ཐག་གཅོད་རང་བཞིན་གྱི་ནུས་པ་ལྡན་ཡོད། མི་ཞིག་དང་མི་རིགས་ཤིག་གིས་རང་ཉིད་ཁོང་དུ་ཆུད་ཐུབ་མིན་དེ་ཚད་ངེས་ཅན་ཞིག་གི་ཐོག་ནས་བཤད་ན་ལྟེ་བའི་རིན་ཐང་ལྟ་བའི་སྣེ་ཁྲིད་ལ་རག་ལས་ཡོད། འཕེལ་རྒྱས་བྱུང་བའི་དེང་རབས་ཀྱི་ཀྲུང་གོས་མཛེས་སྡུག་ལྡན་པའི་བསམ་པའི་འཚོ་བར་དེ་བས་ཡིད་སྨོན་བྱེད་པ་དང་རིན་ཐང་གི་འདེགས་སྐྱོར་དེ་བས་ཆེན་པོ་ཞིག་དགོས། མི་རྣམས་ཀྱི་སྙིང་སྟོབས་འཕེལ་བ་དང་མི་རིགས་ཡོངས་ཀྱི་བསམ་པའི་སྒྲོག་ཐག་ཆེ་རུ་གཏོང་དགོས་ན། ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་ཧུར་ཐག་བསྟར་ནས་འཛམ་གླིང་མི་རིགས་ཀྱི་ཁྲོད་དུ་གནས་པའི་ཀྲུང་གོའི་སྙིང་སྟོབས་གཏོད་དགོས།

མི་རིགས་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བརྗིད་ཆེའི་དམིགས་ཚད་ལ་བལྟས་ན། ལྟེ་བའི་རིན་ཐང་ལྟ་བ་ནི་རྒྱལ་ཁབ་ཅིག་གི་བརྟན་ལྷིང་ཡོ་བྱད་གལ་ཆེན་ཞིག་ཡིན་པ་དང་། གོང་བུར་འགྲིལ་ཤུགས་ཆེན་པོ་ལྡན་པའི་ལྟེ་བའི་རིན་ཐང་ལྟ་བ་གཏོད་རྒྱུ་དེ་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་དང་། རྒྱལ་ཁབ་ཡུན་རིང་བདེ་འཁོད་ལ་འབྲེལ་བ་ཡོད་པ་རེད། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་ངེས་པར་དུ་རྒྱ་ཁྱབ་ཆེ་བའི་རིན་ཐང་གི་ཐུན་མོང་ངོས་འཛིན་དང་ཐུན་མོང་གི་རིན་ཐང་དོན་གཉེར་ཡོད་དགོས། དེས་ང་ཚོར་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་དང་ལྟེ་བའི་རིན་ཐང་ལྟ་བ་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་སྲ་བརྟན་དུ་གཏོང་བ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་ཀྲུང་གོའི་སྟོབས་ཤུགས་གོང་བུར་འགྲིལ་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།

4 གཞི་རྩའི་རྩ་དོན།

མི་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་དང་། མང་ཚོགས་ཀྱི་གཙོ་ཤུགས་གོ་གནས་ལ་བརྩི་འཇོག མི་རྣམས་ཀྱི་ཁེ་ཕན་རེ་ཞུ་དང་རིན་ཐང་རེ་འདུན་ལ་དོ་སྣང་བཅས་བྱས་ནས་མི་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ཕུགས་བསམ་དང་དད་སེམས་སྲོག་ཤིང་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་ལྟ་བ་བཅས་ཀྱི་གློག་སྒོ་ལྟེ་བ་འདི་དམ་འཛིན་བྱས་ཏེ། སྤྱི་ཚོགས་ཡོངས་སུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་བརྟན་པོར་འཛུགས་པ་དང་། མི་རྣམས་ཀྱི་བསམ་པའི་སྲོག་ཤིང་བརྟན་པོར་འཛུགས་དགོས། དོན་དངོས་དང་ཟུང་འབྲེལ་མཐའ་འཁྱོངས་དང་། རིམ་པ་དང་བྱ་ཡུལ་དབྱེ་བ། རིགས་དབྱེའི་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་མི་རྣམས་ཀྱི་བསམ་བློའི་མཉམ་ཤུགས་དང་། མང་ཚོགས་ཀྱི་ཁེ་ཕན་དང་མཐུན་པའི་འབྲེལ་བ་འཕྱུགས་མེད་བཙལ་ཏེ་ཉེ་བར་བཅར་བ་དང་། དམིགས་བྱ་ཅན་དུ་འགྱུར་བ། མང་ཚོགས་དང་འབྲེལ་འདྲིས་ཐུབ་པ་བཅས་བྱེད་དགོས། ལེགས་བཅོས་གསར་གཏོད་མཐའ་འཁྱོངས་དང་། མང་ཚོགས་ཀྱི་བྱེད་ཐབས་སྤྱོད་མཁས་པ། མང་ཚོགས་ཞུགས་བདེ་བའི་ལས་སྟེགས་སྐྲུན་པ། མང་ཚོགས་ཞུགས་འདོད་ཡོད་པའི་ཐབས་ལམ་གཏོད་པ། འདུ་ཤེས་གསར་གཏོད་དང་། བྱེད་ཐབས་གསར་གཏོད། གཞི་རིམ་གྱི་ལས་ཀ་གསར་གཏོད་བཅས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ནས་ལས་ཀའི་ཡིད་དབང་འགུག་ནུས་ཆེ་རུ་གཏོང་དགོས།


 

5 ཐབས་ལམ་ལག་བསྟར།

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་སྒྲེང་བ་དང་། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ་”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་སློབ་སྟོན་དུ་འཛིན་པ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་དང་བློ་མཐུན་ཞི་ཅིན་ཕིན་གྱི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་བརྗོད་བྱ་གཙོ་བོ་འདིར་རྩེ་གཅིག་ཏུ་དམིགས་པ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་དམིགས་འབེན་འདིར་རྩེ་གཅིག་ཏུ་དམིགས་པ། “དར་སྤེལ་གསུམ་”གྱི་གཞི་རྩའི་ནང་དོན་འདིར་རྩེ་གཅིག་ཏུ་དམིགས་ཏེ། དྲིལ་བསྒྲགས་སློབ་གསོ་དང་། དཔེ་སྟོན་སྣེ་ཁྲིད། ལག་ལེན་གོམས་འདྲིས་བཅས་གཅིག་གྱུར་ཡོང་བར་དོ་སྣང་དང་། སྲིད་ཇུས་འགན་སྲུང་དང་། ལམ་ལུགས་ཚད་ལྡན། བཅའ་ཁྲིམས་ཀྱི་ཚོད་འཛིན་བཅས་ཕན་ཚུན་འབྲེལ་མཐུད་ཡོང་བར་དོ་སྣང་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དེ་མི་རྣམས་ཀྱི་ཐོན་སྐྱེད་འཚོ་བ་དང་བསམ་པའི་འཇིག་རྟེན་དུ་འདྲེས་པར་བྱེད་པ་དང་། མི་དམངས་ཡོངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་ལེན་ཕྱིར་འབད་འཐབ་ལྷོད་མེད་བྱེད་པར་སྐུལ་མ་གཏོང་དགོས།

ཕྱོགས་གཅིག་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་རྒྱུ་དེ་རྒྱལ་དམངས་སློབ་གསོའི་བརྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་པ་བྱེད་དགོས།

སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་བསྟར་རྒྱུ་དེ་ཆུང་དུས་ནས་དམ་འཛིན་དང་སློབ་གྲྭ་ནས་དམ་འཛིན་བྱ་དགོས། མི་གསོ་སྐྱོང་བྱ་རྒྱུ་རྩ་བར་འཛིན་པ་དང་ཀུན་སྤྱོད་གསོ་སྐྱོང་བྱེད་པ་སྔོན་ལ་འཇོག་པ་རྒྱུན་འཁྱོངས་དང་། སྤྱོད་བཟང་དར་སྤེལ་དང་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་ལ་དམིགས་ནས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རྒྱལ་དམངས་སློབ་གསོའི་སྤྱིའི་འཆར་འགོད་ནང་བཅུག་སྟེ། སློབ་གྲྭ་དང་། མཐོ་རིམ་སློབ་གསོ། ལས་རིགས་ལག་རྩལ་སློབ་གསོ། དར་མའི་སློབ་གསོའི་ཁྱབ་ཁོངས་ཁག་བཅས་སུ་ཁྱབ་པར་བྱེད་པ་དང་། སློབ་གསོ་སློབ་ཁྲིད་དང་དོ་དམ་ཞབས་ཞུའི་ལྷུ་ཚིགས་ཁག་ཏུ་དོན་འཁྱོལ་བྱས་ཏེ། སློབ་གྲྭ་ཡོངས་དང་སློབ་མཁན་ཚང་མར་ཁྱབ་པར་བྱ་དགོས། སློབ་ཁྲིད་དང་། སྤྱི་ཚོགས་ལག་ལེན། སློབ་གྲྭའི་རིག་གནས་བཅས་ཕྱོགས་མང་པོའི་མི་སྣ་གསོ་སྐྱོང་བྱེད་པའི་སྟེགས་བུ་ཆགས་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སློབ་གསོ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ། སློབ་སྦྱོང་ལ་དགའ་ཞེན་དང་། ངལ་རྩོལ་ལ་དགའ་ཞེན། མེས་རྒྱལ་ལ་དགའ་ཞེན་བཅས་ཀྱི་བྱེད་སྒོའི་ནུས་ལྡན་རྣམ་པ་དང་ཕུགས་ཕན་ལམ་སྲོལ་ཆགས་པ་བཅས་བྱས་ཏེ་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རིག་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་ཧུར་ཐག་བྱེད་དགོས། གཞོན་ནུ་ལོ་ཆུང་གི་ལུས་སེམས་ཀྱི་ཁྱད་ཆོས་དང་འཚར་ལོངས་ཀྱི་ཆོས་ཉིད་དང་འཚམ་པར་བྱས་ཏེ་སྐྱེ་བོ་ལོ་ན་མ་སོན་པའི་བསམ་བློ་དང་ཀུན་སྤྱོད་ལེགས་སྐྱོང་དང་སློབ་གྲྭ་ཆེ་མོ་བའི་བསམ་བློ་དང་ཆབ་སྲིད་ཀྱི་སློབ་གསོ་གཏིང་ཟབ་ཏུ་གཏོང་བ་དང་། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་འབྲེལ་མཐུད་ནུས་ལྡན་བྱེད་པའི་སློབ་ཚན་མ་ལག་དང་སློབ་དེབ་མ་ལག་འཛུགས་པ། སློབ་གྲྭ་འབྲིང་ཆུང་གི་ཀུན་སྤྱོད་སློབ་གསོའི་སློབ་ཚན་དང་མཐོ་སློབ་ཀྱི་བསམ་བློ་དང་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་སློབ་ཚན་གྱི་སློབ་གསོ་དང་སློབ་ཁྲིད་གསར་གཏོད་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སློབ་དེབ་དང་། སློབ་ཁང་། སློབ་མའི་ཀླད་པ་བཅས་སུ་སླེབས་པར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། སློབ་གྲྭ་དང་། ཁྱིམ་ཚང་། སྤྱི་ཚོགས་བཅས་ཕྱོགས་གསུམ་ཟུང་འབྲེལ་གྱི་སློབ་གསོའི་དྲ་རྒྱ་འཐུས་སྒོ་ཚང་དུ་བཏང་ནས་རྒྱ་ཆེའི་ཁྱིམ་ཚང་དང་སྤྱི་ཚོགས་ཕྱོགས་ཁག་གིས་རང་འགུལ་ངང་སློབ་གྲྭའི་སློབ་གསོར་གཞོགས་འདེགས་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་ཁྱིམ་ཚང་གི་རྣམ་པ་བཟང་པོ་དང་སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོར་བརྟེན་ནས་སློབ་གྲྭའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ་ཁྱིམ་ཚང་དང་། སྤྱི་ཚོགས། སློབ་གྲྭ་བཅས་ཀྱིས་ལག་གདང་སྦྲེལ་ནས་མི་སྣ་གསོ་སྐྱོང་བྱེད་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས།

གཞོན་ནུ་ལོ་ཆུང་གིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་བསྟར་བའི་ཐབས་ལམ་ནུས་ལྡན་རྒྱ་སྐྱེད་གཏོང་དགོས། སྤྱི་ཚོགས་ལག་ལེན་གྱི་གསོ་སྐྱོང་ནུས་པ་འདོན་སྤེལ་བྱེད་པར་དོ་སྣང་དང་། ལག་ལེན་གྱི་སློབ་གསོ་དང་སློབ་ཁྲིད་མ་ལག་འཐུས་ཚང་དུ་གཏོང་བ། ལག་ལེན་གྱི་སློབ་ཚན་དང་བྱེད་སྒོའི་སློབ་ཚན་གསར་སྤེལ། ལག་ལེན་གྱི་མི་སྣ་གསོ་སྐྱོང་རྟེན་གཞི་འཛུགས་སྐྲུན་ལ་ཤུགས་སྣོན། སློབ་ཆེན་སློབ་མའི་སློབ་ཕྱིའི་ལག་ལེན་སློབ་གསོའི་རྟེན་གཞི་དང་། མཐོ་རིམ་ལས་རིགས་ཀྱི་དངོས་སྦྱོང་རྟེན་གཞི། གཞོན་ནུ་ལོ་ཆུང་གི་སྤྱི་ཚོགས་ལག་ལེན་བྱེད་སྒོའི་རྟེན་གཞི་བཅས་འཛུགས་པ། གཞོན་ནུ་དང་ལོ་ཆུང་རྣམས་རང་ནུས་གང་ལྕོགས་ཀྱིས་ཐོན་སྐྱེད་ངལ་རྩོལ་དང་། གཅེས་སེམས། ཀུན་སྤྱོད་དང་ཤེས་རིག་ལ་ཕན་པའི་ཚན་རིག་ཞིབ་འཇུག་གསར་གཏོད་དང་གསར་གཏོད་བྱེད་སྒོ། དང་བླངས་ཞབས་ཞུ་དང་ལས་སློབ་གཉིས་བརྩོན་གྱི་བྱེད་སྒོ་བཅས་ལ་ཞུགས་རྒྱུ་སྒྲིག་འཛུགས་བཅས་བྱ་དགོས། སློབ་གྲྭའི་རིག་གནས་ཀྱི་ཤུགས་རྐྱེན་བཟང་པོ་འདོན་སྤེལ་བྱེད་པར་དོ་སྣང་དང་། སློབ་གྲྭའི་ཚགས་པར་དང་དུས་དེབ། རྒྱང་བསྒྲགས་བརྙན་འཕྲིན། དྲ་བ་བཅས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། སློབ་གྲྭའི་རིག་གནས་བྱེད་སྒོའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ། སློབ་གྲྭའི་ཁོར་ཡུག་གསོ་སྐྱོང་དང་མཐའ་སྐོར་ཁོར་ཡུག་བཅོས་སྐྱོང་བྱེད་པར་མཐོང་ཆེན་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་ཆོས་དང་། དུས་རབས་ཀྱི་ཁྱད་ཆོས། སློབ་གྲྭའི་ཁྱད་ཆོས་བཅས་མཚོན་པའི་སློབ་གྲྭའི་རིག་གནས་འཛུགས་སྐྱོང་བྱ་དགོས།

དགེ་རྒན་གྱི་ཀུན་སྤྱོད་བླ་ན་མེད་པ་དང་ལས་སྒོའི་བྱང་ཚད་མཐོ་བའི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་བྱ་དགོས། དགེ་རྒན་གྱི་ཀུན་སྤྱོད་ལེགས་སྐྱོང་ལས་གཞི་ལག་བསྟར་བྱེད་པ་དང་། དགེ་རྒན་གྱི་ཀུན་སྤྱོད་བཟང་ཚད་འཐུས་ཚང་དུ་གཏོང་བ། དགེ་རྒན་གྱི་ལས་འགན་འཁུར་བའི་ཐོབ་ཐང་ལམ་ལུགས་འཐུས་ཚང་དུ་གཏོང་བ། དགེ་རྒན་གྱི་ཀུན་སྤྱོད་བཟང་མིན་དེ་དགེ་རྒན་ལ་དཔྱད་ཞིབ་དང་། གདན་ཞུ། གདེང་འཇོག་བཅས་བྱེད་པ་ནང་དོན་གཙོ་བོར་བཟུང་སྟེ། དགེ་རྒན་གྱི་ཀུན་སྤྱོད་བཟང་མིན་གྱི་ཡུན་ཕན་ལམ་སྲོལ་ཆགས་པར་བྱེད་དགོས། སློབ་གྲྭའི་ཏང་སྲིད་ལས་བྱེད་པ་དང་གུང་གཞོན་ཚོགས་པའི་ལས་བྱེད་པ་དང་། བསམ་བློ་དང་ཀུན་སྤྱོད་ཀྱི་སློབ་ཚན། བསམ་བློ་དང་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་ཀྱི་སློབ་ཚན། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་སློབ་ཚན་བཅས་ཀྱི་དགེ་རྒན། ཟུར་ཁྲིད་པ་དང་འཛིན་གྲྭའི་ཀྲུའུ་རེན་གྱི་དཔུང་ཁག་འཛུགས་སྐྱོང་བཅས་གཙོ་གནད་དུ་བཟུང་ནས་དམ་འཛིན་ཡག་པོ་བྱ་དགོས། རྒྱ་ཆེའི་དགེ་རྒན་གྱིས་རང་རྟོགས་ངང་དཔེ་ཁྲིད་མི་སྐྱོང་གི་གཟི་བརྗིད་ལྡན་པའི་བསམ་པ་དང་འགན་འཁྲིའི་བསམ་པ་ཆེ་རུ་གཏོང་བ་དང་། ཡོན་ཏན་ཀུན་གྱི་དགེ་རྒན་དང་། བྱ་སྤྱོད་ཀུན་གྱི་མིག་དཔེ་ལྟར། སློབ་མ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བའི་སློབ་སྟོན་པ་དང་ལམ་ཁྲིད་པ་བཅས་བྱེད་པར་ཁྲིད་སྟོན་བྱ་དགོས།

ཕྱོགས་གཞན་ཞིག་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་རྒྱུ་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་ལག་ལེན་དང་སྤྱི་ཚོགས་བཅོས་སྐྱོང་ཁྲོད་དོན་འཁྱོལ་བྱེད་དགོས།

དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་ཚད་དང་འཕེལ་རྒྱས་ཀྱི་འཆར་འགོད་གཏན་འཁེལ་བྱེད་པ་དང་། དཔལ་འབྱོར་སྤྱི་ཚོགས་ཀྱི་སྲིད་ཇུས་དང་སྒྱུར་བཅོས་ཀྱི་བྱེད་ཐབས་གལ་ཆེན་འདོན་པ། ཐོན་སྐྱེད་གཉེར་སྐྱོང་གི་བྱེད་སྒོ་ཁག་སྤེལ་བ་བཅས་བྱེད་པར་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་བླང་བྱ་གཞིར་བཟུང་སྟེ་སྤྱི་ཚོགས་ཀྱི་འགན་འཁྲི་དང་སྤྱི་ཚོགས་ཀྱི་ཕན་འབྲས། ཁྲིམས་སྲུང་གཉེར་སྐྱོང་། དྲང་གཞག་འགྲན་རྩོད། ཁ་དན་ཚིག་ལ་གནས་པ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་གཏོང་བར་ཕན་པའི་སྲིད་ཇུས་ཀྱི་སྟོན་ཕྱོགས་བཟང་པོ་དང་། ཁེ་ཕན་ལམ་སྲོལ། སྤྱི་ཚོགས་ཀྱི་ཁོར་ཡུག་བཅས་ཆགས་པ་བྱེད་དགོས། མི་རྣམས་ཀྱི་ཐོན་སྐྱེད་འཚོ་བ་དང་དངོས་ཡོད་ཁེ་ཕན་དང་འབྲེལ་བ་དམ་ཟབ་ཡོད་པའི་སྲིད་ཇུས་དང་བྱེད་ཐབས་བྱེ་བྲག་པ་རྣམས་དཔལ་འབྱོར་བྱ་སྤྱོད་དང་རིན་ཐང་ཁྲིད་ཕྱོགས་གཅིག་གྱུར་དམ་ཚགས་ཡོང་བར་དོ་སྣང་ཆེན་པོ་དང་། དཔལ་འབྱོར་ཕན་འབྲས་དང་སྤྱི་ཚོགས་ཕན་འབྲས་གཅིག་གྱུར་དམ་ཚགས་ཡོང་བ། ཚོང་རའི་དཔལ་འབྱོར་དང་ཀུན་སྤྱོད་འཛུགས་སྤེལ་མཉམ་འགུལ་བཟང་པོ་ཡོང་བར་བྱ་དགོས། བབ་བསྟུན་གྱི་སྲིད་ཇུས་དཔྱད་དཔོག་དང་ཡོ་བསྲང་ལམ་སྲོལ་འཛུགས་པ་འཐུས་ཚང་དུ་བཏང་སྟེ། བྱེ་བྲག་གི་སྲིད་ཇུས་བྱེད་ཐབས་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཕན་ཚུན་འགལ་བ་ཡོད་པའི་སྣང་ཚུལ་སྔོན་འགོག་བྱེད་དགོས།

བཅའ་ཁྲིམས་དང་ཁྲིམས་སྲོལ་ནི་སྤྱི་ཚོགས་ཀྱི་གཙོ་རྒྱུན་རིན་ཐང་ཁྱབ་གདལ་གཏོང་བའི་འགན་ལེན་གལ་ཆེན་ཞིག་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དེ་ཁྲིམས་ལྟར་རྒྱལ་སྐྱོང་དང་། ཁྲིམས་ལྟར་སྲིད་སྐྱོང་། ཁྲིམས་ལྟར་སྲིད་འཛིན་བཅས་ཀྱི་ལག་ལེན་ཁྲོད་ལག་བསྟར་བྱེད་པ་དང་། ཁྲིམས་འཛུགས་དང་། ཁྲིམས་བསྟར། ཁྲིམས་ལུགས་ཁྱབ་གདལ། ཕྱོགས་གང་ཅིའི་ཐད་དོན་འཁྱོལ་བྱེད་པ། བཅའ་ཁྲིམས་ཀྱི་དབང་གྲགས་ལ་བརྟེན་ནས་མི་རྣམས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་བའི་རང་རྟོགས་རང་བཞིན་ཆེ་རུ་གཏོང་དགོས། ཁྲིམས་སྐྱོང་ནན་པོ་དང་། ཁྲིམས་བསྟར་ནན་པོ། ཁྲིམས་འཛིན་དྲང་གཞག རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་ལ་རྒྱ་སྲུང་སྐྱོང་། སྤྱི་ཚོགས་ཀྱི་དྲང་སྙོམས་དྲང་བདེན་སྲུང་སྐྱོང་བཅས་བྱེད་དགོས། ཁྲིམས་ལུགས་དྲིལ་བསྒྲགས་དང་སློབ་གསོ་རྒྱག་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རིག་གནས་གསོ་སྐྱོང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་སྙིང་སྟོབས་དར་སྤེལ། ཁྲིམས་བཀུར་ཁྲིམས་སྲུང་ཁྲིམས་སྤྱོད་བཅས་ཀྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་འབྲེལ་ཡོད་བླང་བྱ་དེ་བཅའ་ཁྲིམས་ཀྱི་གཏན་འབེབས་བྱེ་བྲག་ཏུ་འགྱུར་བར་དོ་སྣང་བྱས་ཏེ། བཅའ་ཁྲིམས་ཀྱི་ཚད་ལྡན་དང་། ཁྲིད་སྟོན། འགན་སྲུང་། ཁྲིམས་ལུགས་བཅས་འདོན་སྤེལ་གང་ལེགས་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་བསྟར་བར་ཕན་པའི་ཁྲིམས་སྐྱོང་ཁོར་ཡུག་བཟང་པོ་ཆགས་པར་བྱེད་དགོས།

སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བསྟར་རྒྱུ་དེ་སྤྱི་ཚོགས་བཅོས་སྐྱོང་གི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་ལམ་ལུགས་འཛུགས་སྐྱོང་དང་བཅོས་སྒྲིག་ལས་དོན་ནང་མཉམ་འདྲེས་བྱས་ཏེ་ཚན་རིག་དང་མཐུན་ལ་ཕན་འབྲས་ཐོན་པའི་རེ་ཞུའི་ལམ་སྲོལ་དང་། ཁེ་ཕན་མཐུན་སྦྱོར་ལམ་སྲོལ། འགལ་བ་སེལ་བའི་ལམ་སྲོལ། ཁེ་དབང་འགན་ལེན་ལམ་སྲོལ་བཅས་ཆགས་པ་བྱས་ཏེ་ སྤྱི་ཚོགས་འཆམ་མཐུན་ཡོང་གང་ཐུབ་བྱེད་དགོས། སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་དང་། བསྔགས་སྐུལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ། དགེ་སྒྲུབ་བྱ་སྤྱོད་ལ་གཟེངས་བསྟོད་བྱེད་པ། བཅོས་སྐྱོང་ཕན་ནུས་དང་ཀུན་སྤྱོད་མཐོར་འདེགས་ཕན་ཚུན་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མི་བཟང་ལ་དྲིན་ལན་འཇལ་བ་དང་དྲིན་ཅན་ལ་དྲིན་ལན་འཇལ་བའི་དྲང་ཕྱོགས་ཀྱི་ཕན་ནུས་ཆགས་པར་བྱེད་དགོས། གྲོང་མིའི་སྤྱི་ཆིངས་དང་། གྲོང་སྲོལ་དམངས་ཆིངས། སློབ་མའི་བསྲུང་བྱ་དང་ལས་རིགས་ཚད་ལྡན་བཅས་འཐུས་ཚང་དུ་གཏོང་བ་དང་། སྒྲིག་སྲོལ་ལམ་ལུགས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱུན་ལྡན་བཅོས་སྐྱོང་ཁྲོད་སྤྱི་ཚོགས་ཀྱི་གཙོ་རྒྱུན་རིན་ཐང་མངོན་གསལ་དོད་པོས་མངོན་པ་བཅས་བྱས་ཏེ་ཡང་དག་པའི་བྱ་སྤྱོད་ལ་སྐུལ་ལྕག་ཐོབ་པ་དང་ནོར་འཁྲུལ་གྱི་བྱ་སྤྱོད་ལ་རྒོལ་གཏམ་ཕོག་པ་བྱེད་དགོས།

6 དྲིལ་བསྒྲགས་སློབ་གསོ།

སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་སྤྱི་ཚོགས་ཀྱི་བསམ་པའི་རླབས་རྒྱུན་གྱི་སྣེ་ཁྲིད་དང་། སྤྱི་ཚོགས་ཀྱི་ངོས་འཛིན་གཅིག་མཐུན་གོང་བུར་འགྲིལ་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དང་ཀྲུང་གོའི་ཕུགས་འདུན་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་ནས་མི་རྣམས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་ཡོངས་ཀྱི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་འདུན་པ་དང་ཆོད་སེམས་བརྟན་དུ་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སློབ་སྦྱོང་དང་སློབ་གསོ་རྒྱག་རྒྱུ་དེ་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱི་སློབ་སྦྱོང་འཆར་གཞིའི་ནང་འཇུག་རྒྱུ་དང་རིམ་ཁག་ཏང་ཨུད་ཀྱི་འཆད་ཁྲིད་ཚོགས་པའི་རྒྱུན་གཏན་རང་བཞིན་གྱི་སྒྲོག་འགྲེལ་ནང་དོན་ནང་འཇུག་རྒྱུ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་རིགས་པའི་གཞུང་ལུགས་དང་དོན་དངོས་ཀྱི་གནད་དོན་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་ཕུན་སུམ་ཚོགས་པའི་ནང་དོན་དང་ལག་ལེན་གྱི་བླང་བྱར་འགྲེལ་བཤད་གཏིང་ཟབ་བརྒྱབ་ནས་ལག་ལེན་འཕེལ་རྒྱས་ལ་རིག་གཞུང་གི་འདེགས་སྐྱོར་མཁོ་འདོན་བྱེད་དགོས། མར་ཁེ་སིའི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྲུན་ལས་གྲྭར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ཁྲིད་ཕྱོགས་དང་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས་རིན་ཐང་ལྡན་པའི་ཞིབ་འཇུག་གྲུབ་འབྲས་སྔར་ལས་མང་བ་འདོན་དགོས། སྤྱི་ཚོགས་ཀྱི་བསམ་པའི་རླབས་རྒྱུན་གྱི་འགུལ་རྣམ་དབྱེ་ཞིབ་ལ་ཤུགས་སྣོན་རྒྱག་པ་དང་། སྤྱི་ཚོགས་ཀྱི་གླེང་ཆ་ཆེ་བ་དང་དཀའ་གནད་ཆེ་བའི་གནད་དོན་ལ་དྲང་ཕྱོགས་ནས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། བར་ཁྱད་ལ་བརྩི་འཇོག་བྱེད་པའི་ཁྲོད་སྤྱི་ཚོགས་ཀྱི་ངོས་འཛིན་གཅིག་མཐུན་ཆེ་རུ་གཏོང་བ། སྣ་མང་བཟོད་སྒོམ་བྱེད་པའི་ཁྲོད་བསམ་བློའི་ངོས་འཛིན་གཅིག་མཐུན་ཆགས་པ་བཅས་བྱེད་དགོས། ཚོགས་པ་དང་། འཆད་ཁྲིད། གླེང་སྟེགས། དཔྱད་གླེང་ཚོགས་འདུ། སྙན་ཞུའི་ཚོགས་འདུ་བཅས་ལ་དོ་དམ་ནན་པོ་བྱ་དགོས།

གསར་འགྱུར་སྨྱན་སྦྱོར་གྱིས་སྤྱི་ཚོགས་ཀྱི་གཙོ་རྒྱུན་རིན་ཐང་ཁྱབ་སྤེལ་གཏོང་བའི་ཐབས་ལམ་གཙོ་བོའི་ནུས་པ་འདོན་སྤེལ་བྱེད་དགོས། མཐུན་སྒྲིལ་བརྟན་ལྷིང་དང་ངར་ཤུགས་འཕེལ་བ། དྲང་ཕྱོགས་ནས་དྲིལ་བསྒྲགས་བྱ་རྒྱུ་གཙོ་བོར་འཛིན་རྒྱུ་དང་། ཡང་དག་པའི་གླེང་མོལ་དམ་འཛིན་ནན་པོ་མཐའ་འཁྱོངས་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རྒྱུན་གཏན་གྱི་དུས་བབ་དྲིལ་བསྒྲགས་དང་། གྲུབ་འབྲས་དྲིལ་བསྒྲགས། བརྗོད་བྱ་གཙོ་བོའི་དྲིལ་བསྒྲགས། དཔེ་མཚོན་དྲིལ་བསྒྲགས། གླེང་མང་བའི་སྣེ་ཁྲིད། གླེང་མང་བའི་གླེང་ཕྱོགས་ཀྱི་ལྟ་སྐུལ་བཅས་ཀྱི་ཁྲོད་ཁྱབ་པ་བྱས་ནས་དྲང་ནུས་བརྒྱུད་སྤེལ་བྱས་ཏེ་དགེ་མཚན་ལྡན་ཞིང་སྐྱོན་བྲལ་ཡར་ཐོན་གྱི་གཙོ་རྒྱུན་བསམ་བློའི་གླེང་ཕྱོགས་རྒྱུན་ཆད་མེད་པར་སྲ་བརྟན་དང་སྟོབས་ཆེར་གཏོང་དགོས། ཏང་གི་དུས་དེབ་དང་། གྲོང་ཁྱེར་རིགས་དང་ལས་རིགས་རིགས་ཀྱི་སྨྱན་སྦྱོར་གྱིས་གཙོ་རྒྱུན་རིན་ཐང་བརྒྱུད་སྤེལ་བྱེད་པའི་སྤྱི་ཚོགས་ཀྱི་འགན་འཁྲི་ཆེ་རུ་གཏོང་བ་དང་། རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་ཧུར་ཐག་བྱེད་པ། མང་བགོས་ཅན་གྱི་ཁྱད་ཆོས་དང་འཚམ་པ། མང་ཚོགས་དང་འབྲེལ་བའི་དཔེ་མཚོན་མང་ཙམ་སྤྱོད་པ། མང་ཚོགས་ཀྱི་སྐད་ཆ་མང་ཙམ་སྤྱོད་པ་བཅས་བྱས་ནས་གསོན་ཉམས་ལྡན་པའི་དྲིལ་བསྒྲགས་ཁྲོད་མི་རྣམས་ལ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་རྒྱུར་ཁྲིད་སྟོན་བྱེད་དགོས། ཁྱབ་སྤེལ་སྨྱན་སྦྱོར་གྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ནོར་འཁྲུལ་གྱི་ལྟ་བར་ཁྱབ་སྤེལ་ཐབས་ལམ་མཁོ་འདོན་མི་བྱེད་པ། གསར་འགྱུར་དཔེ་སྐྲུན་ཚན་པ་དང་ལས་གཉེར་མི་སྣས་ལས་རིགས་རང་གཅུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྱབ་སྤེལ་གཏོང་བའི་འགན་འཁྲིའི་འདུ་ཤེས་དང་ནུས་པ་ཆེ་རུ་གཏོང་བ། མི་སྒེར་གྱི་ཀུན་སྤྱོད་བློ་སྦྱོང་དེ་ལས་གཉེར་ཐོབ་ཐང་དཔྱད་བསྡུར་གྱི་ནང་དོན་གལ་ཆེན་དུ་བརྩི་དགོས།

སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་དྲ་ཐོག་སྒྲོག་སྤེལ་གཡུལ་ས་འཛུགས་སྐྲུན་བྱེད། དྲ་སྦྲེལ་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་གནས་བབ་དང་འཚམ་པར་བྱེད་པ་དང་། དྲ་རྒྱའི་ཁྱབ་སྤེལ་ཆོས་ཉིད་སྤྱོད་མཁས་པོ་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དེ་དྲ་རྒྱའི་དྲིལ་བསྒྲགས་དང་། དྲ་རྒྱའི་རིག་གནས། དྲ་བའི་ཞབས་ཞུ་བཅས་ཀྱི་ཁྲོད་མཚོན་པ་དང་། དྲང་ཕྱོགས་ཀྱི་སྐད་སྒྲ་དང་སྔོན་ཐོན་རིག་གནས་ཀྱིས་དྲ་རྒྱའི་གཡུལ་ས་བཟུང་དགོས། གཙོ་གནད་གསར་འགྱུར་དྲ་ཚིགས་རྒྱ་སྟོབས་ཆེ་རུ་གཏོང་བ་དང་། ཚོང་ལས་དྲ་ཚིགས་གཙོ་བོའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་པ། དྲ་ཐོག་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་ཆགས་པར་བྱེད་པ། དྲ་ཐོག་གླེང་ཕྱོགས་ཀྱི་ཁྲིད་སྟོན་མཉམ་ཤུགས་གཅིག་སྡུད་བྱེད་པ་བཅས་བྱེད་དགོས། ཆ་འཕྲིན་དྲ་བ་གལ་ཆེན་ཐོག་ཡོངས་བསྒྲགས་ཡག་པོ་བྱས་ནས་དྲ་དམངས་ཀྱི་དོ་ཁུར་ལ་ཨ་ལན་སློག་པ་དང་རང་འགུལ་ངང་དྲ་ཐོག་ནས་ནུས་ལྡན་ཁྲིད་སྟོན་བྱེད་དགོས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་དེང་རབས་རིག་གནས་སྤུས་དག་ཁྱབ་སྤེལ་བྱེད་པར་སྐུལ་འདེད་གཏོང་བ་དང་། གསར་དར་སྨྱན་སྦྱོར་གྱི་ཁྱབ་སྤེལ་དང་ཁྱད་ཆོས་སྐྱོན་བྲལ་ཡོང་བར་འཚམ་པའི་དྲ་བའི་རིག་གནས་བརྩམས་ཆོས་གསར་རྩོམ་བྱ་དགོས། ཁྲིམས་ལྟར་དྲ་རྒྱའི་སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། དྲ་རྒྱའི་ལག་རྩལ་གསར་པ་དང་བཀོལ་སྤྱོད་གསར་པ་དོ་དམ་ལ་ཤུགས་སྣོན་རྒྱག་པ། དྲ་རྒྱའི་ཁྲིམས་ལུགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། དྲ་ཐོག་ཆ་འཕྲིན་ཁྱབ་སྤེལ་གྱི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ། དྲ་རྒྱའི་ཆགས་སྲེད་འདོད་སྲེད་དང་མ་རབས་ཐ་ཤལ་གྱི་ཆ་འཕྲིན་བཅོས་སྒྲིག་བྱེད་པ། དྲ་རྒྱའི་དཀྲོག་གཏམ་དང་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བ་བཅས་བྱས་ནས་དྲ་རྒྱའི་བར་མཐོངས་དྭངས་གཙང་ཡོང་བ་བྱེད་དགོས།

བསམ་པའི་རིག་གནས་ཐོན་རྫས་ཀྱིས་མི་སྣ་གསོ་སྐྱོང་བྱེད་པའི་ནུས་པ་གལ་ཆེན་འདོན་སྤེལ་བྱ་དགོས། རིག་གནས་ཐོན་རྫས་དང་། རིག་གནས་ཞབས་ཞུ། རིག་གནས་བྱེད་སྒོ་མཐའ་དག་ལ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་གཏོང་བ་དང་། དགེ་མཚན་ལྡན་པའི་མི་ཚེའི་དོན་གཉེར་དང་། བླ་ན་མེད་པའི་བསམ་བློའི་རྟོགས་པ། སྐྱོན་བྲལ་གྱི་འཚོ་བ་བཅས་བརྒྱུད་སྤྲོད་བྱ་དགོས། རིག་གནས་ཐོན་རྫས་ཀྱི་བསམ་བློའི་གཤིས་རྒྱུད་དང་སྒྱུ་རྩལ་གྱི་བྱང་ཚད་མཐོ་རུ་གཏོང་བ་དང་། བསམ་བློའི་རང་བཞིན་དང་སྒྱུ་རྩལ་གྱི་རང་བཞིན། ལྟད་མོའི་རང་བཞིན་བཅས་ཕན་ཚུན་གཅིག་གྱུར་ཡོང་བ་བྱེད་པ། བདེན་ལེགས་མཛེས་གསུམ་དར་སྤེལ་དང་རྫུན་ངན་སྐྱུག་བྲོ་གསུམ་དམའ་འབྱིན་བྱེད་དགོས། རིག་གནས་ཀྱི་ལས་རྣམ་གསར་པ་དང་རིག་གནས་ཀྱི་རྣམ་པ་གསར་པར་ཁྲིད་སྟོན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རིགས་མི་འདྲ་བའི་རིག་གནས་ཐོན་རྫས་ཚང་མ་སྤྱི་ཚོགས་ཀྱི་གཙོ་རྒྱུན་རིན་ཐང་དར་སྤེལ་གཏོང་བའི་གསོན་ཉམས་དོད་པའི་གཞི་རྟེན་དུ་འགྱུར་བ་བྱེད་དགོས། ཕུལ་བྱུང་གི་རིག་གནས་ཐོན་རྫས་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་ནས་ཕུལ་བྱུང་གི་རིག་གནས་ཐོན་རྫས་འགྲེམས་སྟོན་དང་། འགྲེམས་སྤེལ། འགྲེམས་གཏོང་བཅས་ཀྱི་བྱེད་སྒོ་དང་བརྩམས་ཆོས་ལྟ་ཀློག་གི་བྱེད་སྒོ་སྤེལ་དགོས། རིག་གནས་ཐོན་རྫས་ཀྱི་གདེང་འཇོག་མ་ལག་འཐུས་ཚང་དུ་གཏོང་བ་དང་། རིག་རྩལ་དཔྱད་གཏམ་ལ་བྱ་དགའ་སྤྲོད་པའི་རིན་ཐང་གི་ལྟ་བ་ཡང་དག་པ་རྒྱུན་འཁྱོངས་བྱ་དགོས། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཆ་སྙོམས་སྤུས་ལེགས་ཀྱི་རིག་གནས་ཐོན་རྫས་འདོན་སྤྲོད་བྱེད་པ། སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་བྱེད་སྒོ་སྤེལ་བ། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བཅས་བྱ་དགོས།

7 ལག་ལེན་བྱེད་སྒོ།

ཀུན་སྤྱོད་ལག་ལེན་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་དགོས། ཁ་དན་ཚིག་གནས་འཛུགས་སྐྱོང་བྱ་རྒྱུ་གཙོ་གནད་དུ་བཟུང་སྟེ་སྤྱི་ཚོགས་ཀྱི་སྤྱི་པའི་སྤྱོད་བཟང་དང་། ལས་རིགས་ཀྱི་ཀུན་སྤྱོད། ཁྱིམ་ཚང་གི་ཀུན་སྤྱོད། སྒེར་གྱི་གཤིས་སྤྱོད་བཅས་ཀྱི་སློབ་གསོར་ཤུགས་སྣོན་བརྒྱབ་ནས་རང་གཅུན་དང་། ཀུན་སྤྱོད་ལ་བརྩི་མཐོང་། གུས་ཞབས་གུ་ཡངས་བཅས་ཀྱི་ཀུན་སྤྱོད་སྲོལ་བཟང་ཆགས་པ་བྱེད་དགོས། སྔོན་ཐོན་དཔེ་མཚོན་དྲིལ་བསྒྲགས་ཤུགས་ཆེན་དང་། ཀུན་སྤྱོད་དཔེ་བཟང་ཅན་དཔྱད་འདེམས་དང་གཟེངས་བསྟོད་བྱས་ཏེ། སྔོན་ཐོན་ལ་སློབ་སྦྱོང་དང་སྔོན་ཐོན་བརྩོན་ལེན་བྱེད་པའི་དར་སྲོལ་བཟང་པོ་ཆགས་པར་བྱ་དགོས། རྒྱལ་ཁབ་དངོས་མང་བཤམས་སྟོན་ཁང་དུ་དཔའ་བོ་དང་དཔེ་བཟང་བཤམས་སྟོན་ཁང་བཙུགས་ཡོད། དྲིལ་བསྒྲགས་ཉིན་མོའི་བྱེད་སྒོ་ཟབ་སྤེལ་དང་། ཀུན་སྤྱོད་གླེང་སྟེགས། ཀུན་སྤྱོད་འཆད་ཁྲིད། ཀུན་སྤྱོད་བློ་སྦྱོང་སོགས་ཀྱི་བྱེད་སྒོ་སྒྲིག་འཛུགས་བྱེད་དགོས། སྲིད་དོན་ཡིད་རྟོན་དང་། ཚོང་དོན་ཡིད་རྟོན། སྤྱི་ཚོགས་ཡིད་རྟོན། ཁྲིམས་འཛིན་སྤྱི་མོས་བཅས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཀུན་སྤྱོད་ཁྱབ་ཁོངས་ཀྱི་འབུར་ཐོན་གནད་དོན་ལ་ཆེད་དོན་སློབ་གསོ་དང་བཅོས་སྐྱོང་བྱེད་པ། ཁེ་ལས་དང་མི་སྒེར་གྱི་ཡིད་རྟོན་ཟིན་ཐོ་འཐུས་ཚང་དུ་གཏོང་བ། སྤྱི་ཚོགས་ཡོངས་སུ་ཁྱབ་པའི་ཡིད་རྟོན་འདྲི་རྩད་མ་ལག་འཐུས་ཚང་དུ་གཏོང་བ། ཡིད་རྟོན་མེད་པའི་བྱ་སྤྱོད་ལ་ཚོད་འཛིན་དང་ཆད་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་ཡོངས་སུ་ཡིད་རྟོན་ཡོད་ན་གཟི་བརྗིད་ལྡན་པ་དང་ཡིད་རྟོན་མེད་ན་ངོ་ཚ་ཁྲེལ་མེད་ཀྱི་རྣམ་པ་རྒྱ་ཁྱབ་ཏུ་ཆགས་པར་བྱ་དགོས། ཀུན་སྤྱོད་ལག་ལེན་བྱེད་སྒོ་སྤེལ་བ་དང་སྤྱོད་གཙང་རིན་ཐང་འདུ་ཤེས་གསོ་སྐྱོང་བྱེད་པ་ཟུང་འབྲེལ་བྱས་ཏེ། སྤྱོད་གཙང་ལ་གོང་བཀུར་དང་ལྐོག་ཟ་རུལ་སུངས་ལ་མཐོང་ཆུང་བྱེད་པའི་རྣམ་པ་བཟང་པོ་བསྐྲུན་དགོས། 

ལེ་ཧྥེང་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུའི་བྱེད་སྒོ་ཟབ་སྤེལ་བྱེད་པ། ལེ་ཧྥེང་གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་ལེ་ཧྥེང་ལ་སློབ་སྦྱོང་བྱེད་པའི་ལག་ལེན་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་བ་དང་། བྱེད་ཐབས་སྤྱད་དེ་ལེ་ཧྥེང་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོ་རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་གཙོ་གནད་དུ་འཛིན་པ་དང་། ཕན་ཚུན་གཅེས་སྐྱོང་དང་སྤྱི་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་བརྗོད་བྱ་གཙོ་བོར་བྱེད་པ། དབུལ་སྐྱོར་དཀའ་སེལ་དང་། བབ་བསྟུན་རོགས་སྐྱོབ། བྱེད་སྒོ་ཆེ་གྲས། ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་ཐད་དང་། ཁྱིམ་སྟོང་རྒན་རྒོན། གཞིས་ལུས་བུད་མེད་དང་བྱིས་པ། དཀའ་ངལ་ཡོད་པའི་ལས་བཟོ། དབང་པོ་སྐྱོན་ཅན་སོགས་ཚོགས་སྤྱིར་དམིགས་ནས་རྣམ་པ་སྣ་ཚོགས་ཀྱི་དང་བླངས་ཞབས་ཞུའི་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ་རང་ཉིད་ཀྱིས་མི་ཚང་མར་ཞབས་འདེགས་ཞུ་བ་དང་མི་ཚང་མས་རང་ལ་ཞབས་འདེགས་ཞུ་བའི་སྤྱི་ཚོགས་ཀྱི་དར་སྲོལ་ཞིག་ཆགས་པ་བྱེད་དགོས། ལེ་ཧྥེང་ལ་སློབ་སྦྱོང་དང་དང་བླངས་ཞབས་ཞུ་ཟུང་འབྲེལ་བྱས་ཏེ་དང་བླངས་ཞབས་ཞུའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། སྐུལ་ལྕག་ལམ་སྲོལ་དང་འགན་ལེན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུའི་བྱེད་སྒོ་གཞི་རིམ་དུ་སྤེལ་བ་དང་། སྡེ་ཁུལ་དུ་སྤེལ་བ། ཁྱིམ་ཚང་དུ་སྤེལ་བ་བཅས་བྱེད་དགོས།

མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་གསར་སྐྲུན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ། བསམ་པའི་དཔལ་ཡོན་འཛུགས་སྤེལ་བྱེད་སྒོ་སྣ་ཚོགས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་འབུར་དུ་ཐོན་པའི་བསམ་བློའི་ནང་དོན་ཐོག་ཕན་ནུས་དངོས་ཐོན་པར་བྱ་དགོས། ཡ་རབས་ཚུལ་ལྡན་གྱི་གྲོང་ཁྱེར་དང་། ཡ་རབས་ཚུལ་ལྡན་གྱི་གྲོང་ཚོ་དང་གྲོང་རྡལ། ལས་ཁུངས། ཡ་རབས་ཚུལ་ལྡན་གྱི་ཁྱིམ་ཚང་སོགས་གསར་འཛུགས་ཀྱི་བྱེད་སྒོར་སྐུལ་འདེད་གཏོང་བ་དང་། དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོ་སྤེལ་ནས་སྤྱི་དམངས་ཀྱི་ཡ་རབས་ཚུལ་ལྡན་གྱི་བྱང་ཚད་དང་སྤྱི་ཚོགས་ཀྱི་དཔལ་ཡོན་དར་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་དྲིལ་བསྒྲགས་སློབ་གསོ་རྒྱ་ཁྱབ་ཏུ་སྤེལ། གུས་སྲོལ་སློབ་གསོ་སྤེལ་ནས་སྤེལ་ས་གལ་ཆེན་དང་བྱེད་སྒོ་གལ་ཆེན་ཁྲོད་རྒྱལ་དར་འགེལ་བ་དང་རྒྱལ་གླུ་དཀྲོལ་བ། སློབ་གྲྭ་སློབ་འགོ་ཚུགས་པ་དང་སློབ་མ་སློབ་གྲྭར་ཐོན་སྐབས་བབ་བརླིང་བབ་ཆགས་ཀྱི་མཛད་སྒོ་སྤེལ་བ། གནོད་འཚེ་ཚབས་ཆེན་ལ་མྱ་ངན་ཞུ་བ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་གུས་སྲོལ་དེ་སྤྱི་ཚོགས་ཀྱི་གཙོ་རྒྱུན་རིན་ཐང་སྐྱེད་སྲིང་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཏུ་འགྱུར་བ་བྱེད་དགོས། སྤྱི་དམངས་ཀྱི་ཡ་རབས་ཡུལ་སྐོར་དྲིལ་བསྒྲགས་སློབ་གསོ་དང་། ཚད་ལྡན་ཚོད་འཛིན། སྤྱི་ཚོགས་ཀྱི་ལྟ་སྐུལ་བཅས་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་དམངས་ཡུལ་སྐོར་གྱི་ཡ་རབས་འདུ་ཤེས་ཟབ་ཏུ་གཏོང་དགོས།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-11-15

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།