ནང་བའི་གྲུབ་མཐའ་བཞི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ནང་བའི་གྲུབ་མཐའ་བཞི།
སྤྱིར་ནང་བ་དང་། ནང་བའི་གྲུབ་མཐའ་སྨྲ་བ་ཞེས་པ་ནི་མི་འདྲ་སྟེ་ནང་བ་ནི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ཐམས་ཅད་ཡིན་ལ་ནང་བའི་གྲུབ་མཐའ་སྨྲ་བ་ལ་དེ་ཙམ་གྱིས་མི་ཆོག་པར་ནང་བའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་སྨྲ་བར་བྱེད་པའི་གང་ཟག་ལ་གོ་དགོས་ཏེ་གྲུབ་མཐའ་ཞེས་པ་ནི་རང་གི་བློ་ངོར་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ལུང་དང་རིགས་པས་གྲུབ་ཅིང་གྲུབ་པའི་མཐའ་སྟེ་མུ་དེ་ལས་འདའ་བ་མེད་པ་ལ་གྲུབ་མཐའ་ཟེར། སྤྱིར་གྲུབ་མཐའ་རེ་རེར་གྲུབ་མཐའ་སྨྲ་བ་ཡོད་ལ་ནང་བའི་གྲུབ་མཐའ་སྨྲ་བ་ནི་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་པའི་གང་ཟག་ལ་ཟེར།ཕྱག་རྒྱ་བཞི་ནི་འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་བདག་མེད་པ། མྱ་ངན་ལས་འདས་པ་ཐམས་ཅད་ཞི་བ་བཞི་ཡིན་ལ་འདི་བཞི་ནི་ནང་བའི་ལྟ་བ་ཐམས་ཅད་ཀྱི་སྡོམ་ལྟ་བུ་ཡིན་པས་ཆོས་ཀྱི་སྡོམ་བཞིའང་ཟེར་ལ་ནང་བ་བ་ཞིག་ཡིན་ཕྱིན་ལྟ་བ་འདི་བཞི་ངེས་པར་ཁས་ལེན་དགོས་སོ་ཞེས་སྟོན་པ་སངས་རྒྱས་ཀྱིས་བཀར་བཏགས་པ་སྟེ་བཀས་ཐག་བཅད་དེ་དེ་ལས་བདའ་མི་རུང་བར་ཕྱག་རྒྱ་བཏབ་པ་ཞེས་པའི་དོན་ནོ། །
དཀར་ཆག
1   བྱེ་བྲག་སྨྲ་བའི་ལུགས་བཤད་པ།论毘婆沙宗
1.1 བྱེ་བྲག་སྨྲ་བའི་མཚན་ཉིད།
1.2 དབྱེ་ན།
1.3  སྒྲ་བཤད་པ། 
1.4  ཡུལ་གྱི་འདོད་ཚུལ།
1.5 ཡུལ་ཅན་གྱི་འདོད་ཚུལ།
1.6 བདག་མེད་འདོད་ཚུལ།
1.7 ས་ལམ་གྱི་རྣམ་གཞག
2   མདོ་སྡེ་པའི་ལུགས་བཤད་པ་ལ།论经部宗
2.1 མདོ་སྡེ་པའི་མཚན་ཉིད།
2.2 དབྱེ་ན།
2.3 སྒྲ་བཤད་པ། 
2.4 ཡུལ་གྱི་འདོད་ཚུལ།
2.5 ཡུལ་ཅན་གྱི་འདོད་ཚུལ།
2.6 བདག་མེད་འདོད་ཚུལ།
2.7 ས་ལམ་གྱི་རྣམ་གཞག
3   སེམས་ཙམ་པའི་ལུགས་བཤད་པ་ལ།论唯识宗
3.1 སེམས་ཙམ་པའི་མཚན་ཉིད།
3.2 དབྱེ་ན།
3.3 སྒྲ་བཤད་པ།
3.4 ཡུལ་གྱི་འདོད་ཚུལ།
3.5 ཡུལ་ཅན་གྱི་འདོད་ཚུལ།
3.6 བདག་མེད་འདོད་ཚུལ།
3.7 ས་ལམ་གྱི་རྣམ་གཞག
4   ངོ་བོ་ཉིད་མེད་པར་སྨྲ་བའི་ལུགས་བཤད་པ་ལ།论说无体性宗
4.1 ངོ་བོ་ཉིད་མེད་པར་སྨྲ་བའི་མཚན་ཉིད།
4.2 དབྱེ་ན། 
4.3 ཕྱེ་བ་སོ་སོའི་དོན་བཤད་པ།
1 བྱེ་བྲག་སྨྲ་བའི་ལུགས་བཤད་པ།论毘婆沙宗
1_1 བྱེ་བྲག་སྨྲ་བའི་མཚན་ཉིད།

རང་རིག་མི་འདོད་ཅིང་ཕྱི་དོན་བདེན་གྲུབ་ཏུ་འདོད་པའི་ཐེག་དམན་གྱི་གྲུབ་མཐའ་སྨྲ་བའི་གང་ཟག

1_2 དབྱེ་ན།

ཁ་ཆེ་བྱེ་བྲག་སྨྲ་བ། ཉི་འོག་པ།ཡུལ་དབུས་ཀྱི་བྱེ་བྲག་སྨྲ་བ་དང་གསུམ་ཡོད།

1_3  སྒྲ་བཤད་པ། 

ཅིའི་ཕྱིར་བྱེ་བྲག་སྨྲ་བ་ཞེས་བྱ་ཞེ་ན།བྱེ་བྲག་བཤད་མཛོད་ཆེན་མོའི་རྗེས་སུ་འབྲངས་ནས་གྲུབ་མཐའ་སྨྲ་བས་ན་དེ་ལྟར་བརྗོད་པའམ་ཡང་ན་དུས་གསུམ་རྫས་ཀྱི་བྱེ་བྲག་ཏུ་སྨྲ་བས་བྱེ་བྲག་སྨྲ་བ་ཞེས་བརྗོད་པའི་ཕྱིར།

1_4  ཡུལ་གྱི་འདོད་ཚུལ།

དོན་བྱེད་ནུས་པ་དངོས་པོའི་མཚན་ཉིད། དངོས་པོ། ཡོད་པ། ཤེས་བྱ་རྣམས་དོན་གཅིག དེ་ལ་དབྱེ་ན།རྟག་པའི་དངོས་པོ། མི་རྟག་པའི་དངོས་པོ་གཉིས་ལས། དང་པོ་ནི། འདུས་མ་བྱས་ཀྱི་ནམ་མཁའ། སོ་སོར་བརྟགས་འགོག སོ་སོར་བརྟགས་མིན་གྱི་འགོག་པ་ལྟ་བུ། གཉིས་པ་ནི། སྐྱེས་པ། བྱས་པ། མི་རྟག་པ་ལྟ་བུའོ། །ཡང་དངོས་པོ་ལ་དབྱེ་ན། ཀུན་རྫོབ་བདེན་པ་དང་། དོན་དམ་བདེན་པ་གཉིས་སུ་ཡོད། དང་པོ་ནི། བཅོམ་པའམ་བློས་ཆ་ཤས་སོ་སོར་བསལ་བ་ན་རང་འཛིན་གྱི་བློས་འདོར་བའི་ཆོས་སུ་དམིགས་པ་དེ། ཀུན་རྫོབ་བདེན་པའི་མཚན་ཉིད། མཚན་གཞི་ནི། བུམ་པ་དང་སྣམ་བུ་ལྟ་བུ་ཡིན་ཏེ། བུམ་པ་ཐོ་བས་བཅོམ་པ་ན། རང་འཛིན་གྱི་བློས་འདོར་བ་ཡིན་པའི་ཕྱིར་དང་། སྣམ་བུའི་སྣལ་མ་སོ་སོར་བསལ་བ་ན་རང་འཛིན་གྱི་བློས་འདོར་བ་ཡིན་པའི་ཕྱིར། གཉིས་པ་ནི། བཅོམ་པའམ་བློས་སོ་སོར་བསལ་བ་ན་རང་འཛིན་གྱི་བློས་མི་འདོར་བའི་ཆོས་སུ་དམིགས་པ་དེ། དོན་དམ་བདེན་པའི་མཚན་ཉིད། མཚན་གཞི་ནི། རྡུལ་ཕྲན་ཕྱོགས་ཀྱི་ཆ་མེད་དང་། ཤེས་པ་དུས་ཀྱི་ཆ་མེད་དང་། འདུས་མ་བྱས་ལྟ་བུ་ཡིན་ཏེ། མཛོད་ལས། གང་ལ་བཅོམ་དང་བློ་ཡིས་གཞན། །བསལ་ན་དེ་བློ་མི་འཇུག་པ། བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །ཞེས་གསུངས་པའི་ཕྱིར། དེས་ན་དུས་གསུམ་རྫས་སུ་འདོད་ཅིང་། བུམ་པ་བུམ་པའི་འདས་པའི་དུས་སུ་ཡང་ཡོད། བུམ་པ་བུམ་པའི་མ་འོངས་པའི་དུས་སུ་ཡང་ཡོད་པར་འདོད་པའི་ཕྱིར། 

1_5 ཡུལ་ཅན་གྱི་འདོད་ཚུལ།

ཕུང་པོ་ལྔ་ཚོགས་ཙམ་གང་ཟག་གི་མཚན་གཞི་དང་། ཡིད་ཀྱི་རྣམ་ཤེས་གང་ཟག་གི་མཚན་གཞིར་འདོད་པ་སོགས་སུ་ཡོད་པའི་ཕྱིར། བློ་ལ་ཚད་མ་དང་། ཚད་མིན་གྱི་བློ་གཉིས་ལས། དང་པོ་ལ་མངོན་སུམ་གྱི་ཚད་མ་དང་། རྗེས་སུ་དཔག་བའི་ཚད་མ་གཉིས། དང་པོ་ནི། དབང་པོའི་མངོན་སུམ། ཡིད་ཀྱི་མངོན་སུམ། རྣལ་འབྱོར་མངོན་སུམ་དང་གསུམ་ལས། དབང་པོའི་མངོན་སུམ་གྱི་ཚད་མ་ལ་ཤེས་པས་མ་ཁྱབ་སྟེ། མིག་གི་དབང་པོ་མངོན་སུམ་གྱི་ཚད་མ་ཡིན་པའི་ཕྱིར། རྣལ་འབྱོར་མངོན་སུམ་ལ་ཡང་། གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་རྣལ་འབྱོར་མངོན་སུམ་དང་། ཕྲ་བའི་མི་རྟག་པ་མངོན་སུམ་དུ་རྟོགས་པའི་རྣལ་འབྱོར་མངོན་སུམ་གཉིས་ཡོད། དང་པོ་ལ། གང་ཟག་རྟག་གཅིག་རང་དབང་ཅན་གྱིས་སྟོང་པར་རྟོགས་པའི་རྣལ་འབྱོར་མངོན་སུམ་དང་། གང་ཟག་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པར་རྟོགས་པའི་རྣལ་འབྱོར་མངོན་སུམ་གཉིས་ཡོད།

1_6 བདག་མེད་འདོད་ཚུལ།

བདག་མེད་ཕྲ་མོ་དང་། གང་ཟག་གི་བདག་མེད་ཕྲ་མོ་དོན་གཅིག་ཏུ་འདོད་ཅིང་། ཆོས་ཀྱི་བདག་མེད་ཁས་མི་ལེན་ཏེ། དེས་གཞི་གྲུབ་ན་ཆོས་བདག་ཡིན་པས་ཁྱབ་པ་ཁས་ལེན་པའི་ཕྱིར། དེ་རྣམས་ཀྱི་ནང་ནས་གནལ་མ་བུ་བས་རྟག་གཅིག་རང་དབང་ཅན་གྱིས་སྟོང་པའི་གང་ཟག་གི་བདག་མེད་ཁས་ལེན་ཞིང་། རང་སྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པའི་གང་ཟག་གི་བདག་མེད་ཁས་མི་ལེན་ཏེ། དེས་ཕུང་པོ་དང་ངོ་བོ་གཅིག་དང་ཐ་དད་དང་རྟག་མི་རྟག་གང་དུའང་བརྗོད་དུ་མེད་པའི་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་ཁས་ལེན་པ་ཡིན་པའི་ཕྱིར།

1_7 ས་ལམ་གྱི་རྣམ་གཞག

སྤང་བྱ་དང་། ས་ལམ་གྱི་རྣམ་གཞག་དངོས་བཤད་པའོ། །དང་པོ་ནི། སྒྲིབ་པ་ལ། ཉོན་མོངས་ཅན་དང་། ཉོན་མོངས་ཅན་མ་ཡིན་པའི་སྒྲིབ་པ་གཉིས་སུ་འདོད་ཅིང་། ཤེས་སྒྲིབ་ཀྱི་ཐ་སྙད་མེད་པ་ཡིན་ནོ། །

དང་པོས་གཙོ་བོར་ཐར་པ་འཐོབ་པ་ལ་བར་དུ་གཅོད་པར་བྱེད། གཉིས་པས། གཙོ་བོར་ཐམས་ཅད་མཁྱེན་པ་འཐོབ་པ་ལ་བར་དུ་གཅོད་པར་བྱེད་པ་ཡིན་པའི་ཕྱིར། དང་པོའི་མཚན་གཞི་གང་ཟག་རང་སྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་རྟོག་པ་དང་། དེའི་དབང་གིས་བྱུང་བའི་དུག་གསུམ་ས་བོན་དང་བཅས་པ་ལྟ་བུའོ། །གཉིས་པ་ནི། གང་ཟག་རང་སྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་རྟོག་པའི་བག་ཆགས་དང་། དེའི་དབང་གིས་བྱུང་བའི་སེམས་ཀྱི་གནས་ངན་ལེན་ལྟ་བུ། གཉིས་པ་ས་ལམ་གྱི་རྣམ་གཞག་དངོས་བཤད་པ་ལ། ཐེག་པ་གསུམ་གྱི་གང་ཟག་གིས་ལམ་བགྲོད་ཚུལ་གྱི་ཁྱད་པར་ཡོད་དེ། ཉན་ཐོས་ཀྱི་རིགས་ཅན་རྣམས་ཀྱིས་གང་ཟག་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པར་རྟོགས་པའི་ལྟ་བ་དེ། བསོད་ནམས་ཀྱི་ཚོགས་ཆུང་ངུ་དང་ཟུང་དུ་འབྲེལ་ཏེ། ཚེ་གསུམ་ལ་སོགས་པའི་བར་དུ་གོམས་པར་བྱས་ནས་བྱང་ཆུབ་ཆུང་ངུ་འཐོབ་པར་བྱེད། རང་རྒྱལ་གྱི་རིགས་ཅན་རྣམས་ཀྱིས་དེ་འདྲ་བའི་ལྟ་བ་དེ། བསོད་ནམས་ཀྱི་ཚོགས་འབྲིང་དང་ཟུང་དུ་འབྲེལ་ཏེ། བསྐལ་པ་བརྒྱ་ལ་སོགས་པའི་བར་དུ་གོམས་པར་བྱས་ནས་བྱང་ཆུབ་འབྲིང་འཐོབ་པར་བྱེད། བྱང་སེམས་རྣམས་ཀྱིས་དེ་འདྲ་བའི་ལྟ་བ་དེ། བསོད་ནམས་ཀྱིས་ཚོགས་ཆེན་པོ་དང་ཟུང་དུ་འབྲེལ་ཏེ། བསྐལ་ཆེན་གྲངས་མེད་གསུམ་ལ་སོགས་པའི་བར་དུ་གོམས་པར་བྱས་ནས་བྱང་ཆུབ་ཆེན་པོ་འཐོབ་པར་བྱེད་པ་ཡིན་པའི་ཕྱིར། དེ་རྣམས་ཀྱིས་ཚོགས་གསོག་ཚུལ་གྱི་ཁྱད་པར་ཡོད་དེ། བྱང་སེམས་རྣམས་ཀྱིས་ཚོགས་ལམ་ཆེན་པོ་མན་ཆད་དུ་བསྐལ་ཆེན་གྲངས་མེད་གསུམ་ལ་སོགས་པའི་བར་དུ་ཚོགས་བསགས་ནས་སྦྱོར་ལམ་དྲོད་ནས་མི་སློབ་ལམ་གྱི་བར་སྟན་ཐོག་གཅིག་ལ་མངོན་དུ་བྱེད། རང་རྒྱལ་གྱི་རིགས་ཅན་རྣམས། ཚོགས་ལམ་ཆེན་པོ་མན་ཆད་དུ་བསྐལ་ཆེན་བརྒྱ་ལ་སོགས་པའི་བར་དུ་ཚོགས་བསགས་ནས་སྦྱོར་ལམ་དྲོད་ནས་མི་སློབ་ལམ་གྱི་བར་སྟན་ཐོག་གཅིག་ལ་མངོན་དུ་བྱེད། ཉན་ཐོས་ཀྱི་རིགས་ཅན་རྣམས་ཀྱིས་སློབ་ལམ་བཞི་ཀའི་གནས་སྐབས་སུ་ཚོགས་གསོགས་ཅིང་འཕགས་ལམ་ཐོབ་ནས་ཀྱང་སྐྱེ་སྲིད་བཅུ་བཞིའི་བར་དུ་སློབ་ལམ་ལ་སློབ་དགོས་པ་ཡང་ཡོད་པའི་ཕྱིར། དེས་ན་དེ་དག་གིས་སངས་རྒྱས་ཀྱི་གཟུགས་ཕུང་སངས་རྒྱས་མ་ཡིན་པར་འདོད་དེ། དེ་སྤང་བྱ་ཡིན་པའི་ཕྱིར་ཏེ། དེ་སྔར་གྱི་བྱང་སེམས་སྦྱོར་ལམ་པའི་ལུས་རྟེན་དང་ཚེ་གཅིག་གིས་བསྡུས་པ་ཡིན་པའི་ཕྱིར། ཁྱབ་སྟེ། བྱང་སེམས་སྦྱོར་ལམ་པའི་ལུས་རྟེན་དེ་སྔ་མའི་ལས་ཉོན་གྱིས་འཕངས་པའི་ཕུང་པོ་ཡིན་པའི་ཕྱིར། དེས་ལོངས་སྤྱོད་རྫོགས་སྐུ་ཁས་མི་ལེན་ཞིང་། མཆོག་གི་སྤྲུལ་སྐུ་ལྷག་མེད་དུ་མྱ་ངན་ལས་འདས་པའི་ཚེ་རིག་པ་རྒྱུན་ཆད་པར་འདོད། སངས་རྒྱས་འཕགས་པས་སྡུག་ཀུན་མ་ལུས་པར་སྤངས་ཀྱང་དེའི་རྒྱུད་ལ་སྡུག་བདེན་ཡོད་པ་མི་འགལ་ཏེ། སྡུག་བདེན་ལ་དམིགས་པའི་ཉོན་མོངས་མ་ལུས་ པར་སྤངས་པ་ན་སྡུག་བདེན་སྤངས་པར་འཇོག་པའི་ཕྱིར། ཉན་རང་དགྲ་བཅོམ་པས་དགྲ་བཅོམ་པའི་གོ་འཕང་ཐོབ་ནས་སྐུ་ཚེའི་འདུ་བྱེད་མ་བཏང་གི་བར་ལྷག་བཅས་པ་དང་སྐུ་ཚེའི་འདུ་བྱེད་བཏང་ནས་ལྷག་མེད་དུ་མྱ་ངན་ལས་འདས་པར་འཇོག་པའི་ཕྱིར། ལྷག་བཅས་མྱང་འདས་ཀྱི་ཚེ་ཉོན་མོངས་ཅན་གྱི་སྒྲིབ་པ་མ་ལུས་པར་སྤངས་ཀྱང་ཉོན་མོངས་ཅན་མ་ཡིན་པའི་སྒྲིབ་པ་མ་སྤངས་པ་ཡོད། ལྷག་མེད་མྱང་འདས་ཀྱི་ཚེ་དེ་གཉེན་པོའི་སྟོབས་ཀྱིས་བཅོམ་པ་མ་ཡིན་ཀྱང་དེ་མེད་དེ། དེའི་ཚེ་དེའི་རྟེན་རིག་པ་རྒྱུན་ཆད་པ་ཡིན་པའི་ཕྱིར། དངོས་སྨྲ་བ་རྣམས་ཀྱིས་མདོའི་དྲང་ངེས་འབྱེད་པའི་ཚེ་སྒྲ་ཇི་བཞིན་དུ་ཁས་བླང་དུ་རུང་མི་རུང་གིས་སྒོ་ནས་འབྱེད་ཅིང་། དོན་སྨྲ་གཉིས་ཀྱིས་ཐེག་ཆེན་གྱི་སྡེ་སྣོད་སངས་རྒྱས་ཀྱི་བཀར་མི་འདོད་དེ། བྱེ་བྲག་སྨྲ་བ་ཕལ་ཆེ་བས་མདོ་ལ་ངེས་དོན་གྱི་མདོས་ཁྱབ་པ་ཁས་ལེན་པའི་ཕྱིར།

2 མདོ་སྡེ་པའི་ལུགས་བཤད་པ་ལ།论经部宗
2_1 མདོ་སྡེ་པའི་མཚན་ཉིད།

རང་རིག་དང་ཕྱི་དོན་གཉིས་ཀ་ཁས་ལེན་པའི་ཐེག་དམན་གྱི་གྲུབ་མཐའ་སྨྲ་བའི་གང་ཟག

2_2 དབྱེ་ན།

ལུང་གི་རྗེས་འབྲང་གི་མདོ་སྡེ་པ་དང་། རིགས་པའི་རྗེས་འབྲང་གི་མདོ་སྡེ་པ་གཉིས་ཡོད། དང་པོ་ནི། མངོན་པ་མཛོད་ཀྱི་རྗེས་འབྲང་གི་མདོ་སྡེ་པ་ལྟ་བུ། གཉིས་པ་ནི། ཚད་མ་སྡེ་བདུན་གྱི་རྗེས་འབྲང་གི་མདོ་སྡེ་པ་ལྟ་བུའོ། །

2_3 སྒྲ་བཤད་པ། 

ཅིའི་ཕྱིར་མདོ་སྡེ་པ་ཞེས་བྱ་ཞེ་ན། བཅོམ་ལྡན་འདས་ཀྱི་མདོའི་རྗེས་སུ་འབྲངས་ནས་གྲུབ་མཐའ་སྨྲ་བས་ན་མདོ་སྡེ་པ་དང་། ཆོས་ཐམས་ཅད་དཔེའི་སྒོ་ནས་བསྟན་པར་འདོད་པས་ན་དཔེ་སྟོན་པ་ཞེས་བརྗོད་པའི་ཕྱིར།

2_4 ཡུལ་གྱི་འདོད་ཚུལ།

ཚད་མས་དམིགས་པ་ཡོད་པའི་མཚན་ཉིད། དེ་ལ་དབྱེ་ན། ཀུན་རྫོབ་བདེན་པ་དང་། དོན་དམ་བདེན་པ་གཉིས་ཡོད། དོན་དམ་པར་དོན་བྱེད་མི་ནུས་པའི་ཆོས།ཀུན་རྫོབ་བདེན་པའི་མཚན་ཉིད།ཀུན་རྫོབ་བདེན་པ། རྫུན་པར་གྲུབ་པ། རྟག་པ། སྤྱི་མཚན་རྣམས་དོན་གཅིག དོན་དམ་པར་དོན་བྱེད་ནུས་པའི་ཆོས་དེ། དོན་དམ་བདེན་པའི་མཚན་ཉིད། བདེན་པར་གྲུབ་པ། དངོས་པོ། བྱས་པ། མི་རྟག་པ། འདུས་བྱས། རྫས། རང་མཚན་རྣམས་དོན་གཅིག ཡང་ཡོད་པ་ལ་དབྱེ་ན། དགག་པ་དང་། སྒྲུབ་པ་གཉིས། རང་འཛིན་གྱི་བློས་རང་གི་དགག་བྱ་བཅད་པའི་སྒོ་ནས་རྟོགས་པར་བྱ་བ། དགག་པའི་མཚན་ཉིད། རང་འཛིན་གྱི་བློས་རང་གི་དགག་བྱ་མ་བཅད་པའི་སྒོ་ནས་རྟོགས་པར་བྱ་བ། སྒྲུབ་པའི་མཚན་ཉིད། དང་པོ་ལ་ཡང་། མེད་དགག་དང་། མ་ཡིན་དགག་གཉིས་ལས། དང་པོའི་མཚན་གཞི་ནི། འདུས་མ་བྱས་ཀྱི་ནམ་མཁའ། འགོག་བདེན། སྟོང་ཉིད་ལྟ་བུའོ། །གཉིས་པའི་མཚན་གཞི། དངོས་པོ་མ་ཡིན་པ་ལས་ལོག་པ། བུམ་འཛིན་རྟོག་པ་ལ་བུམ་པ་མ་ཡིན་པ་ལས་ལོག་པར་སྣང་བ་ལྟ་བུའོ། །ཡང་ཡོད་པ་ལ་དབྱེ་ན། གཅིག་དང་ཐ་དད་གཉིས་ལས། དང་པོ་ལ་ཡང་། རྫུན་པའི་གཅིག་དང་། བདེན་པའི་གཅིག་གཉིས་ལས། དང་པོ་ནི། ཤེས་བྱ་དང་། སྤྱི་མཚན་ལྟ་བུའོ། །གཉིས་པ་ནི། དངོས་པོ་དང་། མི་རྟག་པ་ལྟ་བུ། གཉིས་པ་ཐ་དད་ལ་ཡང་། རྫུན་པའི་ཐ་དད་དང་། བདེན་པའི་ཐ་དད་གཉིས་ལས། དང་པོ་ནི། བུམ་པའི་ལྡོག་པ་དང་ཀ་བའི་ལྡོག་པ་གཉིས་ལྟ་བུ། གཉིས་པ་ནི། བུམ་པ་དང་ཀ་བ་གཉིས་ལྟ་བུ། དེས་ན་འདས་པ་དང་མ་འོངས་པ་གཉིས་རྟག་པ་དང་། ད་ལྟར་བ་དང་དངོས་པོ་དོན་གཅིག་ཡིན་ནོ། །

2_5 ཡུལ་ཅན་གྱི་འདོད་ཚུལ།

མདོ་སྡེ་པ་ལ། ཕུང་པོའི་རྒྱུན་གང་ཟག་གི་མཚན་གཞིར་འདོད་པ་དང་།ཡིད་ཀྱི་རྣམ་ཤེས་གང་ཟག་གི་མཚན་གཞིར་འདོད་པ་གཉིས་ལས། དང་པོ་ནི། མངོན་པ་མཛོད་ཀྱི་རྗེས་འབྲང་གི་མདོ་སྡེ་པ་ལྟ་བུ། གཉིས་པ་ནི། ཚད་མ་སྡེ་བདུན་གྱི་རྗེས་འབྲང་གི་མདོ་སྡེ་པ་ལྟ་བུ། གསལ་ཞིང་རིག་པ་བློའི་མཚན་ཉིད། བློ་ལ་ཚད་མ་དང་། ཚད་མིན་གྱི་བློ་གཉིས་ཡོད། གསར་དུ་མི་སླུ་བའི་རིག་པ་ཚད་མའི་མཚན་ཉིད། ཚད་མའི་མཚན་ཉིད་ཀྱི་ཟུར་དུ་གསར་དུ་དང་། མི་སླུ་བ་དང་། རིག་པ་ཞེས་གསུམ་སྨོས་པ་ལ་དགོས་པ་ཡོད་དེ། གསར་དུ་ཞེས་པས་དཔྱད་ཤེས་ཚད་མ་ཡིན་པ་གཅོད། མི་སླུ་བ་ཞེས་པས་ཡིད་དཔྱོད་ཚད་མ་ཡིན་པ་གཅོད། རིག་པ་ཞེས་པས་དབང་པོ་གཟུགས་ཅན་པ་ཚད་མ་ཡིན་པ་གཅོད་པ་ཡིན་པའི་ཕྱིར། ཚད་མ་ལ་དབྱེ་ན། མངོན་སུམ་གྱི་ཚད་མ་དང་། རྗེས་སུ་དཔག་པའི་ཚད་མ་གཉིས་ཡོད། རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་རིག་པ་མངོན་སུམ་གྱི་མཚན་ཉིད། རྟོག་པ་དང་བྲལ་ཞིང་གསར་དུ་མི་སླུ་བའི་རིག་པ་དེ། མངོན་སུམ་གྱི་ཚད་མའི་མཚན་ཉིད། མངོན་སུམ་གྱི་ཚད་མ་ལ་དབྱེ་ན། རང་རིག་མངོན་སུམ་གྱི་ཚད་མ། དབང་པོའི་མངོན་སུམ་གྱི་ཚད་མ། ཡིད་ཀྱི་མངོན་སུམ་གྱི་ཚད་མ། རྣལ་འབྱོར་མངོན་སུམ་གྱི་ཚད་མ་དང་བཞི་ལས། ཁ་ནང་ཁོ་ནར་ཕྱོགས་ཤིང་འཛིན་པ་ཡན་གར་བར་གྱུར་པའི་རྟོག་པ་དང་བྲལ་ཞིང་གསར་དུ་མི་སླུ་བའི་རིག་པ། དང་པོའི་མཚན་ཉིད། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དབང་པོ་གཟུགས་ཅན་པ་ལ་བརྟེན་ནས་བྱུང་བའི་རྟོག་པ་དང་བྲལ་ཞིང་གསར་དུ་མི་སླུ་བའི་རིག་པ། གཉིས་པའི་མཚན་ཉིད། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་ཡིད་དབང་ལ་བརྟེན་ནས་བྱུང་བའི་རྟོག་པ་དང་བྲལ་ཞིང་གསར་དུ་མི་སླུ་བའི་རིག་པ། གསུམ་པའི་མཚན་ཉིད། རང་གི་བདག་རྐྱེན་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་ལ་བརྟེན་ནས་ཕྲ་བའི་མི་རྟག་པ་དང་། གང་ཟག་གི་བདག་མེད་ཕྲ་རགས་གང་རུང་མངོན་སུམ་དུ་རྟོགས་པའི་ཡེ་ཤེས། བཞི་པའི་མཚན་ཉིད། རྣལ་འབྱོར་མངོན་སུམ་གྱི་ཚད་མ་ལ་དབྱེ་ན། ཕྲ་བའི་མི་རྟག་པ་མངོན་སུམ་དུ་རྟོགས་པའི་ཚད་མ་དང་། གང་ཟག་གི་བདག་མེད་རགས་པ་མངོན་སུམ་དུ་རྟོགས་པའི་ཚད་མ་དང་། གང་ཟག་གི་བདག་མེད་ཕྲ་མོ་མངོན་སུམ་དུ་རྟོགས་པའི་ཚད་མ་དང་གསུམ་ཡོད། རང་གི་རྟེན་རྟགས་ཡང་དག་ལ་བརྟེན་ནས་སྐྱེས་པའི་གསར་དུ་མི་སླུ་བའི་ཞེན་རིག་དེ། རྗེས་སུ་དཔག་པའི་ཚད་མའི་མཚན་ཉིད། དེ་ལ་དབྱེ་ན། དངོས་སྟོབས་རྗེས་དཔག གྲགས་པའི་རྗེས་དཔག ཡིད་ཆེད་རྗེས་དཔག་དང་གསུམ་ལས། བྱས་རྟགས་ཀྱིས་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་དང་པོའི་མཚན་གཞི། རྟོག་ཡུལ་ན་ཡོད་པའི་རྟགས་ལས་རི་བོང་ཅན་ཟླ་སྒྲས་བརྗོད་རུང་དུ་རྟོགས་པའི་རྗེས་དཔག་གཉིས་པའི་མཚན་གཞི། དཔྱད་གསུམ་གྱིས་དག་པའི་ལུང་གི་རྟགས་ལས། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། ཞེས་སོགས་ཀྱི་ལུང་རང་གི་བསྟན་དོན་མི་སླུ་བར་རྟོགས་པའི་རྗེས་དཔག་ལྟ་བུ། གསུམ་པའི་མཚན་གཞི་ཡིན། གྲགས་པའི་རྗེས་དཔག་ལ་དངོས་སྟོབས་ཀྱི་རྗེས་དཔག་གིས་ཁྱབ་ཅིང་། མངོན་སུམ་ཡིན་ན་མངོན་སུམ་ཚད་མ་ཡིན་པས་མ་ཁྱབ་པ་དང་། རྗེས་དཔག་ཡིན་ན་རྗེས་དཔག་ཚད་མ་ཡིན་པས་མ་ཁྱབ་སྟེ། གཟུགས་འཛིན་དབང་པོ་མངོན་སུམ་སྐད་ཅིག་གཉིས་པ་དང་། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་སྐད་ཅིག་གཉིས་པ་རྣམས་དཔྱད་ཤེས ཡིན་པའི་ཕྱིར་ཏེ། འཐད་ལྡན་ལས། མངོན་སུམ་དང་རྗེས་སུ་དཔག་པའི་སྐད་ཅིག་དང་པོ་གཉིས་ནི་ཚད་མ་ཡིན་ལ། དེ་དག་གི་རྒྱུན་དུ་གྱུར་པ་གྲུབ་བདེ་ཐ་མི་དད་པའི་ཕྱིར་ཕྱི་མ་རྣམས་ནི་ཚད་མ་ཡིན་པ་སྤངས་པའོ ཞེས་གསུངས་པའི་ཕྱིར། གཉིས་པ་གསར་དུ་མི་སླུ་བ་མ་ཡིན་པའི་རིག་པ། ཚད་མིན་གྱི་བློའི་མཚན་ཉིད། དེ་ལ་དབྱེ་ན། དཔྱད་ཤེས། ལོག་ཤེས། ཐེ་ཚོམ། ཡིད་དཔྱོད། སྣང་ལ་མ་ངེས་པའི་བློ་དང་ལྔ་ཡོད། རྟོགས་ཟིན་རྟོགས་པའི་རིག་པ། དང་པོའི་མཚན་ཉིད། དེ་ལ་ཡང་། རྟོག་པ་དཔྱད་ཤེས། རྟོག་མེད་དཔྱད་ཤེས་གཉིས་ལས། དང་པོ་ནི། སྔོ་འཛིན་དབང་མངོན་གྱིས་དྲངས་ནས་སྐྱེས་པའི་སྔོན་པོ་དྲན་པའི་དྲན་ཤེས་དང་། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་སྐད་ཅིག་གཉིས་པ་ལྟ་བུ། གཉིས་པ་ནི། གཟུགས་འཛིན་དབང་པོ་མངོན་སུམ་སྐད་ཅིག་གཉིས་པ་ལྟ་བུ།གཉིས་པ་ནི། ཕྱིན་ཅི་ལོག་ཏུ་ཞུགས་པའི་རིག་པ། ལོག་ཤེས་ཀྱི་མཚན་ཉིད། དེ་ལ་ཡང་། རྟོག་པ་ལོག་ཤེས་དང་། རྟོག་མེད་ལོག་ཤེས་གཉིས་ལས། དང་པོ་ནི། སྒྲ་རྟག་འཛིན་རྟོག་པ་ལྟ་བུ། གཉིས་པ་ནི། ཟླ་གཅིག་ཟླ་གཉིས་སུ་སྣང་བའི་དབང་ཤེས་དང་། གངས་རི་སྔོན་པོར་སྣང་བའི་དབང་ཤེས་ལྟ་བུ། གསུམ་པ་ནི། རང་སྟོབས་ཀྱིས་མཐའ་གཉིས་སུ་དོགས་པའི་སེམས་བྱུང༌། ཐེ་ཚོམ་གྱི་མཚན་ཉིད། དེ་དང་མཚུངས་ལྡན་དུ་གྱུར་པའི་ཡིད་ཀྱི་རྣམ་ཤེས་དང་། དེའི་འཁོར་དུ་བྱུང་བའི་ཚོར་བ་རྣམས་ནི་རང་སྟོབས་ཀྱིས་མཐའ་གཉིས་སུ་དོགས་པ་མ་ཡིན་ཏེ། དེ་རྣམས་ཐེ་ཚོམ་དེའི་སྟོབས་ཀྱིས་མཐའ་གཉིས་སུ་དོགས་པ་ཡིན་པའི་ཕྱིར། དེ་ལ་ཡང་། དོན་འགྱུར་གྱི་ཐེ་ཚོམ། དོན་མི་འགྱུར་གྱི་ཐེ་ཚོམ། ཆ་སྙོམས་པའི་ཐེ་ཚོམ་དང་གསུམ་ལས། དང་པོ་ནི། སྒྲ་མི་རྟག་གམ་སྙམ་པའི་ཐེ་ཚོམ་ལྟ་བུ། གཉིས་པ་ནི། སྒྲ་རྟག་གམ་སྙམ་པའི་ཐེ་ཚོམ་ལྟ་བུ། གསུམ་པ་ནི། སྒྲ་རྟག་གམ་མི་རྟག་སྙམ་པའི་ཐེ་ཚོམ་ལྟ་བུ། བཞི་པ་ནི། རང་ཡུལ་ལ་ཞེན་པས་སླུ་བའི་ཞེན་རིག་དོན་མཐུན་དེ། ཡིད་དཔྱོད་ཀྱི་མཚན་ཉིད། དེ་ལ་ཡང་། རྒྱུ་མཚན་མེད་པའི་ཡིད་དཔྱོད། རྒྱུ་མཚན་དང་འགལ་བའི་ཡིད་དཔྱོད། རྒྱུ་མཚན་མ་ངེས་པའི་ཡིད་དཔྱོད། རྒྱུ་མཚན་མ་གྲུབ་པའི་ཡིད་དཔྱོད།རྒྱུ་མཚན་ཡོད་ཀྱང་གཏན་ལ་མ་ཕབ་པའི་ཡིད་དཔྱོད་དང་ལྔ་ལས། སྒྲ་མི་རྟག་ཅེས་བའི་ངག་ཙམ་ལ་བརྟེན་ནས་སྒྲ་མི་རྟག་པར་འཛིན་པའི་བློ་ལྟ་བུ། དང་པོའི་མཚན་གཞི་ཡིན་ཏེ། སྒྲ་མི་རྟག་ཅེས་པའི་སྒྲ་དེས་སྒྲ་མི་རྟག་པའི་དམ་བཅའ་བརྗོད་པ་ཡིན་གྱི། སྒྲ་མི་རྟག་པའི་རྒྱུ་མཚན་ཡང་དག་མ་བརྗོད་པའི་ཕྱིར། དོན་བྱེད་ནུས་སྟོང་གི་རྟགས་ལས་སྒྲ་མི་རྟག་པར་འཛིན་པའི་བློ་ལྟ་བུ། གཉིས་པའི་མཚན་གཞི་ཡིན་ཏེ། དོན་བྱེད་ནུས་སྟོང་སྒྲ་དང་འགལ་བ་ཡིན་པའི་ཕྱིར། གཞལ་བྱའི་རྟགས་ལས་སྒྲ་མི་རྟག་པར་འཛིན་པའི་བློ་ལྟ་བུ། གསུམ་པའི་མཚན་གཞི་ཡིན་ཏེ། གཞལ་བྱ་སྒྲ་མི་རྟག་པར་སྒྲུབ་པའི་མ་ངེས་པའི་གཏན་ཚིགས་ཡིན་པའི་ཕྱིར། མིག་ཤེས་ཀྱི་གཟུང་བྱའི་རྟགས་ལས་སྒྲ་མི་རྟག་པར་འཛིན་པའི་བློ་ལྟ་བུ། བཞི་པའི་མཚན་གཞི་ཡིན་ཏེ། མིག་ཤེས་ཀྱི་གཟུང་བྱ་སྒྲ་མི་རྟག་པར་སྒྲུབ་པའི་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། སྒྲ་མི་རྟག་པར་ཚད་མས་མ་ངེས་པའི་གང་ཟག་གི་རྒྱུད་ཀྱི་བྱས་རྟགས་ལས་སྒྲ་མི་རྟག་པར་འཛིན་པའི་བློ་ལྟ་བུ། ལྔ་པའི་མཚན་གཞི་ཡིན་ཏེ། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྒྱུ་མཚན་ཡང་དག་ཡིན་ཡང་། དེ་འདྲ་བའི་གང་ཟག་དེས་དེའི་རྒྱུ་མཚན་ཡང་དག་དེ། གཏན་ལ་མ་ཕབ་པ་ཡིན་པའི་ཕྱིར། ལྔ་པ་ནི་རང་ཡུལ་མ་ངེས་པའི་གསལ་སྣང་ཅན་གྱི་མ་འཁྲུལ་བའི་རིག་པ་དེ།སྣང་ལ་མ་ངེས་བའི་བློའི་མཚན་ཉིད། དེ་ལ་དབྱེ་ན། ཁོ་རང་དུ་གྱུར་བའི་དབང་མངོན། ཡིད་ཀྱི་མངོན་སུམ་རང་རིག་མངོན་སུམ་དང་གསུམ་ལས། དང་པོ་ནི། མིག་གཟུགས་མཛེས་པ་ལ་ལྷག་པར་ཆགས་པའི་དུས་ཀྱི་སྒྲ་འཛིན་ཉན་ཤེས་ལྟ་བུ། གཉིས་པ་ནི། སོ་སྐྱེའི་རྒྱུད་ཀྱི་གཟུགས་སོགས་དོན་ལྔ་འཛིན་པའི་ཡིད་ཀྱི་མངོན་སུམ་ལྟ་བུ། གསུམ་པ་ནི། སོ་སྐྱེའི་རྒྱུད་ཀྱི་གཟུགས་སོགས་དོན་ལྔ་འཛིན་པའི་ཡིད་ཀྱི་མངོན་སུམ་ཉམས་སུ་མྱོང་བའི་རང་རིག་ལྟ་བུ། སྤྱིར་ཡུལ་ཅན་ལ་དབྱེ་ན། སྐྱེས་བུ། ངག ཚད་མ་གསུམ་ཡོད། ཡུལ་ཅན་ཚད་མ་དེ་ལ་དབྱེ་ན། སྐྱེས་བུ་ཚད་མ། ངག་ཚད་མ། ཤེས་པ་ཚད་མ་དང་གསུམ་ལས། དང་པོ་ནི། སྟོན་པ་སངས་རྒྱས་ལྟ་བུ་ལ་བྱེད། གཉིས་པ་ནི། བདེན་བཞིའི་ཆོས་འཁོར་ལྟ་བུ་ལ་བྱེད། གསུམ་པ་ནི། མངོན་སུམ་ཚད་མ་དང་། རྗེས་སུ་དཔག་པའི་ཚད་མ་ལྟ་བུ་ཡིན་ནོ། །

2_6 བདག་མེད་འདོད་ཚུལ།

གང་ཟག་རྟག་གཅིག་རང་དབང་ཅན་གྱིས་སྟོང་པ་གང་ཟག་གི་བདག་མེད་རགས་པ་དང་། གང་ཟག་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པ་གང་ཟག་གི་བདག་མེད་ཕྲ་མོར་འདོད་ཅིང་། ཆོས་ཀྱི་བདག་མེད་ཁས་མི་ལེན་པ་བྱེ་བྲག་སྨྲ་བ་དང་མཚུངས།

2_7 ས་ལམ་གྱི་རྣམ་གཞག

རིགས་ཅན་གསུམ་གའི་ཚོགས་གསོག་པའི་ཚེ་སློབ་ལམ་བཞི་གའི་གནས་སྐབས་སུ་ཚོགས་གསོག་པ་ཡིན་པས་དེའི་རྒྱུ་མཚན་གྱིས་སངས་རྒྱས་ཀྱི་གཟུགས་ཕུང་སངས་རྒྱས་སུ་ཁས་ལེན་པ་ཡིན་ནོ། །སྒྲིབ་པའི་རྣམ་གཞག་དང་ས་ལམ་གྱི་བགྲོད་ཚུལ་སོགས་བྱེ་བྲག་སྨྲ་བ་དང་མཚུངས་སོ། །

3 སེམས་ཙམ་པའི་ལུགས་བཤད་པ་ལ།论唯识宗
3_1 སེམས་ཙམ་པའི་མཚན་ཉིད།

ཕྱི་དོན་ཁས་མི་ལེན་ཅིང་རང་རིག་བདེན་གྲུབ་ཏུ་འདོད་པའི་ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བའི་གང་ཟག  སེམས་ཙམ་པ་དང་། རྣམ་རིག་པ་དང་། རྣལ་འབྱོར་སྤྱོད་པ་བ་རྣམས་དོན་གཅིག

3_2 དབྱེ་ན།

སེམས་ཙམ་རྣམ་བདེན་པ་དང་། རྣམ་རྫུན་པ་གཉིས་ལས། སེམས་ཙམ་པ་གང་ཞིག ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་མངོན་སུམ་ལ་གཟུགས་རགས་པར་སྣང་བའི་ཆ་ལ་མ་རིག་བག་ཆགས་ཀྱིས་བསླད་པ་མ་ཞུགས་པར་འདོད་པ་དེ། དང་པོའི་མཚན་ཉིད།དེ་གང་ཞིག །ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་མངོན་སུམ་ལ་གཟུགས་རགས་པར་སྣང་བའི་ཆ་ལ་མ་རིག་བག་ཆགས་ཀྱིས་བསླད་པ་ཞུགས་པར་འདོད་པ་དེ་གཉིས་པའི་མཚན་ཉིད། རྣམ་བདེན་པ་ལ་དབྱེ་ན། གཟུང་འཛིན་གྲངས་མཉམ་པ། སྒོང་ང་ཕྱེད་ཚལ་བ། སྣ་ཚོགས་གཉིས་མེད་པ་དང་གསུམ་ཡོད། དེ་རྣམས་སོ་སོའི་འདོད་ཚུལ་ཡོད་དེ། ཕྱེ་མ་ལེབ་ཀྱི་གཤོག་སྟེང་གི་ཁྲ་བོ་འཛིན་པའི་མིག་ཤེས་ཀྱིས་ཁྲ་བོ་འཛིན་པའི་ཚེ། ཡུལ་གྱི་ངོས་ནས་སྔོ་སེར་སོགས་མི་འདྲ་བ་རེ་རེའི་རྣམ་པ་གཏད་ཅིང་། ཡུལ་ཅན་གྱི་ངོས་ནས་ཀྱང་སྔོ་སེར་སོགས་མི་འདྲ་བ་རེ་རེའི་རྣམ་པ་རྣམ་བདེན་དུ་སྐྱེ་བར་འདོད་པས་ན་གཟུང་འཛིན་གྲངས་མཉམ་པ་དང་། དེ་ལྟར་འཛིན་པའི་ཚེ་ཡུལ་གྱི་ངོས་ནས་སྔོ་སེར་སོགས་མི་འདྲ་བ་རེ་རེའི་རྣམ་པ་གཏད་ཅིང་། ཡུལ་ཅན་གྱི་ངོས་ནས་སྔོ་སེར་སོགས་མི་འདྲ་བ་རེ་རེའི་རྣམ་པ་རྣམ་མེད་དུ་སྐྱེ་བར་འདོད་པས་ན་སྒོང་ང་ཕྱེད་ཚལ་བ་དང་། དེ་ལྟར་འཛིན་པའི་ཚེ་ཡུལ་གྱི་ངོས་ནས་སྔོ་སེར་སོགས་མི་འདྲ་བ་རེ་རེའི་རྣམ་པ་མ་གཏད་ཅིང་། ཁྲ་ཙམ་གྱི་རྣམ་པ་གཏད། ཡུལ་ཅན་གྱི་ངོས་ནས་སྔོ་སེར་སོགས་མི་འདྲ་བ་རེ་རེའི་རྣམ་པ་རྣམ་མེད་དུ་མ་སྐྱེས་པར།ཁྲ་ཙམ་གྱི་རྣམ་པ་རྣམ་མེད་དུ་སྐྱེས་པར་འདོད་པས་ན་སྣ་ཚོགས་གཉིས་མེད་པ་ཞེས་བརྗོད་པ་ཡིན་པའི་ཕྱིར། གཉིས་པ་རྣམ་རྫུན་པ་ལ་དབྱེ་ན། དྲི་བཅས་རྣམ་རྫུན་པ། དྲི་མེད་རྣམ་རྫུན་པ་གཉིས་སུ་ཡོད།

3_3 སྒྲ་བཤད་པ།

ཅིའི་ཕྱིར། སེམས་ཙམ་པ་ཞེས་བྱ་ཞེ་ན། ཆོས་རྣམས་སེམས་ཀྱི་བདག་ཉིད་ཙམ་དུ་འདོད་པས་ན་སེམས་ཙམ་པ་དང་། ཆོས་ཐམས་ཅད་རྣམ་པར་རིག་པའི་བདག་ཉིད་ཙམ་དུ་འདོད་པས་ན་རྣམ་རིག་པ་ཞེས་བརྗོད་པ་ཡིན་པའི་ཕྱིར།

3_4 ཡུལ་གྱི་འདོད་ཚུལ།

ཤེས་བྱ་ལ་དབྱེ་ན། དོན་དམ་བདེན་པ་དང་། ཀུན་རྫོབ་བདེན་པ་གཉིས་ཡོད། རང་མངོན་སུམ་དུ་རྟོགས་པའི་མངོན་སུམ་ཚད་མས་གཉིས་སྣང་ནུབ་པའི་སྒོ་ནས་རྟོགས་པར་བྱ་བ། དང་པོའི་མཚན་ཉིད། དོན་དམ་བདེན་པ། ཆོས་ཉིད། ཆོས་དབྱིངས། གནས་ལུགས་མཐར་ཐུག་རྣམས་དོན་གཅིག དོན་དམ་བདེན་པ་ལ་དབྱེ་ན། ཆོས་ཀྱི་བདག་མེད་ཕྲ་མོ་དང་། གང་ཟག་གི་བདག་མེད་ཕྲ་མོ་གཉིས་ཡོད། ཆོས་ཀྱི་བདག་མེད་ཕྲ་མོ་ལ་སྟོང་གཞིའི་སྒོ་ནས་དབྱེ་ན། སྟོང་ཉིད་ཉི་ཤུ། དེ་ལས་བསྡུ་ན་བཅོ་བརྒྱད། དེ་ལས་བསྡུ་ན་བཅུ་དྲུག དེ་ལས་བསྡུ་ན་སྟོང་ཉིད་བཞི་སོགས་ཡོད། ཆོས་ཀྱི་བདག་མེད་ཕྲ་མོའི་མཚན་གཞི་ནི། གཟུགས་དང་གཟུགས་འཛིན་པའི་ཚད་མ་རྫས་གཞན་གྱིས་སྟོང་པའི་སྟོང་ཉིད་དང་། གཟུགས་གཟུགས་ཞེས་པའི་སྒྲ་འཇུག་པའི་འཇུག་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པའི་སྟོང་ཉིད་ལྟ་བུ། གང་ཟག་གི་བདག་མེད་ཕྲ་མོའི་མཚན་གཞི་ནི། གང་ཟག་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པའི་སྟོང་ཉིད་ལྟ་བུ། རང་མངོན་སུམ་དུ་རྟོགས་པའི་མངོན་སུམ་ཚད་མས་གཉིས་སྣང་དང་བཅས་པའི་སྒོ་ནས་རྟོགས་པར་བྱ་བ་དེ། ཀུན་རྫོབ་བདེན་པའི་མཚན་ཉིད། དབྱེ་ན།    གཞན་དབང་དང་། ཀུན་བཏགས་ཀྱིས་བསྡུས་བའི་ཀུན་རྫོབ་བདེན་པ་གཉིས་སུ་ཡོད། དང་པོ་དང་འདུས་བྱས་དོན་གཅིག གཉིས་པ་དང་། དོན་དམ་བདེན་པ་ལས་གཞན་པའི་འདུས་མ་བྱས་ཀྱི་ཆོས་དོན་གཅིག དངོས་པོ་ཐམས་ཅད་བདེན་པར་གྲུབ་པ་དང་། རྫུན་པའི་གཞི་མཐུན་དུ་ཁས་ལེན། ཆོས་ཉིད་ཐམས་ཅད་བདེན་པར་གྲུབ་པ་དང་། བདེན་པའི་གཞི་མཐུན་དུ་ཁས་ལེན། ཆོས་ཉིད་ལས་གཞན་པའི་འདུས་མ་བྱས་ཐམས་ཅད་རྫུན་པར་གྲུབ་པ་དང་།རྫུན་པའི་གཞི་མཐུན་དུ་ཁས་ལེན་པ་ཡིན་ནོ། །ཆོས་ཉིད་ལ་མེད་དགག་གིས་ཁྱབ་ཅིང་།མེད་དགག་གཞན་རྣམས་ཀྱི་མཚན་གཞི་མདོ་སྡེ་པ་དང་མཚུངས་ལ། གཟུགས་སོགས་དོན་ལྔ་པོ་དེ་ཀུན་གཞིའི་རྣམ་ཤེས་ཀྱི་སྟེང་དུ་ཐུན་མོང་བ་དང་ཐུན་མོང་མ་ཡིན་པའི་ལས་ཀྱི་བག་ཆགས་བཞག་པ་ལ་བརྟེན་ནས་ནང་ཤེས་པའི་རྫས་ཀྱི་སྟེང་ནས་སྐྱེས་པ་ཡིན་གྱི་ཕྱི་རོལ་གྱི་དོན་དུ་གྲུབ་པ་མ་ཡིན་པའི་ཕྱིར། རྣམ་བདེན་པ་ལྟར་ན། གཟུགས་སོགས་དོན་ལྔ་པོ་དེ། ཕྱི་རོལ་གྱི་དོན་མ་ཡིན་ཀྱང་རགས་པར་གྲུབ་པར་ཁས་ལེན། རྣམ་རྫུན་པ་ལྟར་ན། གཟུགས་སོགས་དོན་ལྔ་རགས་པ་མ་ཡིན་ཏེ། རགས་པར་གྲུབ་ན་ཕྱི་དོན་དུ་གྲུབ་དགོས་པའི་ཕྱིར།

3_5 ཡུལ་ཅན་གྱི་འདོད་ཚུལ།

རྣམ་བདེན་པ་ལྟར་ན། རྣམ་ཤེས་ཚོགས་བརྒྱད་དུ་ཁས་ལེན་ཏེ། གྲུབ་མཐའ་སྨྲ་བ་གཞན་གྱིས་ཁས་ལེན་པའི་རྣམ་ཤེས་ཚོགས་དྲུག་གི་སྟེང་དུ། ཀུན་གཞིའི་རྣམ་ཤེས་དང་། ཉོན་ཡིད་བསྣན་པའི་རྣམ་ཤེས་ཚོགས་བརྒྱད་དུ་འདོད། ཀུན་གཞིའི་རྣམ་ཤེས་དང་།ཉོན་ཡིད་གཉིས་ཀྱི་མཚན་གཞི་ཡོད་དེ།རྣམ་ཤེས་ཚོགས་དྲུག་ལས་དོན་གཞན་ཞིང་། རང་གི་བདག་རྐྱེན་དབང་པོ་ལ་མི་ལྟོས་པའི་རྣམ་ཤེས་དང་པོ་དང་། དམིགས་པ་ཀུན་གཞི་ལ་དམིགས་ཤིང་རྣམ་པ་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱི་ངར་འཛིན་པའི་རྣམ་ཤེས་གཉིས་པ་ཡིན་པར་འདོད། ཀུན་གཞིའི་རྣམ་ཤེས་དེ། ལས་འབྲས་ཀྱི་རྟེན་དུ་གྱུར་པའི་གང་ཟག་གི་མཚན་གཞིར་འདོད། རྣམ་རྫུན་པ་ལྟར་ན་རྣམ་ཤེས་ཚོགས་དྲུག་ཏུ་འདོད་ཅིང་། ལས་འབྲས་ཀྱི་རྟེན་དུ་གྱུར་པའི་གང་ཟག་གི་མཚན་གཞིར། ཡིད་ཀྱི་རྣམ་ཤེས་ཙམ་འཇོག་པ་ཡིན་པའི་ཕྱིར། བློ་ལ་ཚད་མ་དང་། ཚད་མིན་གྱི་བློ་གཉིས་སུ་འདོད་ཅིང་། ཚད་མ་ལ་མངོན་སུམ་ཚད་མ་དང་། རྗེས་སུ་དཔག་པའི་ཚད་མ་གཉིས་སུ་འདོད། མངོན་སུམ་ལ་བཞི་ཡོད་ཅིང་། རང་རིག་མངོན་སུམ་དང་། རྣལ་འབྱོར་མངོན་སུམ་ལ་མ་འཁྲུལ་བའི་ཤེས་པས་ཁྱབ། སོ་སྐྱེའི་རྒྱུད་ཀྱི་དབང་པོའི་མངོན་སུམ་ལ་འཁྲུལ་ཤེས་ཀྱིས་ཁྱབ། དེའི་རྒྱུད་ཀྱི་ཡིད་ཀྱི་མངོན་སུམ་ལ་འཁྲུལ་ཤེས་དང་མ་འཁྲུལ་བའི་ཤེས་པ་གཉིས་ཡོད། མངོན་སུམ་ལ་མངོན་སུམ་གྱི་ཚད་མས་མ་ཁྱབ་སྟེ། སོ་སྐྱེའི་རྒྱུད་ལ་གཟུགས་འཛིན་ཡིད་མངོན་ཡོད་ཀྱང་། དེའི་རྒྱུད་ལ་གཟུགས་འཛིན་ཡིད་མངོན་གྱི་ཚད་མ་མེད་པའི་ཕྱིར། དེའི་རྒྱུད་ཀྱི་གཟུགས་འཛིན་ཡིད་མངོན་ཉམས་སུ་མྱོང་བའི་རང་རིག་དང་། གཟུགས་འཛིན་དབང་པོའི་མངོན་སུམ་སྐད་ཅིག་གཉིས་པ་རྣམས་ཚད་མ་མ་ཡིན་པའི་ཕྱིར། རྣལ་འབྱོར་མངོན་སུམ་ལ་ཕྲ་བའི་མི་རྟག་པ་མངོན་སུམ་དུ་རྟོགས་པའི་རྣལ་འབྱོར་མངོན་སུམ་དང་། གང་ཟག་གི་བདག་མེད་ཕྲ་མོ་དང་། གང་ཟག་གི་བདག་མེད་རགས་པ་དང་། ཆོས་ཀྱི་བདག་མེད་མངོན་སུམ་དུ་རྟོགས་པའི་རྣལ་འབྱོར་མངོན་སུམ་དང་བཞི་ཡོད། རྗེས་དཔག་ཚད་མ་ལ་རྟོག་པས་ཁྱབ་ཅིང་། ཆོས་དེ་ལ་རྗེས་དཔག་ཡིན་ན་ཆོས་དེ་ལ་རྟོག་པ་ཡིན་པས་མ་ཁྱབ་སྟེ། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་དེ་སྒྲ་རྟག་སྟོང་ལ་རྗེས་དཔག་ཡིན་ཀྱང་དེ་ལ་རྟོག་པ་མ་ཡིན་པའི་ཕྱིར་ཏེ། ཆོས་དེ་ལ་རྟོག་པ་ཡིན་ན་ཆོས་དེའི་རྣམ་པ་ཤར་བས་ཁྱབ་པ་གང་ཞིག་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག དེ་ལ་སྒྲ་རྟག་སྟོང་གི་རྣམ་པ་མ་ཤར་བའི་ཕྱིར། དེས་དེ་དངོས་སུ་མ་རྟོགས་པའི་ཕྱིར། དེས་སྒྲ་མི་རྟག་པ་དངོས་སུ་རྟོགས་པའི་ཤུགས་ལ་དེ་རྟོགས་པའི་ཕྱིར།

3_6 བདག་མེད་འདོད་ཚུལ།

གང་ཟག་གི་བདག་མེད་ཕྲ་རགས་ཀྱི་མཚན་གཞི་རང་རྒྱུད་པ་མན་ཆད་འཇོག་ཚུལ་འདྲ་ལ། ཆོས་ཀྱི་བདག་མེད་ཀྱི་མཚན་གཞི། གཟུགས་དང་གཟུགས་འཛིན་ཚད་མ་རྫས་གཞན་གྱིས་སྟོང་པའི་སྟོང་ཉིད་ལྟ་བུ་ལ་བྱེད།

3_7 ས་ལམ་གྱི་རྣམ་གཞག

སྤང་བྱ་དང་། ས་ལམ་གྱི་རྣམ་གཞག་དངོས་བཤད་པའོ། །དང་པོ་ནི། གང་ཟག་གི་བདག་འཛིན་ས་བོན་དང་བཅས་པ་དང་། དེའི་དབང་གིས་བྱུང་བའི་དུག་གསུམ་ས་བོན་དང་བཅས་པ་ཉོན་སྒྲིབ་དང་།བདེན་འཛིན་ས་བོན་དང་བཅས་པ་དང་། དེའི་བག་ཆགས་དང་དེའི་དབང་གིས་བྱུང་བའི་གཉིས་སྣང་འཁྲུལ་པ་ཐམས་ཅད་ཤེས་སྒྲིབ་ཏུ་འཇོག གཉིས་པ་ནི། གང་ཟག་གི་བདག་མེད་རྟོགས་པའི་ལྟ་བ་དེ། ཉན་ཐོས་ཀྱི་རིགས་ཅན་རྣམས་ཀྱིས་ཆེད་དུ་བྱ་བ་རང་དོན་དུ་བསོད་ནམས་ཀྱི་ཚོགས་ཆུང་ངུ་དང་། རང་རྒྱལ་གྱི་རིགས་ཅན་རྣམས་ཀྱིས་ཆེད་དུ་བྱ་བ་རང་དོན་དུ་བསོད་ནམས་ཀྱི་ཚོགས་འབྲིང་དང་ཟུང་དུ་འབྲེལ་ཏེ།ཚེ་གསུམ་དང་བསྐལ་པ་བརྒྱ་ལ་སོགས་པའི་བར་དུ་གོམས་པར་བྱས་པ་ལ་བརྟེན་ནས་རང་རང་གི་བྱང་ཆུབ་མངོན་དུ་བྱེད། བྱང་སེམས་རྣམས་ཀྱིས་གཟུང་འཛིན་རྫས་གཞན་གྱིས་སྟོང་པར་རྟོགས་པའི་ལྟ་བ་དེ་ཆེད་དུ་བྱ་བ་གཞན་དོན་དུ་བསོད་ནམས་ཀྱི་ཚོགས་ཆེན་པོ་དང་ཟུང་དུ་འབྲེལ་ཏེ་བསྐལ་པ་གྲངས་མེད་གསུམ་ལ་སོགས་པའི་བར་དུ་གོམས་པར་བྱས་པ་ལ་བརྟེན་ནས་རང་གི་བྱང་ཆུབ་མངོན་དུ་བྱེད། རྣམ་བདེན་པ་ལྟར་ན། ཉན་རང་དགྲ་བཅོམ་པ་རྣམས་ལྷག་མེད་དུ་མྱ་ངན་ལས་འདས་པ་ན་རིག་པ་རྒྱུན་ཆད་པར་འདོད།སངས་རྒྱས་འཕགས་པ་རིག་པ་རྒྱུན་ཆད་པ་མི་སྲིད་པར་འདོད་པ་ཡིན་ཏེ། བྱང་སེམས་རྣམས་དང་པོར་འོག་མིན་དུ་ལོངས་སྐུར་སངས་རྒྱས་པའི་ལོངས་སྐུ་དེ་འཁོར་བ་ཇི་སྲིད་མ་སྟོང་གི་བར་དུ་རྣམ་པའི་རིགས་འདྲ་རྒྱུན་མི་ཆད་པར་གདུལ་བྱ་རང་རང་གི་སྐལ་བ་དང་འཚམ་པར་སྤྲུལ་པ་སྣ་ཚོགས་ཀྱིས་གཞན་དོན་བྱེད་པར་འདོད་པའི་ཕྱིར། ཐེག་པ་གསུམ་རིགས་སོ་སོར་ངེས་པ་ཡིན་ཏེ། སེམས་ཅན་རྣམས་ཐོག་མ་མེད་པ་ནས་རིགས་སམ་ཁམས་མི་འདྲ་བ་གསུམ།དེ་ལས་མོས་པ་མི་འདྲ་བ་གསུམ། དེ་ལས་སྒྲུབ་བ་མི་འདྲ་བ་གསུམ། དེ་ལས་འབྲས་བུ་མི་འདྲ་བ་གསུམ་འཐོབ་པར་འདོད་པ་ཡིན་པའི་ཕྱིར། རྣམ་རྫུན་པ་ལྟར་ན། ཉན་རང་དགྲ་བཅོམ་པ་རྣམས་ལྷག་མེད་དུ་མྱ་ངན་ལས་འདས་པ་ན་རིག་པ་རྒྱུན་ཆད་པར་མི་འདོད་དེ། དེས་དེའི་ཚེ་སྡུག་ཀུན་གྱིས་བསྡུས་པའི་རིག་པ་ཙམ་རྒྱུན་ཆད་པར་འདོད་ཀྱང་། རིག་པ་ཙམ་ཞིག་སངས་རྒྱས་ཀྱི་སར་འགྲོ་བར་འདོད་པས་མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ་པར་འདོད་དོ། །

4 ངོ་བོ་ཉིད་མེད་པར་སྨྲ་བའི་ལུགས་བཤད་པ་ལ།论说无体性宗
4_1 ངོ་བོ་ཉིད་མེད་པར་སྨྲ་བའི་མཚན་ཉིད།

བདེན་དངོས་ཐ་སྙད་དུ་ཡང་མི་འདོད་པའི་ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བའི་གང་ཟག

4_2 དབྱེ་ན། 

རང་རྒྱུད་པ་དང་། ཐལ་འགྱུར་པ་གཉིས་ཡོད།


4_3 ཕྱེ་བ་སོ་སོའི་དོན་བཤད་པ།

རང་རྒྱུད་པའི་ལུགས་བཤད་པ་དང་། ཐལ་འགྱུར་བའི་ལུགས་བཤད་པའོ། །

4_3_1 རང་རྒྱུད་པའི་མཚན་ཉིད།

རང་རྒྱུད་ཀྱི་རྟགས་ཞལ་གྱིས་བཞེས་པའི་སྒོ་ནས་བདེན་དངོས་ཐ་སྙད་དུའང་མི་འདོད་པའི་དབུ་མ་པ། དེ་དང་རང་བཞིན་གྱིས་ཡོད་པར་སྨྲ་བའི་དབུ་མ་པ་དོན་གཅིག

4_3_2 དབྱེ་ན།

མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་དང་། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་གཉིས་ཡོད། ཐ་སྙད་ཀྱི་རྣམ་གཞག་ཕལ་ཆེར་མདོ་སྡེ་པ་དང་སྒོ་བསྟུན་ནས་སྨྲ་བའི་དབུ་མ་པ་དེ། དང་བོའི་མཚན་ཉིད། ཐ་སྙད་ཀྱི་རྣམ་གཞག་ཕལ་ཆེར་སེམས་ཙམ་པ་དང་སྒོ་བསྟུན་ནས་སྨྲ་བའི་དབུ་མ་པ་དེ། གཉིས་པའི་མཚན་ཉིད། དང་པོའི་མཚན་གཞི་ལེགས་ལྡན་འབྱེད་དང་། ཡེ་ཤེས་སྙིང་པོ་ལྟ་བུའོ། །གཉིས་པའི་མཚན་གཞི། ཞི་བ་འཚོ། སེང་གེ་བཟང་པོ། ཀ་མ་ལ་ཤཱི་ལ་དཔོན་སློབ་ལྟ་བུའོ། །

4_3_3 སྒྲ་བཤད་པ།

ལེགས་ལྡན་འབྱེད་ཆོས་ཅན། ཁྱོད་ལ་དབུ་མ་རང་རྒྱུད་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། རང་རྒྱུད་ཀྱི་རྟགས་ཁས་ལེན་པའི་དབུ་མ་པ་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར།

4_3_4 ཡུལ་གྱི་འདོད་ཚུལ།

རང་གི་མཚན་ཉིད་ཀྱིས་གྲུབ་པ། རང་ངོས་ནས་གྲུབ་པ། རང་བཞིན་གྱིས་གྲུབ་པ་རྣམས་དོན་གཅིག འདུས་མ་བྱས་ཀྱི་ནམ་མཁའ། འགོག་བདེན། འདས། མ་འོངས། གང་ཟག་གི་བདག་མེད་ཕྲ་མོ་རྣམས་མེད་དགག་དང་། ཀུན་རྫོབ་བདེན་པ་གཉིས་ཀར་འདོད། དོན་དམ་བདེན་པ། ཆོས་ཉིད། ཆོས་ཀྱི་བདག་མེད་ཕྲ་མོ་རྣམས་དོན་གཅིག མདོ་སྡེ་སྤྱོད་པའི་དབུ་མ་པ་ལྟར་ན། གཟུགས་སོགས་དོན་ལྔ་ཤེས་པ་དང་ངོ་བོ་ཐ་དད་ཅིང་། རྡུལ་ཕྲན་ཆ་མེད་ལས་བརྩམས་པའི་རགས་པ་ཕྱི་དོན་དུ་འདོད། རྣལ་འབྱོར་སྤྱོད་པའི་དབུ་མ་པ་ལྟར་ན། གཟུགས་སོགས་དོན་ལྔ་རང་འཛིན་པའི་ཤེས་པ་དང་ངོ་བོ་གཅིག་ཏུ་འདོད། 

4_3_5 ཡུལ་ཅན་གྱི་འདོད་ཚུལ།

ཡིད་ཀྱི་རྣམ་ཤེས་གང་ཟག་གི་མཚན་གཞི་དང་། རྣམ་ཤེས་ཚོགས་དྲུག་ཏུ་འདོད། བློ་ལ་ཚད་མ་དང་ཚད་མིན་གྱི་བློ་གཉིས་ཡོད། དང་པོ་ལ་མངོན་སུམ་ཚད་མ་དང་། རྗེས་སུ་དཔག་པའི་ཚད་མ་གཉིས་ཡོད། མདོ་སྡེ་སྤྱོད་པའི་དབུ་མ་པ་ལྟར་ན། རང་རིག་མངོན་སུམ་མི་འདོད། ཅིག་ཤོས་ལྟར་ན། མངོན་སུམ་བཞི་ག་འདོད་ཅིང་། རང་རིག་མངོན་སུམ་དང་། རྣལ་འབྱོར་མངོན་སུམ་ལ་མ་འཁྲུལ་བའི་ཤེས་པས་ཁྱབ། གཞན་གཉིས་ལ་འཁྲུལ་མ་འཁྲུལ་གཉིས་ཀ་ཡོད། མདོ་སེམས་གཉིས་ཀ་དང་རང་རྒྱུད་པ་རྣམས་ཀྱིས་མངོན་སུམ་ལ་རྟོག་བྲལ་གྱི་ཤེས་པས་ཁྱབ་པ་དང་། དཔྱད་ཤེས་ལ་ཚད་མིན་གྱི་ཤེས་པས་ཁྱབ་པ་དང་། རང་གི་ཞེན་ཡུལ་ལ་འཁྲུལ་བའི་ཤེས་པ་ལ། ལོག་ཤེས་ཀྱིས་ཁྱབ་པ་དང་། ཆོས་དེ་ལ་འཁྲུལ་ཤེས་ཡིན་ན། ཆོས་དེ་ལ་ཚད་མ་མ་ཡིན་པས་ཁྱབ་པ་དང་། རྗེས་དཔག་ཡིན་ན་རང་གི་སྣང་ཡུལ་ལ་ཚད་མ་མ་ཡིན་པས་ཁྱབ་པ་སོགས་ཁས་ལེན་པའི་ཕྱིར།

4_3_6 བདག་མེད་ཀྱི་འདོད་ཚུལ།

གང་ཟག་རྟག་གཅིག་རང་དབང་ཅན་གྱིས་སྟོང་པ་གང་ཟག་གི་བདག་མེད་རགས་པ་དང་། གང་ཟག་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པ་གང་ཟག་གི་བདག་མེད་ཕྲ་མོར་འདོད། རྣལ་འབྱོར་སྤྱོད་པའི་དབུ་མ་པ་ལྟར་ན། གཟུགས་དང་གཟུགས་འཛིན་པའི་ཚད་མ་རྫས་གཞན་གྱིས་སྟོང་པ་ཆོས་ཀྱི་བདག་མེད་རགས་པ་དང་། ཆོས་ཐམས་ཅད་བདེན་པས་སྟོང་པ་ཆོས་ཀྱི་བདག་མེད་ཕྲ་མོར་འདོད་པ་ཡིན་པའི་ཕྱིར། བདག་མེད་གཉིས་དགག་བྱའི་སྒོ་ནས་འབྱེད་པ་ཡིན་གྱི་སྟོང་གཞིའི་སྒོ་ནས་འབྱེད་པ་མ་ཡིན་ཏེ། གཞི་གང་ཟག་གི་སྟེང་དུ་དགག་བྱ་བདེན་གྲུབ་བཀག་པ་དེ་ཆོས་ཀྱི་བདག་མེད་ཕྲ་མོ་དང་། གཞི་གང་ཟག་གི་སྟེང་དུ་རང་སྐྱ་ཐུབ་པའི་རྫས་ཡོད་དུ་གྲུབ་པ་བཀག་པ་དེ། གང་ཟག་གི་བདག་མེད་ཕྲ་མོ་ཡིན་པའི་ཕྱིར། བདག་འཛིན་གཉིས་འཛིན་སྟངས་ཀྱི་སྒོ་ནས་འབྱེད་པ་ཡིན་གྱི་དམིགས་པའི་སྒོ་ནས་མ་ཡིན་ཏེ། གཞི་གང་ཟག་ལ་དམིགས་ནས་བདེན་གྲུབ་ཏུ་འཛིན་པ་དེ། ཆོས་ཀྱི་བདག་འཛིན་དང་། གཞི་གང་ཟག་ལ་དམིགས་ནས་རང་སྐྱ་ཐུབ་པའི་རྫས་ཡོད་དུ་གྲུབ་པར་འཛིན་པ་དེ། གང་ཟག་གི་བདག་འཛིན་ཡིན་པའི་ཕྱིར།

4_3_7 ས་ལམ་གྱི་རྣམ་གཞག་བཤད་པ།

རྣལ་འབྱོར་སྤྱོད་པའི་དབུ་མ་པ་ལྟར་ན། ཐེག་པ་གསུམ་གྱི་གང་ཟག་གི་ཁྱད་པར་རྣམས་སྤང་བྱའི་གཙོ་བོ་སྒྲིབ་པ་མི་འདྲ་བ་གསུམ། བསྒོམ་བྱའི་གཙོ་བོ་ལྟ་བ་མི་འདྲ་བ་གསུམ་གྱི་སྒོ་ནས་འཇོག་པ་ཡིན་ཏེ། ཉན་ཐོས་ཀྱི་རིགས་ཅན་རྣམས་ཀྱིས་རང་སྐྱ་ཐུབ་པའི་རྫས་ཡོད་དུ་གྲུབ་པར་འཛིན་པའི་རྟོག་པ་འཁོར་བཅས་སྤང་བྱའི་གཙོ་བོར་བྱས་ནས་དེའི་གཉེན་པོར་གང་ཟག་རང་སྐྱ་ཐུབ་པའི་རྫས་ཡོད་དུ་གྲུབ་པས་སྟོང་པར་རྟོགས་པའི་ལྟ་བ་དེ་བསྒོམ་བྱའི་གཙོ་བོར་བྱས་པ་ལས་བྱང་ཆུབ་ཆུང་ངུ་འཐོབ་པར་བྱེད། རང་རྒྱལ་གྱི་རིགས་ཅན་རྣམས་ཀྱིས་གཟུགས་དང་གཟུགས་འཛིན་པའི་ཚད་མ་རྫས་གཞན་དུ་འཛིན་པའི་རྟོག་པ་སྤང་བྱའི་གཙོ་བོར་བྱས་ནས་དེའི་གཉེན་པོར་གཟུང་འཛིན་རྫས་གཞན་གྱིས་སྟོང་པར་རྟོགས་པའི་ལྟ་བ་བསྒོམ་བྱའི་གཙོ་བོར་བྱས་པ་ལས་བྱང་ཆུབ་འབྲིང་འཐོབ་པར་བྱེད། བྱང་སེམས་རྣམས་ཀྱིས་བདེན་འཛིན་བག་ཆགས་དང་བཅས་པ་སྤང་བྱའི་གཙོ་བོར་བྱས་ནས་དེའི་གཉེན་པོར་ཆོས་ཐམས་ཅད་བདེན་མེད་དུ་རྟོགས་པའི་ལྟ་བ་བསྒོམ་བྱའི་གཙོ་བོར་བྱས་པ་ལས་བྱང་ཆུབ་ཆེན་པོ་འཐོབ་པར་བྱེད་པ་ཡིན་པའི་ཕྱིར།

མདོ་སྡེ་སྤྱོད་པའི་དབུ་མ་པ་ལྟར་ན། ཉན་རང་གཉིས་ཀྱི་སྤང་བྱའི་གཙོ་བོ་དང་བསྒོམ་བྱའི་གཙོ་བོ་ལ་ཁྱད་པར་མེད་དེ། དེ་གཉིས་ཀས་ཉོན་སྒྲིབ་སྤང་བྱའི་གཙོ་བོར་བྱེད་པ་མཚུངས། གང་ཟག་གི་བདག་མེད་བསྒོམ་བྱའི་གཙོ་བོར་བྱེད་པ་ཡང་མཚུངས་པའི་ཕྱིར། འོན་ཀྱང་། དེ་གཉིས་ལ་འབྲས་བུ་དམན་མཆོག་གི་ཁྱད་པར་ཡོད་པའི་རྒྱུ་མཚན་ཡོད་དེ། བསོད་ནམས་ཀྱི་ཚོགས་རྒྱ་ཆེ་ཆུང་དང་ཡུན་རིང་ཐུང་གི་དབང་གིས་ཁྱད་པར་ཡོད་པའི་ཕྱིར། མདོ་ལ་ཐེག་ཆེན་གྱི་མདོ་དང་ཐེག་དམན་གྱི་མདོ་གཉིས་དང་། དྲང་ངེས་ཀྱི་ཆ་གཉིས་སུ་འདོད་པ་སེམས་ཙམ་པ་དང་མཚུངས་ལ། མཚན་གཞི་མི་འདྲ་བ་ཡིན་ཏེ། སེམས་ཙམ་པས་འཁོར་ལོ་དང་པོ་གཉིས་དྲང་དོན་གྱི་མདོ་དང་། ཕྱི་མ་ངེས་དོན་གྱི་མདོར་འདོད། སྐབས་འདིར་འཁོར་ལོ་ཐོག་མཐའ་གཉིས་དྲང་དོན་གྱི་མདོ་དང་། བར་པ་ལ་དྲང་ངེས་ཀྱི་ཆ་གཉིས་ཡོད་དེ། དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱར་བ་རྣམས་ངེས་དོན་གྱི་མདོ་དང་།


4_3_8 དབུ་མ་ཐལ་འགྱུར་བའི་མཚན་ཉིད།

གཞན་གྲགས་ཀྱི་ཐལ་འགྱུར་ཙམ་ཞལ་གྱིས་བཞེས་པའི་སྒོ་ནས་བདེན་དངོས་ཐ་སྙད་དུའང་མི་འདོད་པའི་དབུ་མ་པ།

4_3_9 དབྱེ་ན།

སློབ་དཔོན་སངས་རྒྱས་བསྐྱངས། ཟླ་གྲགས། ཞི་བ་ལྷ་ལྟ་བུའོ། །

4_3_10 སྒྲ་བཤད་པ།

སློབ་དཔོན་སངས་རྒྱས་བསྐྱངས་ཆོས་ཅན། ཁྱོད་ལ་ཐལ་འགྱུར་བ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཐལ་འགྱུར་ཙམ་གྱིས་ཕྱི་རྒོལ་གྱི་རྒྱུད་ལ་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་སྐྱེ་བར་འདོད་པས་དེ་ལྟར་བརྗོད་པའི་ཕྱིར།

4_3_11 ཡུལ་གྱི་འདོད་ཚུལ།

ཡུལ་དེ་ལ་ལྐོག་གྱུར་དང་། མངོན་གྱུར་གཉིས་ཡོད། རྟགས་ལ་བརྟེན་ནས་རྟོགས་དགོས་པའི་ཡུལ་རྣམས་ལྐོག་གྱུར་དང་། ཚུར་མཐོང་རྣམས་ཀྱིས་རྟགས་ལ་མི་བརྟེན་པར་མྱོང་སྟོབས་ཀྱིས་ངེས་ནུས་པའི་ཡུལ་རྣམས་མངོན་གྱུར་དུ་འཇོག དང་པོའི་མཚན་གཞི། སྒྲ་མི་རྟག་པ། སྒྲ་བདེན་སྟོང་ལྟ་བུ་ལ་བྱེད། གཉིས་པའི་མཚན་གཞི། བུམ་པ་དང་། སྣམ་བུ་ལྟ་བུ་ལ་བྱེད། མངོན་སུམ་དང་། མངོན་གྱུར་དོན་གཅིག ཡང་ཡུལ་དེ་ལ། ཀུན་རྫོབ་བདེན་པ་དང་། དོན་དམ་བདེན་པ་གཉིས་ཡོད། ཐ་སྙད་དཔྱོད་བྱེད་ཀྱི་ཚད་མའི་རྙེད་དོན་གང་ཞིག ཐ་སྙད་དཔྱོད་བྱེད་ཀྱི་ཚད་མ་རང་ཉིད་ལ་ཐ་སྙད་དཔྱོད་བྱེད་ཀྱི་ཚད་མར་སོང་བ། རང་ཉིད་ཀུན་རྫོབ་བདེན་པ་ཡིན་པའི་མཚན་ཉིད། དེ་ལ་ཡང་དག་ཀུན་རྫོབ་དང་། ལོག་པའི་ཀུན་རྫོབ་གཉིས་སུ་འབྱེད་མི་རིགས་ཏེ། ཡང་དག་ཀུན་རྫོབ་མེད་པའི་ཕྱིར་ཏེ། ཀུན་རྫོབ་ཡིན་ན་ཡང་དག་མ་ཡིན་དགོས་པའི་ཕྱིར་ཏེ། དེ་ཡིན་ན་ལོག་པ་ཡིན་དགོས་པའི་ཕྱིར། ཀུན་རྫོབ་བདེན་པ་ལ་འཇིག་རྟེན་ཤེས་ངོ་ལ་ལྟོས་ཏེ་ཡང་ལོག་གཉིས་སུ་འབྱེད་རིགས་ཏེ། གཟུགས་དེ་འཇིག་རྟེན་ཤེས་ངོ་ལ་ལྟོས་ཏེ་ཡང་དག་དང་། མེ་ལོང་ནང་གི་བྱད་བཞིན་གྱི་གཟུགས་བརྙན་དེ་འཇིག་རྟེན་ཤེས་ངོ་ལ་ལྟོས་ཏེ་ལོག་པ་ཡིན་པའི་ཕྱིར། འཇིག་རྟེན་ཤེས་ངོ་ལ་ལྟོས་ཏེ་ཡང་དག་ཡིན་ན་ཡོད་པས་མ་ཁྱབ་སྟེ། གཟུགས་བདེན་གྲུབ་དེ། དེ་ཡིན་པའི་ཕྱིར། གཉིས་པ་ནི། མཐར་ཐུག་དཔྱོད་བྱེད་ཀྱི་ཚད་མའི་རྙེད་དོན་གང་ཞིག མཐར་ཐུག་དཔྱོད་བྱེད་ཀྱི་ཚད་མ་རང་ཉིད་ལ་མཐར་ཐུག་དཔྱོད་བྱེད་ཀྱི་ཚད་མར་སོང་བ། རང་ཉིད་དོན་དམ་བདེན་པ་ཡིན་པའི་མཚན་ཉིད། དབྱེ་བ་སེམས་ཙམ་པའི་སྐབས་དང་འདྲ་ཞིང་། སྐབས་འདིར་འགོག་བདེན་ལ་དོན་དམ་བདེན་པས་ཁྱབ་པ་ཁས་ལེན་པའི་ཕྱིར།

4_3_12 ཡུལ་ཅན་གྱི་འདོད་ཚུལ།

ཕུང་པོ་ལྔ་ལ་བརྟེན་ནས་བཏགས་པའི་ང་ཙམ་གང་ཟག་གི་མཚན་གཞིར་འདོད་ཅིང་། གང་ཟག་ལ་ལྡན་མིན་འདུ་བྱེད་ཀྱིས་ཁྱབ། བློ་ལ་ཚད་མ་དང་ཚད་མིན་གྱི་བློ་གཉིས་ཡོད། ཚད་མ་ལ་མངོན་སུམ་གྱི་ཚད་མ་དང་རྗེས་སུ་དཔག་པའི་ཚད་མ་གཉིས་ཡོད། རང་རིག་མངོན་སུམ་མི་འདོད་ཅིང་། སེམས་ཅན་གྱི་རྒྱུད་ཀྱི་དབང་ཤེས་ལ་འཁྲུལ་ཤེས་ཀྱིས་ཁྱབ། ཡིད་ཤེས་དང་རྣལ་འབྱོར་མངོན་སུམ་ལ་འཁྲུལ་མ་འཁྲུལ་གཉིས་ཡོད། མངོན་སུམ་གྱི་ཚད་མ་ལ་རྟོག་བཅས་མངོན་སུམ་ཚད་མ་དང་། རྟོག་མེད་མངོན་སུམ་ཚད་མ་གཉིས་ཡོད། དང་པོའི་མཚན་གཞི། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་སྐད་ཅིག་གཉིས་པ་དང་། སྔོ་འཛིན་དབང་མངོན་གྱིས་དྲངས་ནས་སྐྱེས་པའི་སྔོན་པོ་དོན་མཐུན་དུ་དྲན་པའི་དྲན་ཤེས་ལྟ་བུ་ལ་བྱེད། གཉིས་པའི་མཚན་གཞི། གཟུགས་འཛིན་དབང་པོའི་མངོན་སུམ་ལྟ་བུ་ལ་བྱེད། མངོན་སུམ་ཚད་མ་ཡིན་ན་མངོན་སུམ་ཡིན་པས་མ་ཁྱབ་སྟེ། རྣལ་འབྱོར་མངོན་སུམ་ཡིན་ན་མངོན་སུམ་མ་ཡིན་དགོས་པའི་ཕྱིར་ཏེ། མངོན་སུམ་དང་མངོན་གྱུར་དོན་གཅིག་པའི་ཕྱིར། དཔྱད་ཤེས་ཡིན་ན་མངོན་སུམ་ཚད་མ་ཡིན་པས་ཁྱབ། རྗེས་དཔག་ལ་དབྱེ་ན། དངོས་སྟོབས་རྗེས་དཔག གྲགས་པའི་རྗེས་དཔག དཔེ་ཉེར་འཇལ་གྱི་རྗེས་དཔག ཡིད་ཆེས་རྗེས་དཔག་དང་བཞི་ཡོད། གྲགས་པའི་རྗེས་དཔག་དང་དཔེ་ཉེར་འཇལ་གྱི་རྗེས་དཔག་གཉིས་དངོས་སྟོབས་རྗེས་དཔག་གི་ནང་དུ་འདུ། ཚད་མ་ཡིན་ན་རང་གི་ཞེན་ཡུལ་ལ་མ་འཁྲུལ་པས་མ་ཁྱབ་སྟེ། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་དེ་སྒྲ་མི་རྟག་པ་ལ་འཁྲུལ་ཤེས་ཡིན་པའི་ཕྱིར། ཤེས་པ་ཡིན་ན་རང་གི་གཞལ་བྱ་རྟོགས་པས་ཁྱབ་སྟེ། རི་བོང་རྭའི་དོན་སྤྱི་རི་བོང་རྭ་འཛིན་རྟོག་པའི་གཞལ་བྱ་དང་། སྒྲ་རྟག་པའི་དོན་སྤྱི་སྒྲ་རྟག་འཛིན་རྟོག་པའི་གཞལ་བྱ་ཡིན་པའི་ཕྱིར།

4_3_13 བདག་མེད་འདོད་ཚུལ།

གང་ཟག་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱི་གྲུབ་པའི་སྟོང་པ་གང་ཟག་གི་བདག་མེད་རགས་པ་དང་། གང་ཟག་བདེན་པས་སྟོང་པ་གང་ཟག་གི་བདག་མེད་ཕྲ་མོར་འདོད། རྡུལ་ཕྲན་ཆ་མེད་བསགས་པའི་རགས་པ་དང་། དེ་འཛིན་པའི་ཚད་མ་རྫས་གཞན་གྱིས་སྟོང་པ་ཆོས་ཀྱི་བདག་མེད་རགས་པ་དང་། གདགས་གཞི་ཕུང་པོ་བདེན་པས་སྟོང་པ་ཆོས་ཀྱི་བདག་མེད་ཕྲ་མོར་འཇོག་པ་ཡིན་པའི་ཕྱིར། བདག་མེད་གཉིས་སྟོང་གཞིའི་སྒོ་ནས་འབྱེད་པ་ཡིན་གྱི། དགག་བྱའི་སྒོ་ནས་མི་འབྱེད་དེ། གཞི་གང་ཟག་གི་སྟེང་དུ་དགག་བྱ་བདེན་གྲུབ་བཀག་པ་གང་ཟག་གི་བདག་མེད་ཕྲ་མོ་དང་། གཞི་ཕུང་སོགས་ཀྱི་སྟེང་དུ་དགག་བྱ་བདེན་གྲུབ་བཀག་པ་ཆོས་ཀྱི་བདག་མེད་ཕྲ་མོ་ཡིན་ནོ། །བདག་འཛིན་གཉིས་དམིགས་པའི་སྒོ་ནས་འབྱེད་པ་ཡིན་གྱི། འཛིན་སྟངས་ཀྱི་སྒོ་ནས་འབྱེད་པ་མ་ཡིན་ཏེ། གཞི་གང་ཟག་ལ་དམིགས་ནས་བདེན་གྲུབ་ཏུ་འཛིན་པ་གང་ཟག་གི་བདག་འཛིན་དང་། གདགས་གཞི་ཕུང་སོགས་ལ་དམིགས་ནས་བདེན་གྲུབ་ཏུ་འཛིན་པ་ཆོས་ཀྱི་བདག་འཛིན་ཕྲ་མོར་འཇོག་པ་ཡིན་པའི་ཕྱིར།

4_3_14 ས་ལམ་གྱི་རྣམ་གཞག

སྤང་བྱ་དང་། ས་ལམ་གྱི་རྣམ་གཞག་དངོས་བཤད་པའོ། །དང་པོ་ནི། བདག་འཛིན་ཕྲ་རགས་ས་བོན་དང་བཅས་པ་དང་། དེའི་དབང་གིས་བྱུང་བའི་ཆགས་སོགས་ས་བོན་དང་བཅས་པ་ཉོན་སྒྲིབ་དང་། གཙོ་བོར་ཐར་པ་འཐོབ་པ་ལ་བར་དུ་གཅོད་པའི་སྒྲིབ་པར་འཇོག བདེན་འཛིན་གྱི་བག་ཆགས་དང་དེའི་དབང་གིས་བྱུང་བའི་གཉིས་སྣང་འཁྲུལ་པའི་ཆ་ཐམས་ཅད་ཤེས་སྒྲིབ་དང་། གཙོ་བོར་ཐམས་ཅད་མཁྱེན་པ་འཐོབ་པ་ལ་བར་དུ་གཅོད་པའི་སྒྲིབ་པར་འཇོག ཐེག་པ་གསུམ་གའི་གང་ཟག་རྣམས་ཀྱི་བསྒོམ་བྱའི་ལྟ་བ་ལ་མཐོ་དམན་གྱི་ཁྱད་པར་མེད་དེ།

ས་ལམ་གྱི་རྣམ་གཞག་དངོས་བཤད་པ། དེ་གསུམ་གྱི་གང་ཟག་གི་བདག་མེད་དང་། ཆོས་ཀྱི་བདག་མེད་ཕྲ་མོ་བསྒོམ་བྱའི་གཙོ་བོར་བྱེད་པ་མཚུངས་པའི་ཕྱིར། སྤང་བྱའི་གཙོ་བོ་ལ་ཁྱད་པར་ཡོད་དེ། ཉན་རང་རྣམས་ཀྱིས་བདག་འཛིན་གཉིས་ས་བོན་དང་བཅས་པ་སྤང་བྱའི་གཙོ་བོར་བྱེད། བྱང་སེམས་རྣམས་ཀྱིས་དེའི་བག་ཆགས་སྤང་བྱའི་གཙོ་བོར་བྱེད། ཉན་རང་དགྲ་བཅོམ་མཉམ་གཞག་པའི་རྒྱུད་ཀྱི་བདག་འཛིན་གཉིས་ས་བོན་དང་བཅས་པ་སྤངས་པས་ཁྱད་པར་དུ་བྱས་པའི་དེ་བཞིན་ཉིད་ལྷག་མེད་མྱང་འདས་དང་། ཉན་རང་དགྲ་བཅོམ་རྗེས་ཐོབ་པའི་རྒྱུད་ཀྱི་དེ་འདྲ་བའི་དེ་བཞིན་ཉིད་ལྷག་བཅས་མྱང་འདས་ཡིན་པའི་ཕྱིར། དང་པོ་ཉིད་ནས་རིགས་ངེས་པའི་ཐེག་ཆེན་གྱི་རིགས་ཅན་རྣམས་ཀྱིས་ཉོན་སྒྲིབ་སྤངས་པ་དང་། ས་བརྒྱད་པ་ཐོབ་པ་དུས་མཉམ་ཞིང་། ཤེས་སྒྲིབ་སྤངས་པ་དང་སྐུ་བཞི་མངོན་དུ་བྱེད་པ་དུས་མཉམ་པ་ཡིན་པའི་ཕྱིར། 



སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-09-29

གསར་སྤེལ་མཁན། :མཐོ་སྒང་གི་མེལ་ཚེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།