རི་བོ་རྩེ་ལྔའི་གནས་བསྟོད་འཇམ་དཔལ་དགྱེས་པའི་མཆོད་སྤྲིན། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ3ཡོད།

རི་བོ་རྩེ་ལྔའི་གནས་བསྟོད་འཇམ་དཔལ་དགྱེས་པའི་མཆོད་སྤྲིན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(ལྕང་སྐྱ་རོལ་བའི་རྡོ་རྗེས་བརྩམས།)

རི་བོ་རྩེ་ལྔའི་གནས་བསྟོད་འཇམ་དབྱངས་དགྱེས་པའི་མཆོད་སྤྲིན་ཞེས་པ་འདི་ནི་རབ་བྱུང་བཅུ་གསུམ་པའི་མེ་ཕག་ལོར་འཕགས་པ་འཇམ་དཔལ་གྱི་སྤྲུལ་བའི་གནས་མཆོག་རི་བོ་རྩེ་ལྔའི་དབེན་གནས་ཀུན་ཏུ་བདེ་བའི་ཚལ་ལ་ཟླ་ངོ་དྲུག་ཙམ་མཚམས་དམ་པར་བཅད་སྐབས་ཉེ་གནས་དགེ་སློང་དགེ་ལེགས་ནམ་མཁས་གནས་བསྟོད་དང་འབྲེལ་བའི་མགུར་མ་ཞིག་ཐོན་རོགས་གྱིས་ཟེར་བར་བརྟེན་དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་རིང་ལུགས་འཛིན་པའི་སྔགས་འཆང་ལྕང་སྐྱ་རོལ་པའི་རྡོ་རྗེས་ཐུན་མཚམས་སུ་ཁ་ནས་གང་ཐོན་སྨྲས་པའོ། །
གཞི་རྩའི་གནས་ཚུལ།

རྩོམ་པ་པོ།
ལྕང་སྐྱ་རོལ་བའི་རྡོ་རྗེ།
1 ​མ་ཡིག

རི་བོ་རྩེ་ལྔའི་གནས་བསྟོད་འཇམ་དཔལ་དགྱེས་པའི་མཆོད་སྤྲིན།

ན་མོ་གུ་རུ། ཡོངས་ཤེས་བྱའི་དཀྱིལ་འཁོར་མ་ལུས་པ། ། མངོན་སུམ་དུ་མཁྱེན་པའི་སྤྱན་མངའ་བ། ། སྟོབས་བཅུ1ལྡན་ཀུན་གྱི་བཤེས་གཉེན་མཆོག ། དཔལ་མཁྱེན་པའི་གཏེར2དེ་སྙིང་དབུས་བཞུགས། ། སྔོན་རྒྱལ་བའི་སྡོང་པོས་བརྒྱན་པ3སོགས། ། མདོ་དུ་མར་གསལ་བར་ལུང་བསྟན་ཅིང་། ། རིས་མེད་པའི་པཎ་གྲུབ་དུ་མ་ཡིས། །མགྲིན་གཅིག་ཏུ་བསྔགས་པའི་གནས་མཆོག་འདིར། ། ལྷ་རྗེ་བཙུན་བརྟན་པའི་འཁོར་ལོ4ཉིད། ། སྐུ་ཟུར་ཕུད་ལྔ་བའི་གཞོན་ནུའི་ཚུལ། ། རྒྱུད་སྐལ་ལྡན་འགྲོ་ལ་མངོན་སུམ་བསྟན། ། ཞིང་འདི་ཉིད་བདག་གིར་བཟུང་ཞེས་གྲགས། ། ཕྱི་གནས་ཀྱི་འོག་གཞི་དཀྱིལ་འཁོར་ཀུན། ། ཕྱོགས་གཞན་ལས་རྒྱང་གྲགས་དུ་མས་མཐོ། ། དེ་སྲིད་པར་འཁྱམས་པའི་སྐྱེ་བོའི་ཚོགས། ། ཟག་མེད་ཀྱི་ཐར་པར5འདྲེན་པའི་བརྡ། ། རི་རིན་ཆེན་མཚར་སྡུག་ལྷུན་པོ་ལྔ། ། དགུང་མཁའ་ལ་སྙེགས་འདྲ་གཟི་བྱིན་འབར། ། དེ་ཡེ་ཤེས་ལྔ6ཡི་འཕྲིན་ལས་ཀྱིས། ། མཐའ་ཡས་པའི་འགྲོ་བ་སྐྱོབ་པའི་བརྡ། ། གཡུའི་སྤང་ལྗོངས་ནེའུ་གསིང་བཀྲ་བ་ལ། ། ཚོན་སྣ་བརྒྱས་ཕྱེ་བའི་མེ་ཏོག་རྒོད། ། མངོན་མཐོ་དང་ངེས་ལེགས་ཡོན་ཏན་གྱིས། ། ཡིད་ཅན་ཀུན་སྤྲོ་བ་སྐྱེད་པའི་བརྡ། ། རྐང་དྲུག་ལྡན་ཚོགས་རྣམས་འཇོ་སྒེག་གིས། ། གླུ་དར་དིར་སྒྲོགས་ཤིང་འཕུར་ལྡིང་རོལ། ། མ་བརྟགས་ན་ཉམས་དགའི་རྟེན་འབྲེལ་ལ། ། རྒྱུ་འབྲས་ཀྱི་འཆར་སྒོ་ངོ་མཚར་སྟོན། ། ཆུ་ཡན་ལག་བརྒྱད་ལྡན་དུ་མ་ཞིག ། དལ་བབ་ཅིང་ལྷུང་ལྷུང་སྒྲ་སྙན་སྒྲོགས། ། བྱམས་སྙིང་རྗེ་ཚད་མེད་རྣམ་བཞི7ཡིས། ། མ་འགྲོ་ཀུན་སྐྱོབ་པར་བྱེད་པའི་བརྡ། ། རླུང་བསེར་བུར་བསྐུལ་པའི་ལྗོན་པའི་ཚོགས། ། མདངས་སྔོ་ལྗང་ལོ་འདབ་བསྐྱོད་ཅིང་གཡོབ། ། རིགས་སད་པའི་སྐལ་ལྡན་སྐྱེ་བོ་རྣམས། ། ལམ་ཐེག་པ་ཆེན་པོར8འབོད་པའི་བརྡ། ། རོ་བརྒྱ་ཕྲག་མངར་བའི་འབྲས་བུའི་ཚོགས། ། སྨིན་ལེགས་པའི་ལྕིད་ཀྱིས་དུད་ཅིང་སྤ། ། རྣམ་གྲོལ་གྱི་འབྲས་བུ་རྨད་བྱུང་བ། ། ཏིང་འཛིན་གྱི་བདེ་དགས་གང་བའི་བརྡ། ། ལུས་སྤུ་སྡུག་སྐད་སྙན་འདབ་ཆགས་ཚོགས། ། དབྱངས་རྒྱུད་མངས་འཁྲོལ་བཞིན་ཕྱོགས་བཅུར་ལྡིང་། ། ཆོས་བདེན་པ་བཞི9ཡི་བླང་དོར་རྣམས། ། དོན་ལྷུགས་པར་འདོམས་པས་དབུགས་འབྱིན་བརྡ། ། མིག་དཀྱུས་རིང་མཛེས་སྡུག་རི་དྭགས་ཚོགས། ། བག་ཕེབས་བཞིན་རི་ཀླུང་ཀུན་ཏུ་རྒྱུ། ། ལམ་བདེ་བས་རྫོགས་བྱང་བགྲོད་པ་ལ། ། བློ་དགའ་བདེ་ཅི་ཡང་རྒྱས་པའི་བརྡ། ། བྲག་རི་ཆེན་བ་གམ་མཐོ་བརྩེགས་པ། ། འོད་སྣ་ཚོགས་འཁྱུགས་པའི་མཛེས་སྡུག་འཛིན། ། སྐུ་བཞི་ཡི་གོ་འཕང་མཐོན་པོ་དེ། ། མཐའ་ཡས་པའི་ཡོན་ཏན་མངོན་པའི་བརྡ། ། ནད་ཉིས་བརྒྱ་སེལ་བའི་སྨན་གྱི་ཚོགས། ། ཡིད་ཚིམ་བྱེད་དྲི་བསུང་ཀུན་ཏུ་འཐུལ། ། ཐབས་ཤེས་རབ་རླབས་ཆེན་མཛད་པ་ཡིས། ། སྲིད་ཞི་ཡི་རྒུད་པ་སེལ་བའི་བརྡ། ། སྟེང་མཁའ་ལ་ལྷུན་སྟུག་ཆུ་འཛིན་ཚོགས། ། དབྱིབས་བཀོད་པ་མཐའ་ཡས་ཅིག་ཅར་སྟོན། ། མགོན་སྨྲ་བའི་སེངྒེའི་གསང་གསུམ་གྱི། ། འཕྲུལ་སྒྱུ་མའི་རོལ་རྩེད་མཚོན་པའི་བརྡ། ། གནས་འདི་ན་རྒྱལ་བ་སྲས་བཅས་ཀྱི། ། རྟེན་ངོ་མཚར་བཀོད་པ་བགྲང་ཡས་པའི། ། དྲི་གཙང་ཁང་མཆོད་རྟེན་ཁྲི་ཕྲག་ཚོགས། ། དད་ལྡན་གྱི་བསོད་ནམས་ཞིང་དུ་དངར། ། དེ་ཀུན་ཀྱང་ཡ་མཚན་འོད་ཟེར་ཚོགས། ། ཕན་ཚུན་དུ་འཁྱུག་པའི་རྩེ་དགའ་འཛིན། ། ལས་དག་པའི་སྐལ་ལྡན་དུ་མ་ལ། ། ཉམས་སྣང་བ་རྨད་བྱུང་བརྒྱ་ཕྲག་སྩོལ། ། དགྲ་བཅོམ་པ་མ་ཏཾ་ཀི་པ་དང་། ། བྷ་ར་ན་མ་ཧཱ་པཎྜི་ཏས། ། གནས་སྒོ་ཕྱེ་རྗེ་བཙུན་མཆོག་ཉིད་ཀྱི། ། སྐུའི་རྣམ་པ་ཇི་བཞིན་གསལ་བར་བཞེངས། ། རྒྱལ་སྲས་ཀྱི་ཁྱུ་མཆོག་བི་མ་ལ། ། མ་ག་ཏའི་གནས་བརྟན་བརྒྱ་ཕྲག་ཚོགས། ། ཡུལ་འཕགས་པའི་གནས་ནས་འདིར་བྱོན་ཏེ། ། ཁ་ཅིག་ནི་ཡེ་ཤེས་སྐུ་རུ་གྱུར། ། སར་གནས་ཀྱི་དཔའ་བོ་སངས་རྒྱས་བསྐྱངས10། ། འཇམ་དཔལ་གྱི་བཀའ་སྒྲུབ་གནས་འདི་ཡི། ། རྡོ་རྗེ་ཡི་ཕུག་ཏུ་ཞུགས་ནས་ཀྱང་། ། རིག་འཛིན་གྱི་མཁའ་སྤྱོད11བརྙེས་ཞེས་བཤད། ། ཤར་ཙི་ནའི་ཡུལ་གྱི་སེམས་དཔའ་ཆེ། ། མགོན་མི་ཕམ་པ་དང་གཉིས་མེད་པ། ། མཚན་ཆིང་ལྱང་གོོ་ཤྲིར12གྲགས་པ་དང་། ། ལམ་ཆོས་ཉིད་མངོན་གྱུར་ཏེའུ་ཤུན13སོགས། ། རིམ་བྱོན་གྱི་མཁས་གྲུབ་གྲངས་མེད་ཀྱིས། ། སྐྱབས་རྗེ་བཙུན་ཆེན་པོ་དངོས་སུ་མཇལ། ། གསུང་བདུད་རྩིའི་བགོ་སྐལ་སྤྱད་ནས་ཀྱང་། ། བྱང་གྲོལ་གྱི་གོ་འཕང་མངོན་དུ་བྱས། ། ཡང་རྒྱལ་བློན་ཁྱིམ་བདག་རབ་བྱུང་སོགས། ། རྒྱུད་དད་པའི་ནོར་བུས་དགང་རྣམས་ཀྱིས། ། སྐུ་གསུང་གི་སྣང་བ་མཐོང་ཐོས་སོགས། ། ངོ་མཚར་བའི་གཏམ་རྒྱུད་བགྲང་ལས་འདས། ། ཚུལ་དེ་དག་ཀུན་གྱི་ཐུན་མོང་དུ། ། བློ་ཚད་མས་གྲུབ་པའི་ཡོན་ཏན་ཡིན། ། ད་མཐུ་ཆེན་རྒྱལ་བའི་སྲས་རྣམས་ཀྱི། ། ནང་གསང་བའི་རྣམ་ཐར་མདོ་ཙམ་བརྗོད། ། སྔོན་མཉམ་མེད་ཐུབ་པའི་དབང་པོ་དེ། ། འཁོར་གངྒཱའི་རྡུལ་སྙེད14སྲས་དང་བཅས། ། དཔལ་མཁྱེན་པའི་གཏེར་གྱིས་གདན་དྲངས་ཏེ། ། གནས་འདི་རུ་ཐེག་ཆེན་སྒོ་བརྒྱ་ཕྱེ། ། ཕྱོགས་བཅུ་ཡི་རྒྱལ་བ་རྒྱ་མཚོའི་འཁོར། ། ཁོང་མཐུ་ཆེན་རྒྱལ་སྲས་སེམས་དཔའི་ཚོགས། ། ཆོས་ཟབ་གསང་བགྲོ་བ་མཛད་པའི་སླད། ། དུས་ད་དུང་ཡང་ཡང་སྤྲིན་བཞིན་འདུ། ། སྒྲིབ་ཉོན་མོངས་འཆིང་བ་ཀུན་བཅད་པའི། ། འཕགས་གནས་བརྟན་དགྲ་བཅོམ་ཚོགས་རྣམས་ཀྱང་། ། ནང་ཏིང་འཛིན་བདེ་ལ་རོལ་བཞིན་དུ། ། དཔལ་ངག་གི་་དབང་པོའི་ཞབས་ལ་འདུད། ། སྒོས་གསང་ཆེན་རྒྱུད་སྡེའི15ཡི་དམ་ལྷ། ། རྟེན་བརྟེན་པའི16དཀྱིལ་འཁོར་བྱེ་བ་བརྒྱ། ། རི་ལྷུན་སྟུག་རྩེ་ལྔའི་བཀོད་པའི་ནང་། ། རིགས་ལྔ་ཡི་དབྱེ་བས་ཀུན་ནས་དཀྲིགས། ། གནས་ཉེར་བཞིའི17དཔའ་བོ་མཁའ་འགྲོའི་ཚོགས། ། གར་ཉམས་དགུའི་འཇོ་སྒེག་སྣ་ཚོགས་ཀྱིས། ། ཆུ་སྐྱེས་ཀྱི་མཚོ་ལ་ངང་བ་བཞིན། ། ལེགས་འདུས་ནས་དངོས་གྲུབ་ཆར་བཞིན་འབེབས། ། གཙང་རིས་ཀྱི་དཔལ་མགོན་བདུན་ཅུ་ཡང་། ། རང་རང་གི་འཁོར་ཚོགས་རྒྱ་མཚོར་བཅས། ། དཔལ་འཇམ་པའི་རྡོ་རྗེའི་བཀའ་ཉན་བཞིན། ། གནས་བསྲུང་བའི་ཚུལ་གྱིས་ཕུ་དུད་བྱེད། ། མཐུ་སྟོབས་ཀྱི་མངའ་བདག་གཤུན་རྗེའི་རྒྱལ། ། ཡུམ་རེ་མ་ཏི་དང་རྒན་བྱད་མ། ། འཁོར་འཇིགས་རུང་དྲེགས་པ་སྡེ་བརྒྱད་བཅས། ། གནས་བསྲུང་ཞིང་རྣལ་འབྱོར་སྐྱོང་བཞིན་བཞུགས། ། ཡང་ན་ག་ཛུ་ན་ཡབ་སྲས་ལྔ། ། འཕགས་ཡུལ་གྱི་གྲུབ་ཆེན་དུ་མ་དང་། ། དཔལ་ཨ་ཏི་ཤ་དང་ས་པཎ་སོགས། ། འཇའ་ལུས18ཀྱི་རོལ་པས་ཡང་ཡང་འབྱོན། ། ཕ་བཀའ་དྲིན་ཅན་གྱི་ཙོང་ཁ་བ། ། རྗེ་མཁྱེན་པའི་གཏེར་དང་ལྷན་ཅིག་ཏུ། ། ཁོང་སར་གནས་སེམས་དཔའ་དུ་མ་ལ། ། གསང་སྔགས་དང་དབུ་མའི19ཆོས་འཁོར་བསྐོར། ། དད་དམ་ཚིག་ལྡན་པའི་གདུལ་བྱ་ལ། ། དེ་ཀུན་ཀྱང་ལ་ལར་དྲང་སྲོང་ཚུལ། ། སྐབས་གཞན་དུ་བྱིས་པ་ཕོ་མོ་དང་། ། རྒྱའི་བཙུན་པ་སྨུག་ཆས་འཛིན་པ་དང་། ། ཉམ་ཐག་པའི་སློང་མོའི་ཚུལ་གྱིས་རྒྱུ། ། བྱ་རི་དྭགས་ལ་སོགས་སེམས་ཡོད་དང་། ། སྨན་མེ་ཏོག་རྩི་ཤིང་ནགས་ཚལ་སོགས། ། བརྟན་གཡོ་བའི་དངོས་པོ་ཅིར་ཡང་བརྫུ། ། ལས་སྒྲིབ་པ་འཐུག་པའི་ལོག་ལྟ་ཅན20། ། བློ་ཡིད་གཉིས་ཅན21གྱི་རྟོག་གེ་བ། ། རང་མཐོན་པོའི་དྲེགས་པའི་མྱོས་རྣམས་ཀྱིས། ། མངོན་སུམ་དུ་གྱུར་ཀྱང་ངོ་མི་ཤེས། ། དེ་ལྟ་བུའི་གནས་ཀྱི་ཆེ་བ་རྣམས། ། མི་བདག་འདྲས་ཇི་བཞིན་བརྗོད་དཀའ་ཡང་། ། སྔོན་བྱོན་གྱི་རྒྱ་བོད་དམ་པ་ཡི། ། གསུང་ཚད་མར་བརྟེན་ནས་ཅུང་ཞིག་སྨྲས། ། ལས་དཀར་ནག་འདྲེས་པའི་གཞན་དབང་ཅན། ། སྤྲང་བན་རྒན་རོལ་བའི་རྡོ་རྗེ་བདག ། འདི་སྣང་གི་འདུ་འཛིའི་གཡེང་བ་ཡིས། ། ཆོས་རྣམ་དག་བསྒྲུབ་པའི་སྐལ་དམན་ཡང་། ། གནས་དབེན་པ་འདི་རུ་ལན་འགའི་བར། ། རྗེ་བློ་བཟང་རྒྱལ་བའི་སྙན་བརྒྱུད་ཀྱི། ། ལམ་རིམ་པ་གཉིས་ཀྱི་ཉམས་ལེན་ལ། ། བཤར་བསྒོམ22གྱི་བག་ཆགས་ཅུང་ཟད་བཞག ། ཉམས་རྟོགས་པ23སྐྱེ་བར་དཀའ་མོད་ཀྱང་། ། རྗེ་འཇམ་དཔལ་སྙིང་པོའི་ལེགས་བཤད་དང་། ། དྲིན་འཁོར་མེད་དག་དབང་མཆོག་ལྡན24སོགས། ། ཕ་བླ་མ་རྣམས་ཀྱི་ཐུགས་རྗེ་ཡིས། ། སྔར་སྦྱངས་པའི་ཆོས་ཀྱི་ཚིག་དོན་རྣམས། ། རང་རྒྱུད་ཐོག་འགེལ་བའི་འགྲོས་ཤིག་ཤེས། ། ཚེ་ཧྲིལ་གྱིས་འདིར་འདུག་སྙམ་པ་ཡི། ། སྨོན་འདུན་དང་གསོལ་འདེབས་ཡང་ཡང་བྱས། ། དུས་ད་དུང་དེང་ནས་བྱང་ཆུབ་བར། ། ལམ་ཟབ་མོ་འདི་དང་མི་འབྲལ་ཞིང་། ། དོན་བགེགས་མེད་ཚུལ་བཞིན་བསྒྲུབ་ནུས་པར། ། ལྷ་བླ་མས་ཐུགས་རྗེས་བྱིན་གྱིས་རློབས། ། ཁྱེད་སྙིང་ནས་དམ་ཆོས་བསྒྲུབ་འདོད་རྣམས། ། ཆོས་བརྒྱད་ཀྱི་གཡེང་བ་རྒྱབ་བསྐྱུར་ནས། ། གནས་འདི་འདྲར་ཉམས་ལེན་གཏིང་ཚུགས་པས། ། དུས་གཏན་བདེའི་སྒྲུབ་པ་ཅིས་ཀྱང་འཚལ། ། སྲོག་མི་རྟག་རི་གཟར་འབབ་ཆུ་འདྲ། ། ནོར་ལོངས་སྤྱོད་རྩྭ་རྩེའི་ཟིལ་བ་བཞིན། ། གྲོགས་མཛའ་གཅུགས་ཚོང་འདུའི་མགྲོན་པོ་འདྲ། ། བློ་སྣ་མང་ལས་ལ་ཟིན་པ་མེད། ། ཕོ་བསམ་ཤེས་རང་མགོ་མ་བསྐོར་པར། ། དགྲ་འཆི་བདག་བསུན་མ25མ་སླེབ་གོང་། ། ཕྲད་དཀའ་བ་དམ་པའི་ལྷ་ཆོས་ཀྱིས། ། རང་བཙན་ས་ཟིན་པ་མི་ལེགས་སམ། ། ཁྱེད་དད་ལྡན་སྦྱིན་བདག་ཕོ་མོ་ཚོ། ། སྐྱབས་དཀོན་མཆོག་གསུམ་ལ་བརྟེན་དུས་འདིར། ། ལྷ་སངས་རྒྱས་དངོས་སུ་བཞུགས་པ་ཡི། ། ལྷ་སངས་རྒྱས་དངོས་སུ་བཞུགས་པ་ཡི། ། གནས་འདི་འདྲར་ཕྱག་མཆོད་སྨོན་ལམ་ཐོབས། ། ཁོང་རྒྱལ་བ་རྒྱལ་སྲས་མཐུ་ཆེན་གྱི། ། ཐུགས་བསྐྱེད་དང་སྨོན་ལམ་རླབས་ཆེན་མཐུས། ། ལམ་ངན་འགྲོའི་སྒོ་བགེགས་ཐར་བ་ཡི། ། རྒྱུ་ས་བོན་ཐེབས་ལ་ཐེ་ཚོམ་མེད། ། སེམས་དྲང་བོས་གྲོས་འདེབས་འདི་བྱས་པར། ། སློབ་རྒྱུད་དང་སྦྱིན་བདག་དད་ལྡན་རྣམས། ། ཡིད་ཕྱོགས་ལྷུང་དྲི་མས་མ་སྦགས་པར། ། དོན་ལག་ཏུ་བླང་ན་ཕན་པར་ངེས། ། གཏམ་འདི་ལས་བྱུང་བའི་དགེ་བ་ཡིས། ། བདག་འགྲོ་དྲུག་ཕ་མར་བཅས་པ་རྣམས། ། དུས་དེང་ནས་བྱང་ཆུབ་སྙིང་བྱང་ཆུབ་སྙིང་པོའི་བར། ། དཔལ་འཇམ་དབྱངས་བླ་མས་རྗེས་འཛིན་ཤོག །

2 མཆན་འགྲེལ།

1.སྟོབས་བཅུ། དེ་བཞིན་གཤེགས་པའི་སྟོབས་བཅུ་སྟེ། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་མཛད་པའི《སློབ་དཔོན་ཤྲཱི་ལ་རཏྣར་བསྟོད་ཅིང་འདོད་དོན་གསོལ་བའི་ཚིགས་བཅད》ཅེས་པའི་མཆན་རྟགས་ཨང2ལ་གཟིགས།

2.མཁྱེན་པའི་གཏེར། འཇམ་པའི་དབྱངས་ཀྱི་མཚན་གྱི་རྣམ་གྲངས།

3.སྡོང་བོས་བརྒྱན་པ། མདོ་སྡེ་ཕལ་བོ་ཆེའི་སྡོང་བོས་བརྒྱན་པའི་ལེའུ་སྟེ། ཤོ་ལོ་ཀ་བརྒྱད་སྟོང་བདུན་བརྒྱ། བམ་པོ་ཉི་ཤུ་རྩ་དགུ རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། བོད་ཀྱི་ལོ་ཙཱ་བ་ཡེ་ཤེས་ལྡེ་སོགས་ཀྱིས་བསྒྱུར་ཅིང་། ལོ་ཆེན་བེེ་རོ་ཙ་ནས་དག་པར་ཕབ་པའོ། །

4.རྗེ་བཙུན་བརྟན་པའི་འཁོར་ལོ། རྗེ་བཙུན་འཇམ་པའི་དབྱངས་ཀྱི་མཚན་གྱི་རྣམ་གྲངས།

5.ཟག་མེད་ཀྱི་ཐར་པ། ཟག་པ་དང་བྲལ་བའི་ཞི་བ་སྟེ། འཁོར་བར་འཆིང་བྱེད་ཀྱི་ལས་དང་ཉོན་མོངས་གཉིས་ཡོངས་སུ་སྤངས་པའི་ཆ།

6.ཡེ་ཤེས་ལྔ། མེ་ལོང་ལྟ་བུ་དང་། མཉམ་ཉིད། སོར་རྟོག བྱ་གྲུབ། ཆོས་དབྱིངས་ཏེ་ལྔའོ། །

7.ཚད་མེད་རྣམ་བཞི། ཐེག་ཆེན་པས་སེམས་ཅན་ཚད་མེད་པར་དམིགས་ནས་བསྒོམས་ཏེ་བསོད་ནམས་ཚད་མེད་པ་འཕེན་པར་བྱེད་པའི་སེམས་བཞི་སྟེ། བྱམས་པ་ཚད་མེད་དང་། སྙིང་རྗེ་ཚད་མེད། དགའ་བ་ཚད་མེད། བཏང་སྙོམས་ཚད་མེད་བཅས་སོ། །

8.ལམ་ཐེག་པ་ཆེན་པོ། ཐེག་ཆེན་གྱི་ལམ་སྟེ། ཐེག་ཆེན་གྱི་བྱང་ཆུབ་ཏུ་བགྲོད་པར་བྱེད་པའམ། དེར་བགྲོད་ཟིན་པ་གང་རུང་གིས་བསྡུས་པའི་ཐེག་ཆེན་གྱི་མཁྱེན་པ།

9.ཆོས་བདེན་པ་བཞི། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི《རྟག་ངུའི་རྟོགས་བརྗོད》ཀྱི་མཆན་རྟགས་ཨང42ལ་གཟིགས་པར་གྱིས།

10.སངས་རྒྱས་བསྐྱངས། སློབ་དཔོན་དགེ་འདུན་བསྲུང་བ་ལས་སློབ་དཔོན་ཀླུ་སྒྲུབ་ཀྱི་གཞུང་ལུགས་རྣམས་ཐོས་པར་མཛད་པ་ཞིག་སློབ་དཔོན་ཀླུའི་བཤེས་གཉེན་གྱི་སློབ་མ། སློབ་དཔོན་དགེ་འདུན་བསྲུང་བ་ལས་སློབ་དཔོན་ཀླུ་སྒྲུབ་ཀྱི་གཞུང་ལུགས་རྣམས་ཐོས་པར་བྱས་ནས་རྩེ་གཅིག་ཏུ་བསྒོམས་པས་ཡེ་ཤེས་མཆོག་བརྙེས། འཕགས་པ་འཇམ་དཔལ་གྱི་ཞལ་གཟིགས་ཤིང་། ལྷོ་ཕྱོགས་ཀྱི་གཙུག་ལག་ཁང་དཎྚ་པི་རི་ཞེས་བྱ་བར་བཞུགས་ནས་ཆོས་ཀྱང་མང་དུ་བསྟན། འཕགས་པ་ཡབ་སྲས་དང་། སློབ་དཔོན་དཔའ་བོ་ལ་སོགས་པས་མཛད་པའི་བསྟན་བཅོས་མང་པོ་ལ་རྣམ་བཤད་མཛད། མཐར་རི་ལུའི་དངོས་གྲུབ་བསྒྲུབས་པས་གྲུབ་བོ་ཞེས་ཇོ་ནང་ཏཱ་ར་ན་ཐས་མཛད་པའི《དམ་པའི་ཆོས་རིན་པོ་ཆེ་འཕགས་པའི་ཡུལ་དུ་ཇི་ལྟར་དར་བའི་ཚུལ་གསལ་བོར་སྟོན་པ་དགོས་འདོད་ཀུན་འབྱུང》ཞེས་བྱ་བ་ལས་གསུངས་ལ། 《རྒྱ་ནག་གི་ཡུལ་དུ་དམ་པའི་ཆོས་དར་ཚུལ་གཙོ་བོར་བཤད་པ་བློ་གསལ་ཀུན་ཏུ་དགའ་བའི་རྣ་རྒྱན》ལས་སློབ་དཔོན་འདི་ཐང་རྒྱལ་རབས་ཀའུ་ཙུང་རྒྱལ་པོའི་དུས་སུ་རི་བོ་ལྔ་མཇལ་བར་རྒྱ་ནག་ཏུ་ཕེབས་ཚུལ་གསུངས་འདུག འདི་བས《རྩ་བ་ཤེས་རབ་ཀྱི་འགྲེལ་བ་བུདྔྷ་པ་ལི》མཛད་ཅིང་། རྩ་ཤེ་ལས་བཤད་པའི་རིགས་པ་རྣམས་དབུ་མ་ཐལ་འགྱུར་བའི་ལུགས་སུ་བཀྲལ་བས། དབུ་མ་ཐལ་འགྱུར་བའི་སློབ་དཔོན་ཆེན་པོ་ཞིག་ཏུ་གྱུར་ཏོ། །

11.རིག་འཛིན་མཁའ་སྤྱོད། བདེ་སྟོང་ཡེ་ཤེས་ཀྱི་མཁའ་ལ་སྤྱོད་པའི་མི་སློབ་ལམ་ཀྱི་རྒྱུད་ཀྱི་མངོན་ཤེས།

12.ཆིང་ལྱང་གོོ་ཤྲི། རྒྱ་ནག་དབུ་མ་བའི་སློབ་དཔོན་ཞིག། མཚན་དངོས་ཋེང་ཀྭེན(澄观)ཞེས་བྱ་སྟེ་བོད་སྐད་དུ་དྲི་མེད་གཟིགས་ཞེས་བྱ་ལ། ཐང་རྒྱལ་རབས་མིང་ཧུའང་གི་དུས་སུ་བྱུང་། རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ། སྲིད་སྲུང་ལ་སོགས་པ་ཐམས་ཅད་ལ་ཤིན་ཏུ་མཁས་པ། བྱང་ཆུབ་ཀྱི་སེམས་པ་སྐྱེ་སྟོབས་སུ་ལྡན་པ། རྒྱ་གར་དུ་མ་ཕྱིན་ཀྱང་ལེགས་སྦྱར་གྱི་སྐད་ལ་རྒྱ་གར་མཁས་པ་དང་མཉམ་པས་ལོ་ཙཱ་མཛད་པར་གཞན་དྲིང་མི་འཇོག་པ། སྐུ་བོངས་སྲིད་དུ་ཁྲུ་དགུ་དང་ཚུན་བཞི་ལོངས་པ། ཕྱག་གཉིས་པུས་མོ་ལས་འདའ་བ། དུང་ཚེམས་བཞི་བཅུ་ཚང་བ། སྤྱན་མི་འཛུམ་པ་སོགས་མཚན་དཔེ་མང་པོས་བརྒྱན་པ་མཐོང་ཙམ་གྱིས་མཆོག་དམན་ཐམས་ཅད་ཀྱི་ཡིད་འཕྲོག་པ། རྒྱ་ནག་གི་ཟབ་མོ་ལྟ་བརྒྱུད་ལ་གཉིས་སུ་ཕྱེ་བའི་ཡ་གྱལ་ཥེའན་ཤིའུ(贤首)བརྒྱུད་པར་ཀླུ་སྒྲུབ་གཉིས་པ་ལྟ་བུ། བོད་ཀྱི་རྗེ་རིན་པོ་ཆེ་དང་དབྱིབས་མཚུངས་པ། དོན་ལ་གནས་པའི་འཇམ་དཔལ་གྱི་སྤྲུལ་བར་གྲགས་པ་ཆེ་བར་ངེས། ཐང་སུ་ཙུང་རྒྱལ་པོའི་བཀའ་བཞིན་མདོ་ཕལ་བོ་ཆེ་ཁ་ཆེ་པཎྜི་ཏ་པྲཛྙཱའི་འགྱུར་འཕྲོ་ཐོགས་མེད་དུ་བསྒྱུར། 《ཆོས་ཀྱི་དབྱིངས་སུ་ལྟ་བ་ཟབ་དོན་བསྒོམ་པའི་མེ་ལོང》ཞེས་བྱ་བ་དང་། 《མེ་ལོང་སྒྲོན་མའི་བསྟན་བཅོས》《བྱང་ཆུབ་ལམ་གྱི་རིམ་པ་འཇུག་སྒོ་ལྔ་བ》ཕལ་ཆེན་ཊིཀྐས་གཙོ་བྱས་སྡེ་སྣོད་གསུམ་གའི་གསལ་བྱེད། འཐོར་སྡུད། གབ་ཕྱུང་གི་རིགས་བཅས་ཁྱོན་སྡོམ་བམ་པོ་སུམ་བརྒྱ་ལྷག་མཛད། ཁྱད་པར་དུ་ཕལ་ཆེན་ལ་རྒྱ་ནག་ཏུ་འདི་བས་མཁས་པ་མ་བྱུང་སྐད། རྒྱལ་པོ་འཁོར་བཅས་ལ་སྡོང་བོ་བཀོད་པའི་མདོ་ལན་གཉིས་སུ་ཞིབ་བཤད་ཕུལ་བ་སོགས་ཚོགས་བཤད་ལན་མང་མཛད། ཐང་རྒྱལ་རབས་ཀྱི་དའི་ཙུང་དང་། ཏེ་ཙུང་། ཞུང་ཙུང་། ཥིའན་ཙུང་། མཱུ་ཙུང་། ཅིང་ཙུང་། ཝེན་ཙུང་སྟེ་རྒྱལ་པོ་རབས་བདུན་གྱི་སློབ་དཔོན་དུ་གྱུར། རི་བོ་རྩེ་ལྔ་སྟེ་ཆིང་ལྱང་རི་བོར་གཏན་བཞུགས་ཆེ་བས་ཆིང་ལྱང་གོོ་ཤྲིའི་མཚན་ཕུལ། ཆིང་ལྱང་རི་བོ་ཞེས་པ་བོད་སྐད་དུ་རི་བོ་དྭངས་བསིལ་ཞེས་པའོ། ། དགུང་ལོ་བརྒྱ་དང་གཉིས་ལ་གཟུགས་སྐུའི་བཀོད་པ་བསྡུས་སོ་ཞེས《རྒྱ་ནག་ཆོས་འབྱུང》ལས་གསུངས།

13.ཏེའུ་ཤུན། རྒྱ་ནག་དབུ་མ་བའི་སློབ་དཔོན་ཊཱི་ཅཱེ་ཏཱ་ཤིའུ(智者大师)སློབ་མ་ཡིན་ནམ་སྙམ།

14.གངྒཱའི་རྡུལ་རྙེད། ཨ་ཀྱཱ་ཡོངས་འཛིན་གྱིས《ལམ་རིམ་ཆེན་མོའི་བརྡ་བཀྲོལ་ཉེར་མཁོ་བསྡུས་པ》ཞེས་པ་ལས། གངྒཱའི་རྡུལ་ལམ་གངྒཱའི་བྱེ་མ་ཞེས་པའི་གངྒཱ་ནི། ཆུ་བོ་བཞིའི་ཡ་གྱལ་གྱི་གངྒཱ་མིན་གྱི། ཆུ་ཀླུང་ཆེན་པོ་རྒྱ་མཚོ་ཡིན་ལ། འོ་ན་རྒྱ་མཚོ་ལ་ཆུ་ཀླུང་ཆེན་པོ་ཞེས་གང་དུ་བཤད་ཅེ་ན། 《མདོ་མྱང་འདས》ལས། ཆུ་ཀླུང་ཞེས་བྱ་བ་ནི་རྒྱ་མཚོ་ལ་བཤད་དེ་ཞེས་གསུངས་བ་ལྟར། འདིར་རྒྱ་མཚོའི་ཆུ་རྡུལ་གྱི་གྲངས་ལྟར་ཧ་ཅང་མང་བའི་དོན་སྟོན་པའོ། །

15.གསང་ཆེན་རྒྱུད་སྡེ། གསང་སྔགས་རྡོ་རྗེ་ཐེག་པའི་དབང་དང་། ལམ་གྱི་རྣམ་གཞག སྒྲུབ་ཐབས། ལས་ཚོགས་སོགས་ཅི་རིགས་སྟོན་པའི་ཆོས་ཀྱི་སྡེ་ཚན།

16.རྟེན་བརྟེན་པ། རྟེན་དང་བརྟེན་པ་སྟེ་གནས་པ་དང་གནས་མཁན་ཞེས་པའོ། ། དཔེར་ན་རྟེན་གཞལ་ཡས་ཁང་དང་བརྟེན་ལྷ་ལྟ་བུ།

17.གནས་ཉེར་བཞི། རྒྱལ་བ་བློ་བཟང་རྒྱ་མཚོས་མཛད་པའི《འཁྲུངས་རབས་ཀྱི་ཞིང་བཀོད་འབྲི་ཚུལ་གྱི་རྟོགས་བརྗོད》ཅེས་པའི་མཆན་རྟགས་ཨང39ལ་གཟིགས།

18.འཇའ་ལུས། རྒྱལ་བ་དགེ་འདུན་རྒྱ་མཚོས་མཛད་པའི《ཀླུ་སྒྲུབ་ཞབས་ལ་བསྟོད་པ་མཆོག་ཏུ་དད་པའི་སྒྲ་དབྱངས》ཞེས་པའི་མཆན་རྟགས་ཨང21ལ་གཟིགས།

19.དབུ་མ། འདིར་མཐའ་གཉིས་དང་བྲལ་བའི་དབུ་མ་སྟེ། འཇིག་རྟེན་ན་མཐའ་དོར་བའི་དཀྱིལ་ལ་དབུས་ཞེས་པ་དང་འདྲ་བར། ཡོད་མེད་དམ་རྟག་ཆད་ཀྱི་མཐའ་གཉིས་སྤངས་པས་དབུས་ཉིད་ལ་དབུ་མ་ཞེས་བྱའོ། ། ཆོས་ཐམས་ཅད་ཀྱི་གནས་ལུགས་མཐར་ཐུག་རྟོགས་པའི་དབུ་མའི་ལྟ་བ་དང་དེ་སྨྲ་བར་བྱེད་པའི་བསྟན་བཅོས་རྣམས་ནི་དབུ་མའི་ཆོས་སོ། །

20.ལོག་ལྟ་ཅན། རྒྱུ་འབྲས་བྱ་བྱེད་ཚེ་སྔ་ཕྱི་སོགས་ཡོད་པའི་དངོས་པོ་ལ་དམིགས་ནས། རྣམ་པ་མེད་པར་འཛིན་ཅིང་བྱེད་ལས་དགེ་བ་ལ་མི་འཇུག་ཅིང་དགེ་རྩ་སོགས་བླང་དོར་ཕྱིན་ཅི་ལོག་ཏུ་བྱེད་མཁན།

21.བློ་ཡིད་གཉིས་ཅན། རང་ཡུལ་ལ་བློ་རྩེ་གཉིས་སུ་འཇུག་པའི་ཉོན་མོངས་ཅན་ཀྱི་ཤེས་པ་འཛིན་མཁན།

22.བཤར་བསྒོམ། དམིགས་པ་རེ་རེ་བཞིན་ཡིད་ལ་ཤར་དུ་བཅུག་སྟེ་སྒོམ་པའམ་ཡིད་བཤར་བྱེད་བཞིན་སྒོམ་པ་ཞེས་པའོ། །

23.ཉམས་རྟོགས་པ། སྒྲུབ་པ་ཉམས་ལེན་བྱས་པ་ལས་ཐོབ་པའི་ཡོན་ཏན།

24.ངག་དབང་མཆོག་ལྡན། བོད་ཀྱི་མཁས་ཆེན་ཞིག རབ་བྱུང་བཅུ་གཅིག་པའི་མེ་སྤྲུལ(སྤྱི་ལོ1677)ལོར་འཁྲུངས། རབ་བྱུང་བཅུ་གཉིས་པའི་ས་ལུག(སྤྱི་ལོ1739)ལོར་དགའ་ལྡན་གྱི་ཁྲིར་ཕེབས། དགུང་ལོ་དོན་ལྔ་བ་རབ་བྱུང་བཅུ་གསུམ་པའི་ལྕགས་ལུག(སྤྱི་ལོ1751)ལོར་འདས།

25.བསུན་མ། བསུ་བར་མངགས་པའི་ཕོ་ཉ་མོ། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-08-15

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།