ཨ་མྱེས་ཞལ་དཀར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མཚོ་བྱང་ཁུལ་མདའ་བཞི་རྫོང་ཝ་མགྱོགས་ཡུལ་ཚོའི་མི་དམངས་སྲིད་གཞུང་གི་བྱང་དུ་སྤྱི་ལེ47གྱི་མཚམས་སུ་གནས་བའི་ཨ་མྱེས་མཐུ་ལྡན་གཉན་ཆེན་ཞལ་དཀར་གྱི་གནས་རི་འདིའི་མཚོ་འཕགས་ལ་སྨི4675ཡོད་པ་དང་། ལྷོ་ནས་བྱང་དུ་བསྲིངས་ཏེ་རིང་ཚད་ལ་སྤྱི་ལེ5ཡོད་པ་དང་། གནས་རི་འདི་ནི་མདའ་བཞིའི་མཐོན་པོ་བཅུ་གསུམ་གྱི་གྲས་ཡིན་པར་བཤད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
瑕格日
སྲིད་འཛིན་ཁོང་གཏོགས།
མཚོ་བྱང་ཁུལ་མདའ་བཞི་རྫོང་ཝ་མགྱོགས་ཡུལ་ཚོ།
གནས་ཡུལ།
མདའ་བཞི་རྫོང་ཝ་མགྱོགས་ཡུལ་ཚོ་མི་དམངས་སྲིད་གཞུང་གི་བྱང་ཕྱོགས་ཀྱི་སྤྱི་ལེ39ཡི་མཚམས་སུ་གནས་ཡོད།
མཚོ་འཕགས།
སྨི4675ཡོད།
རིགས་དབྱེ།
གནས་རི་དང་གཞི་བདག
1 ངོ་སྤྲོད་མདོར་བསྡུས།

ཨ་མྱེས་མཐུ་ལྡན་གཉན་ཆེན་ཞལ་དཀར་གྱི་གནས་རི་འདི་ནི་མདའ་བཞི་རྫོང་ཝ་མགྱོགས་ཡུལ་ཚོའི་མི་དམངས་སྲིད་གཞུང་གི་བྱང་དུ་སྤྱི་ལེ47གྱི་མཚམས་སུ་གནས་ཤིང་། ཤར་ཕྱོགས་བཙུན་མོ་རི་དང་ལྷོ་ཕྱོགས་བྲག་མྱི་ལངས། བྱང་ཕྱོགས་བཙུན་མོ་ལ་འབྲེལ་ཡོད། མཚོ་འཕགས་ལ་སྨི4675ཡོད་པ་དང་། ལྷོ་ནས་བྱང་དུ་བསྲིངས་ཏེ་རིང་ཚད་ལ་སྤྱི་ལེ5ཡོད། གནས་རི་འདི་ནི་མདའ་བཞིའི་མཐོན་པོ་བཅུ་གསུམ་གྱི་གྲས་ཡིན་པར་བཤད།

གནས་རི་འདི་ནི་མདའ་བཞི་རྫོང་ཝ་མགྱོགས་ཡུལ་ཚོའི་དངུལ་རི་སྡེ་བའི་ས་ཆར་ཡོད་ལ་ཁུ་ནུ་རི་རྒྱུད་དུ་གཏོགས། རིའི་རྩེ་མོ་གཡའ་རྡོ་དཀར་པོ་དྲི་མ་དང་བྲལ་བ་ཡོད་པ་ལྷ་ཡི་མཆོད་རྟེན་བཞིན་དུ་མཁའ་ལ་འཕགས་ཤིང་། ཁོ་ར་ཁོར་ཡུག་རི་ཕྲན་སྟོང་ཕྲག་གིས་བསྐོར་ཞིང་དུས་ཚུགས་བཞི་ལ་ན་བུན་དཀར་པོའི་གོས་ཀྱིས་བཀླུབས། ནངས་དགུང་གཉིས་ལ་ཉི་ཟེར་གྱི་གསེར་ཞྭ་བསྣབས་ཤིང་གནམ་འདེགས་ཀྱི་ཀ་བ་ཇི་བཞིན་བརྗིད་ཅིང་བརྟན།

ཞལ་དཀར་ཞེས་བརྗོད་པའི་ཚིག་ངོས་ནས་ངོ་གདོང་དཀར་པོའི་དོན་ཡིན་ལ། མིང་གི་ཐོགས་ལུགས་ཀྱི་ཐད་ལ་བཤད་ཚུལ་མི་འདྲ་བ་སྣང་སྟེ། དེ་ནི་རི་མགོ་གཡའ་རི་རྡོ་དཀར་ཡིན་པས་ཆ་ནས་གནས་རིའི་མིང་གཞི་བདག་ལ་ཐོགས་ཟེར། ཡང་ལ་ལས་གཞི་བདག་གི་མིང་འདི་འདྲ་ཐོགས་དོན་ནི་གཞི་བདག་འདིས་ནམ་ཡང་ས་གནས་ཀྱི་མི་དང་ཕྱོགས་ཡོང་རུ་ཡོང་སུ་ཡིན་ཡང་ཁོས་འཛུམ་གྱིས་བསུས་ཏེ་ཀུན་ལ་ཉེ་རིང་ཆགས་སྡང་མེད་པས་ཆ་ནས་མིང་དེ་ལྟར་ཐོགས་ཟེར།

གཞི་བདག་འདིའི་སྐུ་མདོག་དཀར་ཞིང་འཛུམ་མུར་ལེར་ཡོད་པ་དང་། ཕྱག་མཚན་གཡས་པར་རལ་གྲི་དང་གཡོན་པར་ནོར་བུ་འཛིན་ལ། དབུ་ཞྭ་རིག་ལྔ་སེར་པོ་མནབས་ཡོད་པ་དང་། བཻ་ཌཱུརྱ་ཞུན་མ་སྔོན་མོས་གོས་གྱོན་ཞིང་རྟ་མཆོག་ཅང་ཤེས་སྔོ་ནག་ཅན་ལ་བཅིབས་པ་དང་། བློན་ཆེན་བཅུ་གསུམ་ཀླུ་གཉེན་འཁོར་གྱིས་བསྐོར་བ་ཞིག་ཡིན། གནས་རི་འདིའི་རི་རྩེ་གཡའ་རི་དང་རི་སྐེད་དང་རི་འདབ་ཡོད་ཚད་སྤང་ལྗོངས་སྔོན་མོ་ཡིན།

ངག་རྒྱུན་དང་པོ། གཉན་ཆེན་ལྷ་རི་ཞལ་དཀར་འདི་ཨ་མྱེས་རྨ་ཆེན་གྱི་སྲས་ཡིན་ཟེར་ལ། གཞི་བདག་འདིར་རི་བོ་རབ་བརྟན་ས་འཛིན་ཞེས་བར་གནས་ཤིང་། འཁོར་བློན་ཆེན་བཅུ་གསུམ་དང་ཀླུ་གཉན་སོགས་ཡོད་པ་ལས་གཞན་ད་དུང་བཙུན་མོ་དང་སྲས་སྲས་མོ་མང་པོས་བསྐོར་ཡོད། ཞལ་དཀར་གྱི་གཡོན་དུ་སྲས་དང་དེའི་གཡོན་དུ་བཙུན་མོ་ཡོད་པ་དང་། ཡུལ་ཕྱོགས་འདིར་ཨ་མྱེས་བོ་རོ་ཟེར་བ་ཞིག་ཡོད་པ་ཞལ་དཀར་གྱི་ཕུ་བོ་ཡིན་ཟེར། ཨ་མྱེས་ཞོ་ཤན་ནི་ཨ་མྱེས་ཞལ་དཀར་གྱི་བར་བ་ཡིན་ལ། ཞལ་དཀར་གྱི་བཙུན་མོས་རང་གི་ཕུ་བོ་སྟེ་ཨ་མྱེས་བོ་རོ་ལ་འཛེམས་ཏེ་བར་བ་ཨ་མྱེས་ཞོ་ཤན་གྱི་ཕག་ཏུ་ཡིབ་ནས་འདུག་པ་ལྟར་ཡོད་པའི་གཏམ་རྒྱུད་ཀྱང་ཡོད།

ངག་རྒྱུན་གཉིས་པ། ཨ་མྱེས་ཞལ་དཀར་ནི་ཕྱོགས་བཞིའི་གཉན་ཆེན་སྡེ་བཞི་ཟེར་བའི་གྲས་ཡིན་ལ། ཕྱོགས་བཞིའི་གཉན་ཆེན་སྡེ་བཞིར་འབོད་པའི་གཞི་བདག་ནི་མདོར་བསྡུས་ཀྱི་རེ་རེ་བཞིན་བགྲང་ན། གཅིག་གི་མིང་ལ་ཕོ་བ་རོག་པོ་བྱ་སྟེ། འདི་ནི་དེང་སང་གི་ཀ་ཅིའམ་རྒྱའི་སྐད་དུ(临夏)འབོད་པའི་སྒང་རྒྱུད་ཅིག་ཡོད་པ་དེར་གནས་ཡོད་ཟེར། གཉིས་པའི་མིང་ལ་གཉན་པོ་གཡུ་རྩེར་འབོད། འདི་ནི་ལྷ་ས་དང་མགོ་ལོག་གི་བར་དུ་ཡོད་པའི་རི་རྒྱུད་ཅིག་ལ་གནས་ཡོད་ཟེར། གསུམ་པ་ནི་གཉན་གར་སོ་བྱ་སྟེ། འདི་ནི་ད་ལྟའི་བླ་བྲང་ཕྱོགས་ཀྱི་དངུལ་རི་ལྷ་སྡེ་བྱ་བའི་ཡུལ་ཕྱོགས་ལ་གནས་བཅས་ཡོད་ཞེས་བརྗོད། བཞི་བ་ནི་མཚོ་སྔོན་པོ་མདའ་བཞིའི་ཡུལ་གྲུ་འདིར་གནས་པའི་ཨ་མྱེས་ཞལ་དཀར་འདི་ཉིད་ཡིན་པར་བཤད་དོ། །

ངག་རྒྱུན་གསུམ་པ། གཉན་ཆེན་ལྷ་རི་ཞལ་དཀར་འདི་ལ་འཁོར་སུམ་བརྒྱ་དང་དྲུག་ཅུས་བསྐོར་ཡོད་ཟེར་བ་དང་། འདིར་བྲག་ཕུག་ཅིག་ཡོད་པ་དེ་ནི་གནམ་ཨ་ནེ་གོང་སྨན་རྒྱལ་མོའི་སྒྲུབ་ཕུག་ཡིན་ཞེས་བཤད་སྲོལ་ཡོད། 

ངག་རྒྱུན་བཞི་བ། ཨ་མྱེས་ཞལ་དཀར་ནི་དང་པོ་རྒྱ་ཚ་ཞལ་དཀར་ཡིན་ལ། བར་དུ་འདབ་ཆགས་ཁྲ་ཤིག་གི་ལུས་བླངས་ཏེ་གནས་རི་དེར་བབས་པ་ནས་རིམ་བཞིན་རི་དེར་གནས་པས་ན་ཨ་མྱེས་ཞལ་དཀར་ཐོགས་ཟེར། གཞི་བདག་འདི་སྤྱིར་ན་ཞི་དུལ་བག་ཡོད་ཅན་ཞིག་ཡིན་ལ། ཁ་གཙེ་དྲགས་ན་གཉན་པོ་དུག་གི་སྡོང་བོ་ལྟ་བུ་ཞིག་ཡིན་ཟེར། ངོ་མཚར་བའི་གཏམ་རྒྱུད་གཞན་ཞིག་ལ་ཨ་མྱེས་ཞལ་དཀར་ཀྱི་ལ་བཙས་བསྟོད་དུས། ཆོ་གའི་མགོ་བརྩམས་མ་ཐག་གློ་བུར་དུ་རླུང་འཚུབ་ཅིག་གཡུག་སྟེ་ཆོག་འདོན་དགེ་འདུན་པ་ཞིག་གི་ཕྱག་གི་དཔེ་ཆ་ལས་ཤོག་ལྷེ་དང་པོ་བར་སྣང་ལ་འཕུར་ཏེ་བསྐྱོན་མཐར་བྱ་ཞིག་གིས་ཁའི་ནང་དུ་བཟུང་ནས་འཁུར་སོང་བའི་ལྟས་བཟང་ཡང་བྱུང་མྱོང་ཟེར།

གནས་རི་འདིར་རི་ཁུལ་སྤང་རྩྭ་རིགས་ཀྱི་རྩྭ་སར་གཏོགས་ཤིང་། རི་འདབས་སུ་གཟན་རྩྭ་སྟུག་ཅིང་། སྲིབ་ཕྱོགས་སུ་ཤིང་ནགས་ཧྲིལ་གྱིས་ཁེབས་ཡོད་པ་དང་། རི་གཟུགས་རྒྱུ་འགྱུར་བྲག་རྡོ་དང་རྡོ་དུམ་གྱིས་གྲུབ་ཡོད་ལ། ཤྭ་བ་སེར་ཆེན་དང་། གོང་མོ། གླ། ཝ། གཉན། གཡུ་དཀར་དང་དྲེད་མོང་སོགས་རི་སྐྱེས་སྲོག་ཆགས་གནས་ཡོད། ཡུལ་ཚོ་དེ་གའི་དབྱར་སྟོན་གྱི་རྩྭ་ས་ཡིན།


བརྡ་འགྲེལ་གདོང་འཛར།

ཡུལ་ཚོ། མཚོ་སྔོན་པོ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-08-10

གསར་སྤེལ་མཁན། :.ཉི་མ་འཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།