དམངས་གཙོ་གཅིག་སྡུད་ལམ་ལུགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དམངས་གཙོ་གཅིག་སྡུད་ལམ་ལུགས།
དམངས་གཙོ་གཅིག་སྡུད་ལམ་ལུགས་ནི་དམངས་གཙོ་ཡི་རྨང་གཞིའི་སྟེང་གི་གཅིག་སྡུད་དང་གཅིག་སྡུད་ཀྱིས་སྣེ་ཁྲིད་བྱེད་པའི་སྔོན་འགྲོའི་འོག་གི་དམངས་གཙོ་ཟུང་དུ་སྦྲེལ་བའི་ལམ་ལུགས་ཏེ། ཏང་གི་རྩ་བའི་རྩ་འཛུགས་ལམ་ལུགས་དང་འགོ་ཁྲིད་ལམ་ལུགས་ཡིན་ལ། མར་ཁེ་སི་རིང་ལུགས་ཀྱི་རིག་པའི་གཞུང་ལུགས་དང་མང་ཚོགས་ལམ་ཕྱོགས་ཏང་གི་འཚོ་བ་དང་རྩ་འཛུགས་ཁྲོད་ཉེ་བར་སྤྱོད་པ་ཞིག་ཀྱང་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
民主集中制
1 རགས་བཤད།

  རང་རྒྱལ་གྱི་རྩ་ཁྲིམས་ནང་གཏན་འབེབས་གསལ་པོ་བྱས་ཡོད་པ་སྟེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲིག་གཞི་ནི་དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་ལག་བསྟར་བྱེད་པ་ཞིག་ཡིན། དམངས་གཙོ་གཅིག་སྡུད་ཀྱི་ལམ་ལུགས་ནི་དམངས་གཙོའི་རྨང་གཞིའི་ཐོག་གི་གཅིག་སྡུད་དང་གཅིག་སྡུད་མཛུབ་ཁྲིད་འོག་གི་དམངས་གཙོ་གཉིས་ཟུང་འབྲེལ་བྱེད་པའི་ལམ་ལུགས་ཤིག་རེད། དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་ལག་བསྟར་བྱ་ཚུལ་གཙོ་བོ་གཤམ་གསལ་ཕྱོགས་གསུམ་ནས་མཚོན།

གཅིག རྒྱལ་ཁབ་ཀྱི་དབང་ཆའི་ལས་ཁུངས་དང་མི་དམངས་མང་ཚོགས་བར་གྱི་འབྲེལ་བའི་ཐད། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་ས་གནས་རིམ་པ་ཁག་གི་མི་དམངས་འཐུས་མིའི་ཚོགས་ཆེན་ནི་དམངས་གཙོའི་འདེམས་བསྐོ་བྱས་ཏེ་ཐོན་པའི་འཐུས་མི་ལས་གྲུབ་པ་ཞིག་ཡིན། རིམ་པ་ཁག་གི་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་མི་དམངས་ཀྱི་ཚབ་བྱས་ཏེ་རྒྱལ་ཁབ་ཀྱི་དབང་ཆ་སྤྱད་ནས་མི་དམངས་ལ་འགན་འཁུར་བ་དང་། མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་ཀྱི་ཡོད།

གཉིས། རྒྱལ་ཁབ་ཀྱི་དབང་ཆའི་ལས་ཁུངས་དང་རྒྱལ་ཁབ་ལས་ཁུངས་གཞན་དག་བར་གྱི་འབྲེལ་བའི་ཐད། རྒྱལ་ཁབ་སྲིད་འཛིན་ལས་ཁུངས་དང་། འདྲི་གཅོད་ལས་ཁུངས། ཞིབ་དཔྱོད་ལས་ཁུངས་སོགས་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་བརྒྱུད་ནས་ཐོན་སྟབས། དེར་འགན་འཁུར་བ་དང་དེའི་ལྟ་སྐུལ་དང་ལེན་བྱེད་དགོས་པ་ཡིན།

གསུམ། ཀྲུང་དབྱང་དང་ས་གནས་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་བའི་ཐད། ཀྲུང་དབྱང་གི་གཅིག་གྱུར་འགོ་ཁྲིད་འོག་ས་གནས་ཀྱི་རང་འགུལ་རང་བཞིན་དང་། ཧུར་བརྩོན་རང་བཞིན་འདོན་སྤེལ་གང་ལེགས་བྱ་རྒྱུའི་རྩ་དོན་ལ་བརྩི་སྲུང་ཞུ་དགོས་པ་དེ་ཡིན། 

2 དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན།

(1)ཏང་ཡོན་སྒེར་ནས་ཏང་གི་རྩ་འཛུགས་ལ་བརྩི་བཀུར་དང་། ཉུང་བས་མང་བར་བརྩི་བཀུར། འོག་རིམ་རྩ་འཛུགས་ཀྱིས་གོང་རིམ་རྩ་འཛུགས་ལ་བརྩི་བཀུར་དང་། ཏང་ཡོངས་ཀྱི་རྩ་འཛུགས་ཁག་དང་ཏང་ཡོན་ཡོངས་ཀྱིས་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་དང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་བརྩི་བཀུར་བྱ་དགོས།

(2)ཏང་གི་འགོ་ཁྲིད་ལས་ཁུངས་རིམ་པ་ཁག དེ་ཚོས་མངགས་པའི་འཐུས་ཚབ་ལས་ཁུངས་དང་ཏང་གི་རྩ་འཛུགས་མ་ཡིན་པའི་རྩ་འཛུགས་ནང་གི་ཏང་ཙུའུ་ཕུད། དེ་བྱིངས་ཚང་མ་འདེམས་བསྐོ་བྱས་ནས་འཐོན་དགོས།

(3) ཏང་གི་འགོ་ཁྲིད་ལས་ཁུངས་མཐོ་ཤོས་ནི་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་དང་དེ་ལས་བདམས་ཐོན་བྱུང་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ཡིན། ཏང་གི་ས་གནས་འགོ་ཁྲིད་ལས་ཁུངས་རིམ་པ་ཁག་ནི་ཏང་གི་ས་གནས་འཐུས་མིའི་ཚོགས་ཆེན་རིམ་པ་ཁག་དང་དེ་དག་ལས་བདམས་ཐོན་བྱུང་བའི་ཨུ་ཡོན་ལྷན་ཁང་ཡིན། ཏང་གི་ཨུ་ཡོན་ལྷན་ཁང་རིམ་པ་ཁག་གིས་རང་དང་རིམ་པ་མཉམ་པའི་འཐུས་མིའི་ཚོགས་ཆེན་ལ་འགན་འཁུར་དགོས་པར་མ་ཟད། བྱ་བའི་སྙན་ཞུའང་འབུལ་དགོས།

(4) ཏང་གི་གོང་རིམ་རྩ་འཛུགས་ཀྱིས་དུས་རྒྱུན་དུ་འོག་རིམ་རྩ་འཛུགས་དང་ཏང་ཡོན་མང་ཚོགས་ཀྱི་བསམ་འཆར་ལ་ཉན་འཇོག་དང་། ཁོང་ཚོས་བཏོན་པའི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱ་དགོས། ཏང་གི་འོག་རིམ་རྩ་འཛུགས་ཀྱིས་གོང་རིམ་རྩ་འཛུགས་ལ་ལས་ཀའི་སྐོར་དགོངས་སྐོར་དང་སྙན་སེང་ཞུ་དགོས་ལ། རང་ཚུགས་ཀྱིས་འགན་ཁུར་ནས་རང་འགན་ཁོངས་སུ་གཏོགས་པའི་གནད་དོན་ཡང་ཐག་གཅོད་དགོས། རྩ་འཛུགས་རིམ་པ་གོང་འོག་གི་བར་ལ་ཕན་ཚུན་གནས་ཚུལ་བཤད་རེས་དང་། ཕན་ཚུན་རྒྱབ་སྐྱོར། ཕན་ཚུན་ལྟ་སྐུལ་བཅས་བྱ་དགོས། ཏང་གི་རྩ་འཛུགས་རིམ་པ་ཁག་གིས་ཏང་ཡོན་རྣམས་ལ་ཏང་ནང་གི་ལས་དོན་ཤེས་རྟོགས་དང་དེའི་ནང་སྔར་ལས་མང་བ་ཞུགས་སུ་འཇུག་དགོས།

(5)ཏང་གི་ཨུ་ཡོན་ལྷན་ཁང་རིམ་པ་ཁག་གིས་ཐུན་མོང་དུ་འགོ་ཁྲིད་བྱ་རྒྱུ་དང་སོ་སོར་ལས་བགོས་བྱས་ཏེ་འགན་འཁུར་རྒྱུ་ཟུང་འབྲེལ་བྱེད་པའི་ལམ་ལུགས་ལག་ལེན་བྱ་དགོས། གནད་དོན་གལ་ཆེ་བའི་རིགས་ཚང་མ་ཐུན་མོང་དུ་འགོ་ཁྲིད་དང་། དམངས་གཙོ་གཅིག་སྡུད། རིམ་པ་བཞིན་ནང་མོལ། གྲོས་ཚོགས་སྟེང་ཐག་གཅོད་བཅས་བྱེད་པའི་རྩ་དོན་ལྟར། ཏང་གི་ཨུ་ཡོན་ལྷན་ཁང་གིས་ཐུན་མོང་དུ་གྲོས་བསྡུར་བྱས་ནས་གྲོས་ཐག་གཅོད་རྒྱུ། ཨུ་ཡོན་ལྷན་ཁང་གི་ཁོངས་མིས་ཐུན་མོང་གི་ཆོད་དོན་དང་ལས་བགོས་ལྟར་རང་ཉིད་ཀྱི་འགན་འཁྲི་ཏན་ཏིག་བསྒྲུབ་དགོས།

(6)ཏང་གིས་མི་སྒེར་ལ་དད་བཀུར་བྱེད་པའི་རིགས་མཐའ་དག་བཀག་སྡོམ་བྱ་དགོས། ཏང་གི་འགོ་ཁྲིད་མི་སྣའི་བྱེད་སྒོ་རྣམས་ཏང་དང་མི་དམངས་ཀྱི་ལྟ་སྐུལ་འོག་ཏུ་སྤེལ་བར་ཁག་ཐེག་བྱ་དགོས་པ་དང་། དུས་མཚུངས་སུ་ཏང་དང་མི་དམངས་ཀྱི་ཁེ་ཕན་མཚོན་མཁན་འགོ་ཁྲིད་པ་ཐམས་ཅད་ཀྱི་སྙན་གྲགས་སྲུང་སྐྱོང་བྱ་དགོས།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-11-06

གསར་སྤེལ་མཁན། :དཔལ་ཚེ་རྡོར

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།