རྐང་ཐང་གི་ཕན་ཡོན་བཅུ་གསུམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྐང་ཐང་གི་ཕན་ཡོན་བཅུ་གསུམ།
རྐང་ཐང་དུ་འགྲོ་བ་ནི་ཆེས་རྒྱུན་ལྡན་གྱི་ལུས་ཕུང་འགུལ་བསྐྱོད་རིགས་ཤིག་ཡིན། བྱེད་སྒོ་དེས་མིའི་ལུས་ཕུང་བདེ་ཐང་ཐད་ལ་ཕན་བདེ་མང་དུ་བསྐྲུན་ཡོང་།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
步行的十三种益处
ཁོངས་གཏོགས།
བདེ་ཐང་མཛུབ་སྟོན།
1 ​ཡིད་འཛིན་དྲན་ཤེས་བརྟན་པར་འགྱུར།    

ན་ཚོད་ཡར་འཕགས་པའི་དབང་གིས་ཡིད་འཛིན་ཇེ་སྡུག་ཏུ་འགྲོ་བ་ཆོས་ཉིད་ཡིན་ཡང་། ཉིན་རེ་རེ་ལ་རྐང་ཐང་འགུལ་སྐྱོད་འོས་འཚམ་རེ་བྱ་ཐུབ་ཚེ་ཡིད་འཛིན་ཇེ་བཟང་དུ་འགྲོ་བ་ལ་ཕན་ཐོགས་ཆེ།

2 རྩ་ལམ་ཁམས་བཟང་ཡངས་པོར་མཛེས། 

རྒྱུན་པར་ཁྱིམ་དང་གཞུང་ལས་ཁང་སོགས་སུ་འགུལ་སྐྱོད་ཆེར་མེད་པར་རྐུབ་སྟེགས་སྟེང་བཙོག་རྒྱུ་མང་དྲགས་ཚེ།ལུས་ཀྱི་རྩ་ལམ་ཐམས་ཅད་འགག་པ་དང་རེངས་པར་འགྱུར་ཞིང་། དེར་འབྲེལ་ལུས་སྟེང་དུ་རྨ་འབུར་མང་པོ་ཐོན་ངེས་པས་ཉིན་རེར་རྐང་ཐང་འགུལ་སྐྱོད་འོས་འཚམ་རེ་བྱ་ཐུབ་ཚེ་དེ་དག་མེད་པར་གཏོང་བ་ལ་ཕན་ཐོགས་ཆེ།

3 རྩ་ཀུན་འཕར་ཚད་སྙོམས་པོར་སྒྲིག   

རྩ་ལམ་འགག་པའི་མོད་ལ་རྩའི་འཕར་ཚད་ཀྱང་སྐྱོན་ཅན་དུ་ཆགས་འགྲོ་བས་ལུས་ཧྲིལ་བོ་གཅུན་པ་དང་གྱོང་བོར་གྱུར་འགྲོདེའི་ཕྱིར་ཉིན་རེར་དུས་ཚོད་ཕྱེད་ཙམ་རིང་རྐང་ཐང་འགུལ་སྐྱོད་འོས་འཚམ་རེ་བྱ་ཐུབ་ཚེ་ལུས་པོ་མཉེན་ལྷོད་ཅན་དུ་འགྱུར་བ་ལ་ཕན་ཐོགས་ཆེ།

4 ལུས་སེམས་གུ་ཡངས་བདེ་བ་མྱོང་།   

ལུས་སེམས་འཁྲུག་པ་དང་། མི་བདེ་བ། མི་སྐྱིད་པ་སོགས་ནད་རིགས་མཐའ་དག་རླུང་ཁྲག་གཉིས་ལེགས་པོར་རྒྱུ་མ་ཐུབ་པའི་ཉེར་འབྲས་ཡིན་ཞིང་། དེའང་གཙོ་བོར་རྩ་ལམ་འགག་པའི་གནད་ལ་ཐུག་ཕྱིར།རྐང་ཐང་འགུལ་སྐྱོད་འོས་འཚམ་རེ་བྱ་ཐུབ་ཚེ་ལུས་སེམས་བདེ་སྐྱིད་འོང་བ་ལ་ཕན་ཐོགས་ཆེ།

5 སྙིང་གི་བྱེད་ནུས་ལེགས་པོར་སྐྱོང་།

འགུལ་སྐྱོད་མེད་པའི་མི་ལ་སྙིང་རླུང་བདེ་བོ་ཞིག་དཀའ་སྲིད་པ་ལྟར།རྐང་ཐང་འགུལ་སྐྱོད་འོས་འཚམ་རེ་བྱ་ཐུབ་ཚེ་སྙིང་གི་འཕར་ལྡང་དང་བྱེད་ནུས་སོགས་སྐྱོན་བྲལ་རྒྱུན་ལྡན་ཅན་དུ་འགྱུར་བ་ལ་ཕན་ཐོགས་ཆེ།

6 ཁྲག་སྦུབས་ནད་སྐྱོན་གཙང་མར་བསལ།

གསོ་རིག་གཞུང་དོན་གཞིར་བཟུང་ཚེ། རྐང་ཐང་འགུལ་སྐྱོད་ཀྱིས་ཁྲག་སྦུབ་མཉེན་ཚད་མཐོ་རུ་བཏང་སྟེ་ཁྲག་རྩ་གས་པར་འགྱུར་བ་སོགས་ནད་སྐྱོན་ཅི་རིགས་མེད་པར་གཏོང་ཐུབ་ཅིང་། དེར་འབྲེལ་ལུས་ཧྲིལ་བོའི་མཉེན་ཚད་ཀྱང་མཐོ་རུ་གཏོང་ཐུབ་པར་གསུངས།

7 ཤ་གྲིམ་སྟོབས་ཤུགས་ཇེ་ཆེར་འགྲོ།

གཉིད་དང་ཟས་སོགས་ཀྱི་འཚོ་བ་ལ་སྔ་ཕྱིའི་གོ་རིམ་འཆོལ་བས་ལུས་ཧྲིལ་བོའི་ཤ་གྲིམ་ཐམས་ཅད་གྱོང་བོར་འགྱུར་ངེས་ལ། དེར་བརྟེན་ཤ་གྲིམ་གྱི་མཉེན་ཚད་དང་སྟོབས་ཤུགས་སོགས་ཀྱང་མེད་པར་འགྱུར་འགྲོ་ཕྱིར། རྐང་ཤེད་དང་། རུས་ཚིགས་སོགས་སླར་གསོ་བ་དང་འཕེལ་བར་བྱ་བ་ལ་ངེས་པར་རྐང་ཐང་འགུལ་སྐྱོད་ལ་བརྟེན་དགོས།

8 ཁྲག་གི་འཁོར་རྒྱུག་མྱུར་མོར་གཏོང་།

གཤེར་ཁྲག་ལེགས་པོར་རྒྱུ་མ་ཐུབ་ན་རྩ་ལམ་དང་རྩའི་འཕར་ཚད་གཉིས་ལའང་གནོད་སྐྱོན་ཐེབས་ཏེ་ལུས་ལ་ནད་འབྱུང་སླ་བ་ལྟར།རྐང་ཐང་འགུལ་སྐྱོད་རིང་དུ་བསྟེན་པ་ཡིས་ལུས་ཀྱི་རྩ་ལམ་གཙང་སེལ་དང་།གཤེར་ཁྲག་གསར་རྙིང་གཉིས་བརྗེ་སྤོར་ལ་ཕན་པ་ཆེ།

9 དོན་ལྔའི་ནད་རིགས་སྔོན་འགོག་གཅེས།   

དོན་ལྔ་སྣོད་དྲུག་ལ་འགུལ་སྐྱོད་ཧ་ཅང་མཁོ། འགུལ་སྐྱོད་དང་བྲལ་བའི་དོན་ལྔ་སྣོད་དྲུག་དེ་ལ་ནད་གདོན་ཅི་རིགས་ཤིན་ཏུ་འབྱུང་བར་སླ། དེའི་ཕྱིར། རྐང་ཐང་འགུལ་སྐྱོད་རྒྱུན་ཆད་མེད་པར་བསྐྱང་སྟེ། ཟས་ཀྱི་འཇུ་སྟོབས་དང་ཡི་ག་སོགས་རྒྱུན་ལྡན་ཅན་དུ་བཏང་ནས་ཕོ་བ་དང་རྒྱུ་མའི་ནད་རིགས་ཁ་ཚང་བསལ་དགོས། དེ་ལྟར་བྱས་ཚེ་ནད་རིགས་འགའ་ཤས་ཤིག་མ་བཅོས་རང་སར་ཡང་ཞི་ཐུབ།

10 མཐོ་གསུམ་མགོ་འཕང་ཤུགས་ཀྱིས་གནོན།  

ཁྲག་ཤེད་མཐོ་བ་སོགས་མཐོ་བ་གསུམ་ལ་སྨན་བསྟེན་ཀྱང་ཕན་ཆེར་མི་ཐོགས་པས། རྐང་ཐང་འགུལ་སྐྱོད་མང་དུ་བྱོས་དང་མཐོ་བ་གསུམ་གྱི་མགོ་འཕང་གནོན་ཐུབ་ལ།ཞོར་དུ་གཅིན་པ་སྲ་འགྱུར་དང་། ཤ་རྒྱགས་ཚོན་པོར་ཆགས་པ་སོགས་ལའང་ཕན་ཐོགས་ཆེ།

11 ལུས་ཁམས་སྣང་བ་དྭངས་ཤིང་སྐྱིད།  

བོད་ཀྱི་གསོ་རིག་གི་གཞུང་ཆེན་མོ་རྣམས་སུའང་། རྐང་ཐང་འགུལ་སྐྱོད་མང་དུ་བསྟེན་པའི་མི་དེ་ཚོ་ལ་ཁྲག་ཤེད་མཐོ་བ་དང་། ལུས་སེམས་དུབ་པ་སོགས་ནད་རིགས་འདི་དག་འབྱུང་དཀའ་བར་གསུངས་པ་ལྟར། དེས་ལུས་སེམས་གཉིས་ལ་ངལ་གསོའི་བདེ་སྐྱིད་དང་འཚོ་བར་གདོང་གཏོད་ཀྱི་སྟོབས་ཤུགས་སྦྱིན་ཐུབ།

12 གཟུགས་མཛེས་ལང་ཚོ་གཞོན་པར་ཐུབ།  

མིའི་སྐྱེས་གཟུགས་ཡག་མིན་དེ་ཁྲག་དང་འབྲེལ་བ་ཤིན་ཏུ་དམ་སྟེ།ལུས་པོའི་ནང་དུ་ཁྲག་གཙང་མར་གནས་པ་རྣམས་ལ་རང་བཞིན་གྱིས་གཟུགས་མཛེས་པ་དང་ལྡན་པ་དང་། ལྡོག་སྟེ་ཁྲག་གི་རང་བཞིན་མི་གཙང་བ་རྣམས་ལ་ལང་ཚོའང་ཡག་པོ་མི་འདུག་པས། མཐར་གཏུགས་ན་ཁྲག་གི་གཙང་རྩོག་དེའང་རྐང་ཐང་འགུལ་སྐྱོད་ལ་འབྲེལ་བ་དམ་ཟབ་ཆེ།

13 བདེ་ཐང་སྒོ་བརྒྱ་འདི་ཡིས་བསུ།  

དབུགས་ཀྱི་འབྱིན་རྔུབ་དང་། མཁལ་མའི་བྱེད་ནུས། ཀླད་པའི་འཁོར་སྐྱོད། ད་དུང་མིག་གི་དབང་བོ་དང་། བློ་གྲོས་གསལ་མྱུར། ཚེ་ཐག་རྒྱུན་བསྲིངས་སོགས་ལའང་མེད་དུ་མི་རུང་བ་ནི་རྐང་ཐང་གི་འགུལ་སྐྱོད་འདི་ཉིད་ཡིན། 

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-10-19

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།