དན་ཏིག་དགོན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དན་ཏིག་དགོན།
དན་ཏིག་དགོན་ནི་མདོ་སྨད་བ་ཡན་རྫོང་གི་ཤར་ནུབ་ཏུ་སྤྱི་ལེ་སུམ་བཅུ་ལྷག་གི་མཚམས་སུ་གནས། ད་ལྟ་བ་ཡན་རྫོང་གསེར་གཞུང་ཡུལ་ཚོའི་མངའ་ཁོངས་སུ་གཏོགས། རྨ་ཆུའི་བྱང་འགྲམ་གྱི་བྲག་རི་གཡང་གཟར་བརྗིད་ཆགས་ཤིང་ལྟ་ན་སྡུག་པའི་ཨ་མ་བྲག་མོ་ཆེ་ཡི་དབུས་སུ་བཞུགས། དགོན་པ་འདི་ནི་དུས་རབས་དགུ་པའི་སྨད་དུ་བཏབ་པའི་བོད་ཀྱི་དགོན་པ་རྙིང་ཤས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
丹斗寺
བཞེངས་མཁན།
བླ་ཆེན་དགོངས་པ་རབ་གསལ།
བཞེངས་ལོ།
དུས་རབས་དགུ་པའི་དུས་སྨད་དུ་བཏབ།
གྲུབ་མཐའ།
དགེ་ལུགས་པ།
གནས་ཡུལ།
བ་ཡན་རྫོང་གི་ཤར་ནུབ་ཏུ་སྤྱི་ལེ་སུམ་བཅུ་ལྷག་གི་མཚམས་སུ་གནས།
1 ངོ་སྤྲོད་མདོར་བསྡུས།

དན་ཏིག་དགོན་ནི་མདོ་སྨད་བ་ཡན་རྫོང་གི་ཤར་ནུབ་ཏུ་སྤྱི་ལེ་སུམ་བཅུ་ལྷག་གི་མཚམས་སུ་གནས། ད་ལྟ་བ་ཡན་རྫོང་གསེར་གཞུང་ཡུལ་ཚོའི་མངའ་ཁོངས་སུ་གཏོགས། རྨ་ཆུའི་བྱང་འགྲམ་གྱི་བྲག་རི་གཡང་གཟར་བརྗིད་ཆགས་ཤིང་ལྟ་ན་སྡུག་པའི་ཨ་མ་བྲག་མོ་ཆེ་ཡི་དབུས་སུ་བཞུགས། དགོན་པ་འདི་ནི་དུས་རབས་དགུ་པའི་སྨད་དུ་བཏབ་པའི་བོད་ཀྱི་དགོན་པ་རྙིང་ཤས་ཤིག་ཡིན། དགོན་པ་འདིའི་ལྷ་སྡེ་ལ་ཁོ་ཡར་སྟོད་སྨད་གཟུངས་སྡེ་བཅུ་གཉིས་དང་དཔྱིད་པ་ཁ་གསུམ་བཅས་ཡོད། དུས་རབས་དགུ་བར་རྒྱལ་པོ་གླང་དར་གྱིས་བསྟན་པ་བསྣུབས་སྐབས་བོད་ཀྱི་མཁས་པ་རྣམ་གསུམ་དུ་གྲགས་པ་འདི་ཉིད་དཔལ་ཆེན་ཆུ་བོ་རིའི་སྒོམ་གྲྭར་ཐོས་དོན་སྒོམ་གྱིན་བཞུགས་པའི་ཚེ་དམར་གཡོ་གཙང་གསུམ་གྱིས་བསྟན་པ་བསྣུབས་པ་ཤེས་ཏེ་འདུལ་བའི་དཔེ་ཆ་དྲེལ་ཁལ་གཅིག་བཀལ་ནས་རིམ་གྱིས་དན་ཏིག་ཤེལ་གྱི་ཡང་དགོན་དུ་ཕེབས་ཏེ་ཡུན་རིང་བཞུགས། དམ་པ་དེ་གསུམ་གྱི་སྒྲུབ་ཁང་ནི་ད་ལྟ་སྒོམ་ཆེན་ཞེས་གྲགས་པ་དེ་ཡིན་ནོ། ། 

2 བླ་སྤྲུལ་སྐྱེས་ཆེན།

དེའི་ཚེ་རྒྱ་ཞུར་སྡེ་གྲོང་གི་སྔོན་སྦྱངས་བག་ཆགས་ཅན་མུ་གཟུ་གསལ་འབར་བྱ་བའི་ཁྱེའུ་ཞིག་བལྟ་རུ་ཕྱིན། དད་པ་འཁྲུངས་ནས་རབ་ཏུ་བྱུང་བར་ཞུས་པས། དེར་གཙང་གིས་མཁན་པོ་དང་གཡོས་སློབ་དཔོན་བྱས་ཏེ་རབ་ཏུ་བྱུང༌། བླ་ཆེན་དགོངས་པ་རབ་གསལ་ལ་བསྙེན་རྫོགས་ཀྱི་སྡོམ་པ་ཕོག མཁན་སློབ་ཀྱི་མཚན་ནས་དྲངས་ཏེ་དགེ་བ་རབ་གསལ་དུ་བཏགས། ཕྱིས་སུ་ཐུགས་རབ་ཆེ་བས་དགོངས་པ་རབ་གསལ་དུ་གྲགས། སྤ་ཁོར་ཡེ་ཤེས་གཡུང་དྲུང་སོགས་དབུས་གཙང་གི་མི་བཅུས་བླ་ཆེན་གྱི་ཞབས་ལ་གཏུགས་ཏེ་བཙུན་པའི་ཆ་བྱད་བླངས་ནས་འདུལ་བ་ལ་སོགས་པའི་ཆོས་རྣམས་གསན་ཅིང་བསྙེན་རྫོགས་ཀྱི་སྡོམ་པ་མནོས། དེ་ནས་དབུས་གཙང་གི་མི་བཅུ་བོ་དབུས་གཙང་དུ་ཕྱིན་པ་ནས་བཟུང་བསྟན་པ་ཕྱི་དར་གྱི་མགོ་ཚུགས་པ་སྟེ། དེའི་ཕྱིར་བསྟན་པའི་མེ་རོ་མདོ་ཁམས་སྨད་ནས་གསོས་ཞེས་པའི་རྒྱུ་མཚན་འདི་ཡིན་པའོ། ། ད་ལྟ་སྒོམ་ཆེན་ལྷ་ཁང་དུ་དམར་གཡོ་གཙང་གསུམ་དང༌། བླ་ཆེན་པོ་དང་དབུས་གཙང་གི་མི་བཅུ་བོའི་སྐུ་བརྙན་སོགས་རྟེན་གང་མང་བཞུགས།

3 སྐུ་གསུང་ཐུགས་རྟེན།

དུས་རབས་བཅུ་དྲུག་པར་རྒྱལ་བ་བསོད་ནམས་རྒྱ་མཚོ་མཆོག་དགུང་ལོ་ཞེ་གཅིག་པ་ཆུ་ལུག་ལ་ཞིང་སྐྱོང་ནང་སོས་གདན་དྲངས་པ་ལྟར་སྐུ་འབུམ་དང་བྱ་ཁྱུང་དུ་ཕེབས། དེ་ནས་ཕྱག་བཏེགས་ཏེ་གྲུབ་པའི་གནས་ཆེན་རི་བོ་དན་ཏིག་ཏུ་བྱོན། ད་ལྟའི་གྲུབ་ཆེན་ཟེར་པའི་གནས་ཁང་གི་སྒྲུབ་ཕུག་ཏུ་ཡུན་རིང་སྒྲུབ་པ་མཛད། དཔལ་འཁོར་ལོ་སྡོམ་པའི་ཞལ་གཟིགས། བདེ་མཆོག་ལྷ་ལྔའི་ཆོས་ཚན་འགའ་ཞིག་ལྗགས་རྩོམ་གནང༌། དེར་སྐུ་རྒྱབ་དང༌། དབུ། དབུ་ཞྭའི་རྗེས་འདམ་ལ་ཟུག་པ་བཞིན་བཏོད་པའི་རྗེས་དང༌། གནམ་གྱི་བྲག་ངོས་ལ་ཕྱག་མཛུབ་ཀྱི་རྗེས་མང་ཞིང༌། དཔལ་ལྷ་མོའི་དྲེའུའི་རྨིག་རྗེས་ཀྱི་རྡོ་བཅས་ད་ལྟ་མཇལ་དུ་ཡོད་པའོ། ། དུས་རབས་བཅུ་བདུན་པར་ཨ་རིག་དགེ་བཤེས་རྒྱལ་མཚན་འོད་ཟེར་ཕེབས་ཏེ་སྒྲུབ་པ་མཛད་པའི་མཚམས་ཁང་དང༌། དུས་རབས་བཅོ་བརྒྱད་པར་མཁན་པོ་དཔལ་ལྡན་རྒྱ་མཚོ་དང་ཞབས་དྲུང་འཇམ་དབྱངས་གྲགས་པ་རྣམ་གཉིས་ཀྱིས་ཀྱང་གནས་འདིར་འདུ་ཁང་བཞེངས། གོང་མ་ཆན་ལུང་ཁྲི་ལོ་སོ་གཅིག་པ་མེ་ཕག་ལོར་བཞེངས་པའི་འདུ་ཁང་ཆེན་མོ་གསང་སྔགས་དར་རྒྱས་གླིང་དུ་རྟེན་སྒམ་བྱིན་ཅན་དང་ཁྱད་པར་དུ་རྒྱལ་དབང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོས་ཉིན་བདུན་ལ་རབ་གནས་དང༌། ཐང་ག་རེ་རེར་ཕྱག་ཐམ་གནང་བའི་ཐང་ག་བྱིན་ཅན་བཅུ་ལྷག་ད་ལྟ་མཇལ་དུ་ཡོད། དེར་མ་ཟད་རྒྱལ་བུ་གཞོན་ནུ་དོན་གྲུབ་ཀྱིས་བྱ་དཀའ་བ་རྒྱལ་སྲས་ཀྱི་ཐུགས་ལོ་བཅུ་གཉིས་བར་ལ་ཉམས་སུ་བཞེས་པའི་གནས་རྭ་ཛ་ཕུག་དང༌། ཨ་མྱེས་ཀླུ་རྒྱལ་གྱི་ལྷ་ཁང༌། རྒྱལ་བ་བྱམས་པ་རང་བྱོན། སྒྲོལ་མ་ཉེར་གཅིག་དང་གནས་བརྟན་བཅུ་དྲུག་སོགས་རང་བྱོན་དུ་ངོས་འཛིན་ཤིན་ཏུ་མང་ངོ་། ། དན་ཏིག་གི་སྤྱི་བའི་ལྷ་ཁང་དང་ཐིས་པའི་ལམ་ཁའི་བྲག་ངོས་སུ་ཏུན་ཧོང་གི་ལྡེབས་རིས་དང་འདྲ་པའི་སངས་རྒྱས་སྟོང་སྐུའི་བརྙན་ཚོན་མཇལ་དུ་ཡོད་པ་ནི་བོད་བཙན་པོའི་དུས་སྐབས་སུ་བཞེངས་པར་བརྗོད། 

4 ད་ལྟའི་གནས་བབ།

ད་ལྟ་དགོན་འདིར་དགེ་འདུན་པ་བདུན་ཅུ་ལྷག་ཡོད་ཅིང་ཚེ་ཏན་མཁན་པོ་སྐུ་ཕྲེང་བཅུ་བཞི་བ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་མཆོག་གི་ཐུགས་རྗེའི་འོག་གཞི་གསུམ་གྱི་ཕྱག་ལེན་དང༌། འགྲིག་ལམ་ཀུན་སྤྱོད་དུས་ཆེན་བཞིའི་སྨོན་ལམ་ཟླ་ཆོས་སོགས་ཕྱོགས་གང་ཐད་ནས་ཀུན་གྱིས་མཐེ་བོང་བསྒྲེངས་པའི་སྒྲུབ་སྡེ་ཞིག་གོ། །


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-08-14

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།