མདའ་བཞི་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མདའ་བཞི་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་ནུབ་བྱང་གི་མཚམས་སུ་ཆགས་ཡོད་ཅིང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ལ་རྫོང་བཞི་ཡོད་པའི་གྲས་ཀྱི་གཅིག་ཡིན། རྫོང་མཁར་གནས་སའི་མཐོ་ཚད་ལ་མཚོ་འཕགས་སྨི3000ཡོད་པ་དང་། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ4853ཡོད། མི་གྲངས་ཁྲི3.64ཡོད་པའི་ནང་དུ་བོད་རིགས་དང་སོག་རིགས། རྒྱ་རིགས། ཧུའེ་རིགས། ཧོར་རིགས། ཀྲོང་རིགས། མན་ཇུ་རིགས། ཧ་སག་རིགས། པེ་རིགས་བཅས་མི་རིགས་དགུ་ཡོད། རྫོང་ཁོངས་སུ་མཁར་ཟུར་གསུམ་མའི་གྲོང་རྡལ་དང་ནུབ་མཚོ་གྲོང་རྡལ། མཚོ་སྔོན་པོ་ཡུལ་ཚོ། གསེར་ཐང་ཡུལ་ཚོ། དཔལ་སྦྱིན་ཡུལ་ཚོ། ཝ་མགྱོགས་ཡུལ་ཚོ་བཅས་ཡོད། དེ་མིན་ཐོ་ལི་ཡུལ་ཚོ་ཟེར་བ་ཞིག་ཡོད་པ་དེ་མཚོ་སྔོན་པོ་ཡུལ་ཚོ་དང་ཝ་མགྱོགས་ཡུལ་ཚོ་སོ་སོར་བགོས་ནས་ད་ལྟ་མེད་པར་བྱས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
海晏县
སྲིད་འཛིན་ཁོངས་གཏོགས།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་སུ་གཏོགས།
སྲིད་འཛིན་རིགས་དབྱེ།
རང་སྐྱོང་ཁུལ།
ཁོངས་གཏོགས་ཡུལ་ཚོ།
མཁར་ཟུར་གསུམ་མའི་གྲོང་རྡལ་དང་ནུབ་མཚོ་གྲོང་རྡལ། མཚོ་སྔོན་པོ་ཡུལ་ཚོ། གསེར་ཐང་ཡུལ་ཚོ། དཔལ་སྦྱིན་ཡུལ་ཚོ། ཝ་མགྱོགས་ཡུལ་ཚོ་བཅས་གྲོང་རྡལ་གཉིས་དང་ཡུལ་ཚོ་བཞི་ཡོད།
སྲིད་གཞུང་གནས་ཡུལ།
མཁར་ཟུར་གསུམ་མའི་གྲོང་རྡལ།
ས་ཁོངས་ཀྱི་ཁ་པར་ཨང་གྲངས།
0970
སྦྲག་སྲིད་ཨང་གྲངས།
810200
གནས་ཡུལ།
མཚོ་སྔོན་ཞིང་ཆེན་གྱི་ཤར་བྱང་དང་མཚོ་སྔོན་པོའི་བྱང་ཕྱོགས་སུ་གནས།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ4853ཡོད།
མི་གྲངས།
སྤྱི་ལོ2015ལོར་ཁྲི3.64ཡོད།
སྐད་རིགས།
བོད་ཨ་མདོའི་ཁ་སྐད།
གནམ་གཤིས།
མཐོ་སྒང་གི་ནམ་ཟླ།
རླངས་འཁོར་ཨང་རྟགས།
青C
1 ངོ་སྤྲོད་རགས་བསྡུས།

སྤྱི་ལོ1943ལོར་མདའ་བཞི་ས་ཆ་འདིར་མདའ་བཞི་རྫོང་བཙུགས་པ་དང་།  སྤྱི་ལོ1949ལོའི་ཟླ9པའི་ཚེས11ཉིན་མདའ་བཞི་བཅིངས་གྲོལ་བྱས་ཤིང་། སྤྱི་ལོ1950ལོའི་ཟླ6པའི་ཚེས6ཉིན་སྟོང་སྐོར་རྫོང་མདའ་བཞི་སྲིད་འཛིན་ཨུ་ཡོན་ལྷན་ཁང་བཙུགས། སྤྱི་ལོ1951ལོའི་ཟླ6པའི་ཚེས19ཉིན་མདའ་བཞི་རྫོང་སླར་གསོ་བྱས་པ་དང་མདའ་བཞི་རྫོང་མི་དམངས་སྲིད་གཞུང་བཙུགས་པ་དང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཁོངས་སུ་གཏོགས། སྤྱི་ལོ1952ལོའི་ཟླ9པའི་ཚེས2ཉིན་མདའ་བཞི་རྫོང་བོད་རིགས་རང་སྐྱོང་ས་ཁུལ་མི་དམངས་སྲིད་གཞུང་དུ་མིང་བཏགས། སྤྱི་ལོ1953ལོའི་ཟླ12པར་སླར་ཡང་མདའ་བཞི་རྫོང་མི་དམངས་སྲིད་གཞུང་དུ་བསྒྱུར་བ་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་སུ་བསྡུས། སྤྱི་ལོ1968ལོའི་ཟླ3པར་རྫོང་མི་དམངས་སྲིད་གཞུང་གི་མིང་རྫོང་གསར་བརྗེ་ཨུ་ཡོན་ལྷན་ཁང་དུ་བསྒྱུར་བ་དང་། སྤྱི་ལོ1981ལོའི་ཟླ4པར་རྫོང་སྲིད་གཞུང་དུ་བསྒྱུར་ནས་ད་ལྟའི་བར་གནས། 

2 སྲིད་འཛིན་ཁོངས་དབྱེ།

མདའ་བཞི་རྫོང་མི་དམངས་སྲིད་གཞུང་ནི་མཚོ་བྱང་ཁུལ་གནས་སའི་ཤར་བྱང་གི་ཕྱོགས་སུ་ཡོད་པ་དང་། དེའི་ཁོངས་གཏོགས་སུ་མཁར་ཟུར་གསུམ་མའི་གྲོང་རྡལ་དང་ནུབ་མཚོ་གྲོང་རྡལ། མཚོ་སྔོན་པོ་ཡུལ་ཚོ། གསེར་ཐང་ཡུལ་ཚོ། དཔལ་སྦྱིན་ཡུལ་ཚོ།  ཝ་མགྱོགས་ཡུལ་ཚོ་བཅས་གྲོང་རྡལ་གཉིས་དང་ཡུལ་ཚོ་བཞི་ཡོད་པ་དང་། སྲིད་འཛིན་སྡེ་བ29ཡོད།

3 རང་བྱུང་ཐོན་ཁུངས།
3_1 ས་ཞིང་ཐོན་ཁུངས།

མདའ་བཞི་རྫོང་ནི་ཕྱུགས་ལས་གཙོ་གཉེར་བྱེད་པའི་རྫོང་ཞིག་ཡིན་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ4853ཡོད། སྤྱི་ལོ2015ལོར་རྫོང་ཡོངས་སུ་རྨོ་ཞིང་གི་རྒྱ་ཁྱོན་ལ་མུའུ་ཁྲི3.97ཡོད་པ་དང་། དེའི་ཁྲོད་ཆུ་མའི་རྨོ་ཞིང་མུའུ་ཁྲི1.01ཡོད། བཀོལ་སྤྱོད་བྱེད་ཆོག་པའི་རྩྭ་སའི་རྒྱ་ཁྱོན་ལ་མུའུ་ཁྲི417.57ཡོད། དེའི་ཁྲོད་དགུན་དཔྱིད་ཀྱི་རྩྭ་སར་མུའུ་ཁྲི206ཡོད་པ་དང་དབྱར་སྟོན་གྱི་རྩྭ་སར་མུའུ་ཁྲི204ཡོད། རང་བྱུང་ནགས་ཚལ་ལ་མུའུ་ཁྲི45ཡོད།

3_2 རི་ཆུ་ནགས་གསུམ་གྱི་ཐོན་ཁུངས།

མདའ་བཞི་རྫོང་གི་མངའ་ཁོངས་སུ་གནས་བའི་རི་བོ་གྲགས་ཅན་ནི། སྟོབས་ལྡན་དགྲ་ལས་རྣམ་རྒྱལ། དཔལ་ལྷ་དགྲ་འདུལ།  བྱེ་མ་དགྲ་ལྷའམ་དགྲ་ལྷའི་རྒྱལ་བོ་བསྟན་དར། དངུལ་རི་མཐོན་པོ། ཨ་མྱེས་ཞལ་དཀར། ཨ་མྱེས་དགེ་བསྙེན་བཀྲ་ཤིས་ཡག་རི། བསིལ་ལྡན་མཐོན་པོ། བཀྲ་ཤིས་ཆོས་ལུང་སྒང་རྒན་མཐོན་པོ། བོ་ཐོ་ལོ་བསྟན་སྲུང་རྡོ་རྗེ་བདུད་འདུལ། སྐྱེས་མཆོག་མོ་བློན་མཐོན་པོ། ཨ་མྱེས་བུ་རྒོད། ཨ་མྱེས་བོ་རོ། བཀྲ་ཤིས་སྨན་རི་མཐོན་པོ། རིན་ཆེན་འདུས་རི་སོགས་ཡོད།

ཐང་གཞོང་གྲགས་ཅན་གྱི་སྐོར་ལ། ཅུང་ཟི་ཐང་། རྔ་སྐེ་ཐང་། ངམ་རིང་ཐང་། བྱེ་མ་ལ་བདུན་ཐང་། ཅོང་ཟི་བྱེ་མགོ་ཐང་། ཚ་ལ་ཐང་། ཧ་ཏིན་མོ་ན་ཁུག ས་བྲང་ཐང་། ཐོ་ལེ་པུ་ལིག་ཀི་ཐང་། རྡོ་དམག་ཐང་། ཤེའུ་ལུང་ཐང་། ཨ་བྲ་རྩི་ཁུག་ཐང་། ཝ་མགྱོགས་ཐང་།  བྱེ་མ་ཞོལ་མ་ཐང་། བ་ལི་དཀར་པོའི་ཐང་། བདེ་སྐྱིད་ཐང་། སྲེ་འདས་ཆུང་བ་མདོ། བོ་ལོག་ཐང་། ལ་བདུན་མ་ཀྱུ་ཐང་། ཧུ་རི་མུ་ཏིག་ཐང་། ཨེར་ཏི་ལུང་ཐང་། ཁྭ་ཏ་ཐང་། ཐོ་དཔའ་ཐང་། མཚོ་ཆུང་ནོར་བུ་ཐང་། ཝུ་མདོ་ཐང་། ཝུ་ལན་ནོ་ཨར་ཐང་། ས་གྲུ་བཞི་ཐང་།  ཨ་ཀཱ་ཐུའུ་ཐང་། ཧ་ར་ཨོའུ་སི་ཐང་། ཧོར་ཀྱོར་ཀླད་སོགས་ཡོད།

མཚོ་དང་མཚེའུ། ཆུ་ཚན་བཅས་ལས་མཚོ་དང་མཚེའུ་སོགས་ཀྱི་སྐོར་ལ། མཚོ་སྔོན་པོ། མཚོ་ཏ་ལེན། མཚོ་ལྷ་མ་ཆོ། མཚོ་ཆུང་ནོར་བུ། མཚོ་རྣ་ལུང་། མཚོ་ལོང་ག ཞལ་དཀར་ཅ་ནེ་མཚོ། དཔུང་ཝོར་མཚོ་གོར། མཚོ་ལྗང་ཁྲ་བཅས་ཡོད། 

ཆུ་ཚན་ནམ་ཆུ་ཁོལ་གྱི་སྐོར་ལ། ཆུ་ཁོལ་གོང་མ། ཆུ་ཁོལ་ཞོལ་མ། འབྲུག་མོའི་ཟངས་ང་། ཆུ་མགོ་སྐྱོགས་མགོ། ཧ་ལ་བོ་ལོག་ཆུ་མགོ། ཧ་ལ་བོ་ལོག་ཆུ་མགོ་གོང་མ། ལན་ཉིས་ཆུ་མགོ། སྨན་ཆུ། ཡན་ཐོན་ཆུ་མགོ་བཅས་ཡོད། 

ཆུ་བོའི་སྐོར་ལ། ཁི་ཐོའུ་ཆུ། ཆུ་དམར་ཆུ། རིན་ཆེན་འདུས་རི་ཆུང་བའི་ཆུ། ཆུ་རྫིང་ཆེན་པོ། ཝ་མགྱོགས་ཆུ་བོ། བྱེ་རུག་ཆུ། གྲེ་མ་ཆུ། ཡུལ་སྨུག་སྐེའི་ཆུ། ཧོབ་ལོ་ཆུ། བར་ཆུ། ཆུ་མགོ་ཁྲ་རིལ། ཧོ་ཏིག་སི་ཆུ། དཔའ་ལ་བཱའོ་ལེ་ཆུ། ཧྭ་ལ་ཆུ། བྲག་དམར་ཆུ། ཤར་ཆུ། ཤུར་རྐ་ཆུ་བཅས་ཡོད།

ཆུ་བོ་གྲགས་ཅན་གྱི་སྐོར་ལ། ཙོང་ཆུ། ཚ་ལའི་ཆུ། དཔལ་དུམ་ཆུ། མཱ་ཕྱག་དགོན་ཆུ་ཆེན། ཐུར་རྒན་མ་སོའུ་ཆུ་བོ། དཔལ་དགེ་ཆུ།  མཆིན་ཁུག་ཆུ་ཆེན་བཅས་ཡོད།

3_3 སྐྱེ་དངོས་ཐོན་ཁུངས།

རི་སྐྱེས་སྲོག་ཆགས་ཀྱི་རིགས་ལ། གསའ་གཟིག་དང་གཡི་དཀར། དྲེད་མོང་། གླ་བ། རྫ་ཁའི་གོང་མོ། ཤ་སྐྱ། གནའ་བ། དགོ་དམར། སྤྱང་ཀི། ཝ། བྲག་སྲམ། རི་བོང་སོགས་ཡོད།

སྔོ་སྨན་སྐྱེ་དངོས་ཀྱི་རིགས370ལྷག་ཡོད་པ་དང་། ལྕུམ་རྩྭ་དང་ཟི་ར་སེར་པོ། དབྱར་རྩྭ་དགུན་འབུ། མེ་ཏོག་གངས་ལྷ། སྤྲུ་ནག ཀླུ་བདུད་རྡོ་རྗེ། མཚེ་ལྡུམ། སྲ་དཀར་སོགས་ཡོད།

གཏེར་རྫས་ཐོན་ཁུངས་ཀྱི་རིགས་ལ་ལྷང་ཚེར་དཀར་པོ། ཀུའེ་རྡོ། རྡོ་ཐལ་བྲག་རྡོ། རྡོ་ཀ་མ་རུ། འཛེང་རྡོ་སོགས་ཡོད།

3_4 ས་ཁམས་ཁོར་ཡུག
3_4_1 ས་གནས།

མདའ་བཞི་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་ནུབ་བྱང་གི་མཚམས་སུ་ཆགས་ཡོད་ཅིང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ལ་རྫོང་བཞི་ཡོད་པའི་གྲས་ཀྱི་གཅིག་ཡིན་ལ། སྔོན་ནས་ད་ལྟའི་བར་དུ་འདིར་མཚོ་སྔོན་པོ་མདའ་བཞི་ཞེས་འབོད་ཅིང་མདའ་ཆེན་འཚོ་བ་བཞི་ཡོད་པས་ཆ་ནས་བཏགས་པའི་མིང་ཡིན། སའི་གོ་ལའི་བྱང་གི་འཕྲེད་ཐིག36°44´སྟེང་དང་། ཤར་གྱི་གཞུང་ཐིག100°23´-101°20´སྟེང་དུ་ཡོད། སའི་ཆགས་དབྱིབས་ནི་མཚོ་བྱང་ཁུལ་གྱི་ལྷོ་ནུབ་དང་མཚོ་སྔོན་པོའི་བྱང་ཤར་འགྲམ་དུ་གནས་ཡོད། བྱང་ཕྱོགས་སུ་མདོ་ལ་རྫོང་དང་ཤར་ཕྱོགས་སུ་རྟ་ཐང་ར་རྒན་རྫ་རྒྱུད་དང་འབྲེལ་ལ། ལྷོ་ཕྱོགས་གསེར་ཆེན་རྫོང་དང་ནུབ་རྐང་ཚ་རྫོང་དུ་འབྲེལ་ཡོད། རྫོང་འདིའི་ཤར་ནས་ནུབ་ལ་སྤྱི་ལེ85.7དང་ལྷོ་ནས་བྱང་ལ་སྤྱི་ལེ102.2ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ4853ཡོད།

3_4_2 ས་བབ།

མདའ་བཞི་རྫོང་གི་རི་ལུང་ཐང་གསུམ་གྱི་ཆགས་རིམ་ནི་བྱང་ཤར་ནས་ལྷོ་ནུབ་ལ་གསེག་ཡོད་པ་དང་། ནུབ་བྱང་གི་ཁག་དེ་མདོ་ལ་རི་བོའི་ཡན་ལག་ཅིག་སྟེ། རྟ་ཐང་རི་བོ་དང་ལ་ལུང་བསྣོལ་ཅིང་འདྲེས་བས་ན་རི་བོ་མཐོ་འབྲིང་གི་ས་ཆར་སྣང་། དབུས་ཁུལ་ནི་གཙོ་བོ་ཐང་གཞུང་ཡིན་ལ། རི་མ་ཐང་གི་ས་ཆ་ཡང་འདྲེས་ཡོད། ལྷོ་ནུབ་མཚོ་སྔོན་པོའི་མཚོ་མགོའི་བྱང་ཕྱོགས་ཀྱི་ས་ཁུལ་ནས་ཝ་མགྱོགས་བར་རྒྱུད་དུ་འབྲེལ་ལ། ལྷོ་ཤར་ནི་ཙོང་ཆུའི་ལུང་བ་ཡིན། ཆ་སྙོམས་ཀྱི་མཚོ་འཕགས་ལ་སྨི3000-3500བར་ཡོད།

3_5 གནམ་གཤིས།

མདའ་བཞི་རྫོང་ལ་མཚོན་ན་ས་བབ་མཚོ་ངོས་ལས་ཆ་སྙོམས་ཀྱི་མཐོ་ཚད་ལ་སྨི3000ལྷག་ཡོད་པ་དང་རྫོང་ཡོངས་ཀྱི་ས་བབ་ཀྱི་ཁྱབ་ཁོངས་ནས་བཤད་ན་རི་ལུང་རྫབ་རྫུབ་དང་རྙོག་འཛིང་ཆེ་ལ་མཐོ་དམའ་མི་སྙོམས་པས་ལྷོ་བྱང་གཉིས་ལྟ་བུ་ལ་མཚོན་ནའང་ལོ་རེའི་ཆ་སྙོམས་དྲོད་ཚད་ལ་ཏུའུ3℃-4℃ཡི་ཡས་མས་ཀྱི་ཁྱད་པར་ཡོད། དཔེར་ན། བྱང་ཕྱོགས་ཀྱི་མཚོ་འཕགས་ལ་སྨི3500ཡན་ཡོད་པའི་རི་ཁུལ་དུ་ལོ་རེའི་ཆ་སྙོམས་དྲོད་ཚད∠-3℃ཡིན་ལ་ཆེས་མཐོ་བའི་ཟླ་རེའི་ཆ་སྙོམས་དྲོད་ཚད∠-9℃ཡིན། ཆེས་འཁྱགས་པའི་ཟླ་རེའི་ཆ་སྙོམས་དྲོད་ཚད∠-16℃ཡིན། མཚོ་འཕགས་སྨི3000-3500བར་གྱི་བདེ་ཐང་ས་ཁུལ་དུ་ལོ་རེའི་ཆ་སྙོམས་དྲོད་ཚད0 -3℃བར་དང་ཆེས་དྲོ་བའི་ཟླ་རེའི་ཆ་སྙོམས་དྲོད་ཚད12-9℃བར་དང་། ཆེས་འཁྱགས་པའི་ཟླ་རེའི་ཆ་སྙོམས་དྲོད་ཚད13-16℃ཡིན། རྫོང་འདིའི་ཆ་སྙོམས་ཆར་ཆུའི་འབབ་ཚད་ཧའོ་སྨི350-450བར་ཡིན་པ་དང་། ལོ་རེའི་རླངས་པར་འགྱུར་ཚད་ཧ་ལམ་ཧའོ་སྨི1581.15ཡིན། དུས་ཚིགས་བཞིའི་ཁྱད་པར་ཧ་ཅང་གསལ་བོ་ཡིན། དཔྱིད་ཀར་རླུང་གཡུག་ཐེངས་ཧ་ཅང་མང་།  ཕལ་ཆེར་སྤྱི་རྩིས་ཀྱི་ཟླ་གཉིས་པའི་ཟླ་མགོ་ནས་བཟུང་ཟླ་ལྔ་བའི་ཟླ་དཀྱིལ་བར་རླུང་གཡུག་པའི་དུས་ཚིགས་ཡིན། དབྱར་ཧ་ཅང་དྲོ་ལ་བསིལ་མོ་ཡང་ཡིན།

ཟླ6པའི་ཟླ་དཀྱིལ་ནས་ཟླ8པའི་ཟླ་སྨད་བར་ཆེས་དྲོ་བའི་དུས་ཚིགས་ཡིན། སྟོན་གྱི་དུས་ཧ་ཅང་ཐུང་ལ་ཟླ་བརྒྱད་པའི་ཟླ་སྨད་ནས་བཟུང་སྟེ་རིམ་གྱིས་ནམ་ཟླ་ཇེ་འཁྱག་ལ་འགྲོ་བ་དང་ཁ་བ་འབབ་མགོ་ཚུགས་ནས་ཕྱི་ལོའི་ཟླ་ལྔ་བའི་ཟླ་དཀྱིལ་བར་དུ་ནམ་ཟླ་ཧ་ཅང་འཁྱག་པ་དང་ཁ་བ་འབབ་པའི་དུས་ཚིགས་ཀྱང་ཡིན། ཟླ་ལྔ་བའི་ཟླ་སྨད་དུ་རྫོང་གི་བྱང་མཐའི་རི་མགོ་རུ་ད་དུང་ཁ་བ་འབབ་ཀྱིན་ཡོད། ལོ་རེའི་ཟླ་བཅུ་གཅིག་པ་ནས་བཟུང་ཆབ་རོམ་ཆགས་མགོ་ཚུགས་པ་དང་ས་ངོས་ལས་རིམ་བཞིན་ས་གཏིང་ལ་ས་ཁེངས་པར་གྱུར་པ་དང་ཕྱི་ལོའི་སོས་ཀ་སླེབས་ཚད་ཀྱང་ཟི་ལིང་དང་གཅན་ཚ་སོགས་དྲོད་ཁུལ་དང་བསྡུར་ན་ཕལ་ཆེར་ཉིན་ཉི་ཤུ་ནས་སུམ་ཅུའི་དལ་བ་རེད། 

4 མི་གྲངས་དང་མི་རིགས།
4_1 མི་གྲངས།

སྤྱི་ལོ2015ལོའི་ལོ་མཇུག་གི་བསྡོམས་རྩིས་གཞིར་བཟུང་ན། མདའ་བཞི་རྫོང་ཡོངས་སུ་སྤྱིའི་མི་གྲངས་ཁྲི3.64ཡོད་ལ། དེའི་ཁྲོད་དུ་གྲངས་ཉུང་མི་རིགས་ཀྱིས49.2%ཟིན་ཡོད་པ་དང་། རྫོང་ཡོངས་ཀྱི་མི་གྲངས་རང་བྱུང་གི་འཕར་ཚད4.5%ཡི་ནང་དུ་ཚོད་འཛིན་བྱས་ཤིང་། མི་གྲངས་རང་བྱུང་གི་སྐྱེས་ཚད8.6%ནང་དུ་ཚོད་འཛིན་བྱས་ཡོད།

4_2 མི་རིགས།

མདའ་བཞི་རྫོང་ནི་བོད་རིགས་གཙོ་བྱས་པའི་མི་རིགས་མང་པོ་འདུས་སྡོད་ཀྱི་ས་ཁུལ་ཞིག་ཡིན་ཞིང་། 《མདའ་བཞི་རྫོང་གི་ས་གནས་རྒྱས་བཤད》གཞིར་བཟུང་ན། བོད་རིགས་དང་སོག་རིགས། རྒྱ་རིགས། ཧུའེ་རིགས། ཧོར་རིགས། ཀྲོང་རིགས།  མན་ཇུ་རིགས། ཧ་སག་རིགས། པེ་རིགས་བཅས་མི་རིགས་དགུ་ཡོད། སྤྱི་ལོ1985ལོར་སྤྱིའི་མི་གྲངས་ཁྲོད་དུ། བོད་རིགས་མི་གྲངས་ཀྱིས་སྤྱིའི་མི་གྲངས་ཀྱི19.45%ཟིན་ཡོད་པ་དང་། སོག་རིགས་མི་གྲངས་ཀྱིས13.06%ཟིན། རྒྱ་རིགས་མི་གྲངས་ཀྱིས65.25%ཟིན།  ཧུའེ་རིགས་མི་གྲངས་ཀྱིས1.41%ཟིན། ཧོར་རིགས་མི་གྲངས་ཀྱིས0.72%ཟིན། གཞན་པའི་ཀྲོང་རིགས་དང་མན་ཇུ་རིགས། ཧ་སག་རིགས། པེ་རིགས་བཅས་ཀྱིས0.11%ཟིན་ཡོད།

5 འགྲིམ་འགྲུལ་སྐྱེལ་འདྲེན།

གནའ་ནས་ད་ལྟའི་བར་མདའ་བཞིའི་གནས་འདི་ནི་འགྲིམ་འགྲུལ་གྱི་བཞུད་ལམ་གཙོ་བོ་ཞིག་ཡིན་ལ། མཚོ་སྔོན་གྱི་དར་གོས་འགྲུལ་ལམ་སྟེ་ནུབ་ཕྱོགས་སུ་བསྐྱོད་པའི་ལམ་གཙོ་བོའི་གྲས་ཤིག་ཡིན། 《མདའ་བཞི་རྫོང་གི་ས་གནས་རྒྱས་བཤད》གཞིར་བཟུང་ན། སྤྱི་ལོ1985ལོར་རྫོང་ཁོངས་སུ་ཟེགས་མའི་ལམ15ཡོད་པ་དང་སྤྱི་ལེ382.1ཡོད། སྣུམ་སྙིགས་ལམ8ཡོད་པ་དང་སྤྱི་ལེ106ཡོད། རླངས་འཁོར་ཤར་འགྲོ་ཐུབ་པའི་སྤྱིའི་རིང་ཚད་ལ་སྤྱི་ལེ488.1ཡོད། གཞུང་ལམ་ཁྱབ་ཚད་སྤྱི་ལེ་གྲུ་བཞི་མ་རེར་སྤྱི་ལེ0.11ཡོད་པ་དང་། མི་སྟོང་ཚོ་གཅིག་རེར་ཆ་སྙོམས་བྱས་ན་སྤྱི་ལེ21.3ཡོད། དེ་ལས་གཞན། མཚོ་སྔོན་ནས་ཞིན་ཅང་བར་གྱི་རྒྱལ་ལམ315ནི་གནས་འདིར་བརྒྱུད་ཡོད་ལ། ཤར་ཕྱོགས་སུ་བསྐྱོད་ན་ཟི་ལིང་གྲོང་ཁྱེར་ལ་ཐོན་ཐུབ་པ་དང་། ནུབ་བྱང་ཞིན་ཅང་ལ་འཐེན་ཡོད། སྤྱིའི་རིང་ཚད་ལ་སྤྱི་ལེ90ཡོད་པས་མཚོ་སྔོན་ཞིང་ཆེན་གྱི་གཞུང་ལམ་གཙོ་གྲས་ཤིག་ཡིན། ཚ་ལ་ནས་མུ་རི་ལུང་བའི་བར་གྱི་ཞིང་ཆེན་རིམ་པའི་གཞུང་ལམ་ནི་ཝ་མགྱོགས་ཡུལ་ཚོའི་མི་དམངས་སྲིད་གཞུང་གི་བྱང་ཕྱོགས་ཀྱི་སྟོང་སྐོར་ནས་ཅཱ་ཡུས་ཀོན་གཞུང་ལམ་གྱི་སྤྱི་ལེ108མཚམས་སུ་ཡོད་པ་དང་། སྤྱིའི་རིང་ཚད་ལ་སྤྱི་ལེ42.5ཡོད། ཚ་ལ་ནས་མུ་རི་བརྒྱུད་དེ་མདོ་ལའི་ཐོ་ལི་ཡུལ་ཚོར་བསླེབས། དེ་མིན་ད་དུང་སྟོང་སྐོར་ནས་ཅཱ་ཡུས་ཀོན་བར་གྱི་གཞུང་ལམ་དང་མདའ་བཞི་ནས་སྐུ་འབུམ་བར་གྱི་གཞུང་ལམ་སོགས་ཡོད། མཚོ་བོད་ལྕགས་ལམ་ནི་ཤར་ནས་ནུབ་ཏུ་བརྐྱངས་ཤིང་མདའ་བཞིའི་རི་ཆུ་ལུང་གསུམ་བརྒལ་ནས་འཐེན་ཡོད།

6 དཔལ་འབྱོར།

སྤྱི་ལོ2015ལོའི་ལོ་ཧྲིལ་བོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར9.35ལ་བསླེབས་པ་དང་། ལོ་སྔོན་མ་ལས10%འཕར་ཡོད། དེའི་ཁྲོད་དུ་ཐོན་ལས་དང་པོའི་འཕར་ཚད5.7%དང་། ཐོན་ལས་གཉིས་པའི་འཕར་ཚད8.4%ཡིན་ལ། ཐོན་ལས་གསུམ་པའི་འཕར་ཚད13.6%ལ་བསླེབས་ཡོད།

མདའ་བཞི་རྫོང་གི་དཔལ་འབྱོར་གྱི་འབྱུང་ཁུངས་གཙོ་བོ་ཕྱུགས་ལས་ཡིན་ལ། རྒྱལ་ཡོངས་ལུག་རྒྱུད་ལེགས་བཅོས་ཀྱི་གནད་འཛིན་སའི་རྫོང་གྲས་ཡིན་པར་མ་ཟད། རྒྱལ་ཡོངས་རྟ་རྒྱུད་ཡག་གྲས“ཧོ་མིན་རྟ་རྒྱུད”སྤེལ་ས་གཙོ་བོ་ཞིག་ཀྱང་རེད། ཞིང་ལས་ཀྱི་ཕྱོགས་སུ་གཙོ་བོ་ནས་དང་ལོག་དཀར། ཞོག་ཁོག་ལ་སོགས་ཡོད་པ་དང་། བཟོ་ལས་ཀྱི་ཐད་ལ་བཙོ་སྦྱངས་དང་བཟོ་ལས་རྒྱུ་ཆ། རྩིག་བཟོ། པགས་བཟོ། ཤ་རིགས་ལས་སྣོན་སོགས་འདུག་པས། ཅུང་ཟད་ཆ་ཚང་བའི་བལ་པགས་དང་ཤ་འོ་མ་ལ་སོགས་ལས་སྣོན་བྱེད་ཡུལ་གྱི་རྣམ་པ་ངེས་ཅན་ཞིག་ཆགས་ཡོད།

7 སྤྱི་ཚོགས།
7_1 རིག་གནས་ལས་དོན།

སྤྱི་ལོ2015ལོའི་བར་མདའ་བཞི་རྫོང་གིས་ནུབ་མཚོ་ཅུན་བཤམས་སྟོན་ཁང་གི་བཤམས་སྟོན་བྱ་བ་ཡོངས་འགྲུབ་བྱས་ཤིང་།  ནུབ་མཚོ་ཅུན་གནའ་མཁར་གྱི་གནས་ཤུལ་སྲུང་སྐྱོབ་དང་གསར་སྤེལ་བཀོལ་སྤྱོད་ལས་གཞི་ལག་བསྟར་བྱས་ལ། ཡུལ་ཚོ་དང་གྲོང་རྡལ་གྱི་རིག་གནས་ས་ཚིགས་དང་སྡེ་བ་རིམ་པའི་རིག་གནས་བྱ་འགུལ་ཁང་འཛུགས་སྐྲུན་བྱས་པ་མ་ཟད་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱས་པ་དང་། རྒྱང་སྒྲོག་བརྙན་འཕྲིན་ཁྱབ་ཚད97%དུ་ཇེ་མཐོར་བཏང་ཞིང་། རང་སྒྲུབ་ལེ་ཚན་ཁྱབ་ཚད85%རུ་བསླེབས་ཡོད། རང་འགུལ་སྒོས་ཞིང་ཆེན་ཡོངས་ཀྱི་མཚོ་སྔོན་པོའི་མཐའ་སྐོར་གྱི་མཛེས་ལྗོངས་དང་ལུས་རྩལ་གནས་སྐོར་འཛུགས་སྐྲུན་དུ་ཞུགས་པ་དང་། སྤྱི་ལོ2015ལོར་མཚོ་སྐོར་རྒྱལ་ཁབ་ལུས་རྩལ་ཐོན་ལས་གནས་གཞི་བདེ་ལེགས་ངང་ཆོག་མཆན་ཐོབ་པར་བྱས།

7_2 སྨན་བཅོས་ལས་དོན།

《མདའ་བཞི་རྫོང་གི་ས་གནས་རྒྱས་བཤད》གཞིར་བཟུང་ན། སྤྱི་ལོ1985ལོར་རྫོང་ཡོངས་སུ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས9ཡོད་པ་དང་། དེའི་ཁྲོད་དུ་ཡུལ་ཚོའི་འཕྲོད་བསྟེན་ཁང6ཡོད་ལ། སྨན་བཅོས་མི་སྣ102ཡོད་པས། ས་གནས་ཀྱི་ནད་ཡམས་དང་འགོས་ནད་ཀྱི་རིགས་བྱུང་བའི་ཚད་གཞི་རྩའི་སྟེང་ཇེ་ཉུང་དུ་བཏང་།

7_3 སློབ་གསོའི་ལས་དོན།

སྤྱི་ལོ2016ལོའི་བར། མདའ་བཞི་རྫོང་ཡོངས་སུ་རིགས་སྣ་ཚོགས་ཀྱི་སློབ་གྲྭ18ཡོད་པ་དང་སློབ་མ5157ཡོད། དེའི་ཁྲོད་དུ་མི་རིགས་སློབ་འབྲིང2ཡོད་པ་དང་སློབ་མ1566ཡོད། ཞག་སྡོད་ལུགས་ཀྱི་སློབ་ཆུང2ཡོད་པ་དང་སློབ་མ1355ཡོད། བྱིས་གཉོར་ཁང13ཡོད་ལ་བྱིས་པ870ཡོད། རྫོང་ཡོངས་སུ་དགེ་རྒན་ལས་བཟོ་བ385ཡོད་ལ། དེའི་ཁྲོད་བོད་ཡིག་གི་དགེ་རྒན29ཡོད།

7_4 སྤྱི་ཚོགས་འགན་སྲུང་།

མདའ་བཞི་རྫོང་གིས་སྤྱི་ལོ2015ལོའི་བར། ཁྱོན་ཡོངས་ནས་རྒན་གསོ་དང་སྨན་བཅོས། ལས་ཤོར་ཉེན་འགོག མཁར་གྲོང་དང་ཡུལ་ཚོའི་ཆེས་དམའ་བའི་འཚོ་བའི་འགན་ལེན། ལོ་རྒས་གསབ་དངུལ་སོགས་ཀྱི་དམངས་འཚོའི་ལས་གཞི11གི་ཚད་གཞི་སྙོམས་སྒྲིག་སྲིད་ཇུས་ལག་བསྟར་བྱས་ལ། རྒན་གསོ་དང་སྨན་བཅོས། ལས་ཤོར། གཞུང་དོན་རྨས་སྐྱོན། ཕྲུག་སྐྱེས་སོགས་ཀྱི་ཉེན་འགོག་མི649རུ་རྒྱ་བསྐྱེད་པ་དང་། རྫོང་ཡོངས་ཀྱི་མཁར་གྲོང་དང་ཡུལ་ཚོའི་ཆེས་དམའ་བའི་འཚོ་བའི་འགན་སྲུང་བྱེད་ཡུལ་གྱི་མི2922ཡི་གཞི་རྩའི་འཚོ་བར་འགན་སྲུང་ཡོད་པར་བྱས། མཁར་གྲོང་ལས་ཤོར་ཐོ་འགོད་བྱས་ཚད3.3%ནང་དུ་ཚོད་འཛིན་བྱས་བ་དང་། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་སྤོ་སྒྱུར་ལས་ཞུགས་ཐེངས5065བྱས།

8 མཛེས་ལྗོངས་གྲགས་ཅན།
8_1 མཚོ་སྔོན་པོ། 

མཚོ་སྔོན་པོ་ནི་ཀྲུང་གོའི་ཆེས་ཆེ་བའི་སྐམ་སའི་དབུས་ཁུལ་གྱི་ཚྭ་མཚོ་ཞིག་ཡིན་ལ། འཛམ་གླིང་སྟེང་མཚོ་འཕགས་ཆེས་མཐོ་བའི་མཚོ་མོའི་གྲས་ཤིག་ཀྱང་ཡིན། འདི་ནི་མཚོ་བྱང་ཁུལ་མདའ་བཞི་རྫོང་གི་ཤར་ལྷོའི་ཕྱོགས་ཀྱི་སྤྱི་ལེ15མཚམས་སུ་ཡོད་པ་དང་།  སའི་གོ་ལའི་འཕྲེད་ཐིག་བྱང་མ36°32′-37°15′དང་གཞུང་ཐིག་ཤར་མ99°36′-100°47′གྱི་གནས་སུ་ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ4583ཡོད་ལ། མཚོ་འཕགས་ལ་སྨི3200ཡོད། མཐའ་སྐོར་གྱི་རིང་ཚད་ལ་སྤྱི་ལེ300ལྷག་ཡོད། སྤྱིའི་རིང་ཚད་ལ་ཧ་ལམ་སྤྱི་ལེ104དང་ཞེང་ཚད་ལ་ཧ་ལམ་སྤྱི་ལེ62ཡོད། ཆུའི་གཏིང་ཚད་ལ་སྨི31.4ཡོད། མཚོ་ཆུར་གཏེར་རྒྱུ་འདུས་ཚད་ཆ་སྙོམས་ཀྱིས་ཁེ/ཧྲིན12.32ཡོད་པ་དང་། ཚྭ་རྒྱུ་འདུས་ཚད1.24%ཡིན།

མཚོ་སྔོན་པོ་ལ་མཐོ་གཞོངས་སྐམ་སའི་རང་བཞིན་གྱི་གནམ་གཤིས་ལྡན་ལ། ཉི་འོད་ཕོག་ཚད་འདང་ཞིང་འོད་ཀྱི་ནུས་བ་ཆེ།  དགུན་ཁ་འཁྱགས་ཤིང་དབྱར་ཁ་བསིལ། དྲོ་བའི་དུས་ཚིགས་ཐུང་ལ་འཁྱགས་པའི་དུས་ཚིགས་རིང་། དཔྱིད་དུས་རླུང་འཚུབ་ཆེ་ཞིང་བྱེ་རླུང་གཡུག་པ་མང་། ཆར་བའི་འབབ་ཚད་ཉུང་ལ། ཆར་ཆུ་མོད་པ་དང་ཚ་བ་ཆེ་བའི་དུས་ཚིགས་མཉམ་གནས་ཡིན་པས་སྐམ་རློན་གྱི་དུས་ཚིགས་གསལ་བོ་ཡིན། ཉི་འོད་ཕོག་ཚད་ཀྱི་ཐད་ནས། མཚོ་སྐོར་ས་ཁུལ་དུ་ལོ་ཧྲིལ་བོར་ཉི་མ་ཤར་བའི་དུས་ཚོད་མང་ཆེ་ཤོས་ནི་དུས་ཚོད3000ཡན་ཡིན་ལ། མཚོ་སྔོན་ཤར་རྒྱུད་ཀྱི་འཕྲེད་ཐིག་ཏུའུ་གྲངས་གཅིག་མཚུངས་ཡིན་པའི་ས་ཁུལ་དང་བསྡུར་ན་དུས་ཚོད700ཡས་མས་ཀྱིས་མང་བ་དང་། ལོ་ཧྲིལ་བོར་ཉི་འོད་ཕོག་ཚད68% -69%དུ་སླེབས། གནམ་ཟླ་དྲོད་ཚད་ཀྱི་ཐད་ནས། མཚོ་སྐོར་ས་ཁུལ་གྱི་ཤར་ཕྱོགས་དང་ལྷོ་ཕྱོགས་ཀྱི་གནམ་ཟླའི་དྲོ་ཚད་ཅུང་མཐོ་ལ། ལོ་རེའི་ཆ་སྙོམས་ཀྱི་དྲོ་ཚད1.1°C-0.3°Cབར་ཡིན། ནུབ་ཕྱོགས་དང་བྱང་ཕྱོགས་ཀྱི་གནམ་ཟླའི་དྲོ་ཚད་ཅུང་དམའ་ལ། ལོ་རེའི་ཆ་སྙོམས་ཀྱི་དྲོ་ཚད–0.8°C-0.6°Cབར་ཡིན་པ་དང་། ཆ་སྙོམས་ཀྱི་ཆེས་མཐོ་བའི་དྲོ་ཚད6.7°C-8.7°Cབར་ཡིན། ཆ་སྙོམས་ཀྱི་ཆེས་དམའ་བའི་དྲོ་ཚད–6.7°C-4.9°Cབར་ཡིན། ཐལ་དྲགས་པའི་ཆེས་མཐོ་བའི་དྲོ་ཚད25°Cདང24.4°Cཡིན་ལ། ཐལ་དྲགས་པའི་ཆེས་དམའ་བའི་དྲོ་ཚད–31°Cདང–33.4°Cཡིན། རླན་གཤེར་གྱི་ཐད་ནས། མཚོ་སྐོར་ས་ཁུལ་དུ་ལོ་ཧྲིལ་བོར་ཆར་འབབ་ཚད་ཉུང་། འོན་ཀྱང་ཤར་ཕྱོགས་དང་ལྷོ་ཕྱོགས་ནི་བྱང་ཕྱོགས་དང་ནུབ་ཕྱོགས་དང་བསྡུར་ན་ཆར་འབབ་ཚད་ཅུང་མང་བ་དང་། ཤར་ཕྱོགས་སུ་ལོ་ཧྲིལ་བོར་ཆར་འབབ་ཚད་ནི་ཧའོ་སྨི412.8དང་། ལྷོ་ཕྱོགས་སུ་ཧའོ་སྨི395.4དང་། ནུབ་བྱང་དུ་ཧའོ་སྨི370.3ཡིན་ལ། དེ་ལས་ནུབ་ཕྱོགས་སུ་ཧའོ་སྨི360.4དང་ཧའོ་སྨི324.5བར་ཡིན།  རླུང་འཚུབ་དང་བྱེ་རླུང་གཡུག་པའི་ཐད་ནས། མཚོ་སྐོར་ས་ཁུལ་དུ་རླུང་འཚུབ་དང་བྱེ་རླུང་གཡུག་པའི་ཉིན་གྲངས་ནི་ཞིང་ཆེན་ཡོངས་ཀྱི་ཅུང་མང་བའི་ས་ཁུལ་ལས་གཅིག་ཡིན། ལོ་རེའི་ཟླ2-4བའི་ཉིན་གུང་ནས་དགུང་ཁའི་བར་གཙོ་བོ་ནུབ་བྱང་གི་རླུང་འཚུབ་གཡུག་པ་རེད། བྱེ་རླུང་ནི་འདས་ཟིན་པའི་ལོ་ཟླའི་ནང་ཆ་སྙོམས་བྱས་ན་ཉིན14ལ་གཡུག་པ་ཡིན། ཆུའི་དྲོ་ཚད་ཀྱི་ཐད་ནས།  མཚོ་སྔོན་པོའི་ཆུའི་དྲོད་ཚད་ནི་དུས་ཚིགས་དང་བསྟུན་ནས་འགྱུར་ལྡོག་བྱུང་བཞིན་ཡོད་པ་དང་། དབྱར་དུས་ཀྱི་མཚོ་ཆུ་ལ་མངོན་གསལ་གྱི་ཆུའི་ཁ་ནས་ཆུའི་གཏིང་རིམ་བར་གྱི་དྲོ་ཚད་མི་འདྲ་བའི་སྣང་ཚུལ་མངོན་ལ། ཟླ8པའི་ནང་ཆེས་དྲོ་ཚད22.3°Cསླེབས་པ་དང་། ཆ་སྙོམས་ཀྱི16°Cཡིན། ཆུའི་གཏིང་རིམ་གྱི་དྲོ་ཚད་ཅུང་དམའ་བ་དང་། ཆ་སྙོམས་ཀྱི་ཆུའི་དྲོ་ཚད9.5°Cཡིན་པ་དང་། ཆེས་དམའ་བ6°Cཡིན། སྟོན་དུས་སུ་མཚོ་སྐོར་ས་ཁུལ་དུ་རླུང་མང་པོ་གཡུག་པའི་དབང་གིས་མཚོ་རླབས་ཆེ་བས་ཆུའི་དྲོ་ཚད་དེ་རིམ་པ་མི་འདྲ་བའི་དྲོ་ཚད་མངོན་ཡོད་པ་གཞི་རྩའི་སྟེང་མེད་པར་འགྱུར་ངེས་ཡིན། དགུན་དུས་མཚོ་ངོས་སུ་དར་ཆགས་སྲིད་ལ་མཚོ་ཆུའི་དྲོ་ཚད་དེ་ལྡོག་དྲོད་བང་རིམ་ཅན་དུ་འགྱུར་ལ། ཟླ་དང་པོའི་ནང་དར་འོག་གི་མཚོ་ཆུའི་བང་རིམ་གོང་མའི་དྲོ་ཚད–0.9°Cཡིན་པ་དང་། གཏིང་རིམ་གྱི་ཆུའི་དྲོ་ཚད3.3°Cཡིན། དཔྱིད་དུས་དར་ཞི་རྗེས་མཚོ་ཆུའི་སྟེང་རིམ་གྱི་ཆུའི་དྲོ་ཚད་ཡར་འཕེལ་བའི་མགོ་རྩོམ་པ་དང་། རིམ་བཞིན་དབྱར་དུས་ཀྱི་ཆུའི་དྲོ་ཚད་དུ་འགྱུར་ངེས་ཡིན། མཚོ་མོར་བཞུར་བའི་ཆུ་ལག་གི་ཐད་ནས། མཚོ་སྔོན་པོར་འབབ་པའི་ཆུའི་འབྱུང་ཁུངས་གཙོ་བོ་ནི་གཙང་བོ་ཡིན་པ་དང་། དེ་ལས་གཞན་མཚོ་གཏིང་གི་ཆུ་མགོ་དང་ཆར་ཆུའང་ཡིན། མཚོ་སྐོར་མཐའ་འཁོར་རུ་མཚོ་མོར་འབབ་པའི་ཆུ་རྒྱུན་ཆེ་ཆུང70ལྷག་ཡོད། དེ་དག་མངོན་གསལ་གྱིས་དོ་མི་མཉམ་པའི་སྣང་ཚུལ་མངོན་ཡོད། མཚོ་མོའི་བྱང་འགྲམ་དང་ནུབ་བྱང་གི་འགྲམ། ནུབ་ལྷོའི་འགྲམ་ན་ཆུ་བོ་མང་ལ་བཞུར་བའི་རྒྱ་ཁྱོན་ཆེ་བ་དང་ཆུ་ལག་མང་། མཚོ་མོའི་ཤར་ལྷོའི་འགྲམ་དང་ལྷོ་འགྲམ་དུ་ཆུ་བོ་ཉུང་ལ་བཞུར་བའི་རྒྱ་ཁྱོན་ཆུང་། མཚོ་སྔོན་པོར་འབབ་པའི་ཆུ་བོ་གཙོ་བོ་ནི། བུ་ཧ་ཆུ་བོ་དང་འོམ་ཆུ། བུའུ་ཧ་ཨ་ལན་ཆུ་བོ། དཔལ་དགེ་ཆུ་བོ་བཅས་ཡིན་པ་དང་། ཆུ་བོ་ཆེན་པོ4འདིས་ལོ་རེའི་འབབ་ཚད་སྨི་གྲུ་བཞི་ལྷམ་པ་དུང་ཕྱུར16.12ཡིན་ལ། མཚོ་མོར་འབབ་པའི་བཞུར་ཚད་ཀྱི86%ཟིན་ཡོད།

8_2 བྱེ་གླིང་།

བྱེ་གླིང་ནི་མདའ་བཞིའི་རྫོང་གི་ནུབ་ཕྱོགས་དང་། མཚོ་སྔོན་པོའི་མཚོ་འགྲམ་གྱི་ཤར་བྱང་། ཤར་བྱང་བྱེ་མ་རྔ་རྡུང་དང་ཕན་ཚུན་འབྲེལ་ཞིང་། དབྱིབས་ཚེས་རིས་ཀྱི་རྣམ་པར་མངོན། རིང་ཚད་ལ་སྤྱི་ལེ13དང་། ཞེང་ལ་སྤྱི་ལེ2ཡོད། རྒྱ་ཁྱོན་ལ་མུའུ39000ཡོད། གླིང་དེ་ས་ངོས་ལས་སྨི56གིས་མཐོ། འཕྲེད་ཐིག་ཤར་མ36°0′63〞-37°0′46〞 དང་། གཞུང་ཐིག་བྱང་མ100°0′49〞 -101°0′45〞 ལ་གནས་ཡོད། མཚོ་འཕགས་ལ་སྨི3251ཡོད། མཚོ་སྔོན་པོའི་ཆུ་གནས་ལོ་རེར་ཇེ་དམའ་རུ་ཕྱིན་པ་དང་། མཚོ་ནང་གི་བྱེ་སྒང་ཆུ་ངོས་ལས་བུད་དེ་བྱེ་མའི་གླིང་ཚོམ་ཆགས་པ་ཡིན། གནམ་གཤིས་ཐན་སྐམ་ཆེ་ཞིང་རླུང་ཤུགས་དྲག བྱེ་མར་སྤོ་འགུལ་སྣང་ཚུལ་ལྡན་ཞིང་ཉེ་འབྲེལ་རྩྭ་རར་བྱེ་མས་ཟིན་ནས་འགྲོ་བཞིན་མཆིས།

8_3 ཀླུ་ཡི་ཆུ་ཁོལ་བཀྲ་ཤིས་རྣམ་རྒྱལ།

མདའ་བཞི་རྫོང་ཁོངས་སུ་ཡོད་པའི་ཀླུ་ཡི་ཆུ་ཁོལ་བཀྲ་ཤིས་རྣམ་རྒྱལ་ནི་ཝ་མགྱོགས་ཡུལ་ཚོ་མི་དམངས་སྲིད་གཞུང་གི་བྱང་ཕྱོགས་ཀྱི་སྤྱི་ལེ20ཡི་མཚམས་སུ་མདའ་བཞི་སྡེ་བའི་དགུན་དཔྱིད་རྩྭ་རའི་གནས་སུ་ཡོད། ཤར་ཕྱོགས་སུ་ཆོས་ལུང་སྒང་རྒན་དང་། ལྷོ་རུ་བྱེ་མ་དགྲ་ལྷ་དང་། ནུབ་ཏུ་ཚ་ལའི་ཐང་ཆེན་དང་། བྱང་ཕྱོགས་སུ་ཨ་མྱེས་ཞོ་རྒྱན་དང་འབྲེལ་ཡོད། མཚོ་འཕགས་ལ་སྨི3600ཡོད་པ་དང་། སའི་གོ་ལའི་འཕྲེད་ཐིག་བྱང་མ37°09′ 0.56〞 གཞུང་ཐིག་ཤར་མ 100°32′20.79〞 ལ་གནས་ཡོད། རྒྱུན་ལྡན་གྱི་མིང་ལ་བྲག་དམར་ཆུ་ཁོལ་ལམ་ཆུ་ཁོལ་ཁ་ཞེས་འབོད་བཞིན་ཡོད།

ཆུ་ཁོལ་འདིའི་ངོ་བོའི་ཆ་ནས་བཤད་ན་ཆུ་ཁོལ་གྱི་ཚ་གྲངས་ཏུའུ48ནས58ཡིན། ཚྭ་མེད་ཀྱང་མུ་ཟི་ཅུང་འདྲེས་པ་དང་ས་གནས་དམངས་ཚོགས་ཀྱི་འཐུང་ཆུ་ཡང་བྱེད་བཞིན་ཡོད། ཆུ་ཁོལ་འདི་ལ་འདུག་པའི་དུས་ཚིགས་བཟང་ཤོས་ནི། ལོ་རེའི་བཞི་བའི་ཆུ་དཀར་དང་བརྒྱད་པའི་ཆུ་དཀར་ལ་ཡོང་ནས་འདུག་སྲོལ་བརྒྱུགས་ཆེ་ལ། ཆུ་ཁོལ་འདིའི་ཕན་ཡོན་གཙོ་བོ་ནི། ཕོ་ནད་དང་། སྐྲན་ནད། པགས་ནད། རུས་ཚིགས་ན་བ་སོགས་ལ་ཤིན་ཏུ་ཕན་ཟེར།   

8_4 རྒྱལ་ཁབ་རིམ་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི།

རྒྱལ་ཁབ་རིམ་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་འདི་ནི་མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི་ཤར་ཕྱོགས་ཀྱི་སྤྱི་ལེ1ཙམ་གྱི་མཚམས་སུ་ཡོད། འཛུགས་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ9615ཡོད་ལ། མཚོ་འཕགས་ལ་སྨི3115ཡོད་པ་དང་། སའི་གོ་ལའི་འཕྲེད་ཐིག་བྱང་མ36°58′10.54〞 དང་། གཞུང་ཐིག་ཤར་མ100°53′53.39〞 ལ་གནས་ཡོད། སྤྱི་ལོ2007ལོའི་ཟླ4བའི་ཚེས3ཉིན་ལས་མགོ་བརྩམས་ཤིང་སྤྱི་ལོ2009ལོའི་ཟླ5བའི་ཚེས26ཉིན་ཡོངས་སུ་ལེགས་གྲུབ་བྱུང་ནས་སྒོ་འབྱེད་འགྲེམས་སྟོན་བྱས། འདི་ནི་རྒྱལ་ཁབ་རིམ་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི(国家级爱国主义教育基地)དང་ཞིང་ཆེན་རིམ་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི(省级爱国主义教育基地)རྒྱལ་ཡོངས་ཀྱི་ན་གཞོན་དང་དར་མའི་སློབ་གསོའི་རྟེན་གཞི(全国青少年教育基地)རྒྱལ་ཁབ་རྒྱལ་སྲུང་སློབ་གསོའི་དཔེ་སྟོན་རྟེན་གཞི(国家国防教育示范基地)མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་ཆེན་སློབ་མའི་ཆབ་སྲིད་དང་བསམ་བློའི་ལག་ལེན་སློབ་གསོའི་རྟེན་གཞི(青海师范大学大学生思想政治教育实践基地)བཅས་ཀྱི་སློབ་གསོའི་འགྲེམས་སྟོན་ཁང་ཆེན་མོ་ཞིག་ཡིན། འགྲེམས་སྟོན་ཁང་ཆེན་འདིའི་ནང་དུ་རྡུལ་ཕྲན་ཤེས་བྱའི་འགྲེམས་ཁང(原子知识厅)དང་། དཀའ་སྤྱད་ཀྱིས་ལས་གནས་བསྐྲུན་པ(艰苦创业) སྤྱི་མཐུན་རྒྱལ་ཁབ་ཀྱིས་ནམ་ཡང་བརྗེད་མི་སྲིད(共和国不会忘记)ཤར་ཕྱོགས་འཁྱོམས་པའི་སྒྲ་ཆེན། (东方巨向) སྤོབས་པས་ཡང་རྩེར་བསྙེགས་པ(勇攀高峰)བཅས་འགྲེམས་སྟོན་ཁང་ལྔ་ཡིས་གྲུབ་པ་དང་འདི་དག་གི་ནང་དུ་མའོ་ཙེ་ཏུང་དང་། ཏིན་ཞའོ་ཕིན། ཀྲུའུ་ཨིན་ལེ་སོགས་རླབས་ཆེན་གྱི་གཙོ་འཛིན་རྣམས་དང་ཀྲུའུ་ཀོང་ཡཱ་དང་ཏིན་ཅཱ་ཞན་སོགས་ཚན་རིག་མཁས་ཅན་དང་ད་དུང་དངོས་ལུགས་རིག་པ་དང་རྡུལ་ཕྲན་རིག་པ་བ་བཅས་ཀྱི་མཛད་རྗེས་དང་དཀའ་ཚེགས་ཀྱི་ལོ་ཟླ་བརྒྱུད་པའི་འདྲ་པར་ཡོད་པར་མ་ཟད།  དངོས་ལུགས་རིག་པ་དང་།  རྩིས་རིག་པ།  གློག་རིག་པ།  ཤུགས་རིག་པ་སོགས་ཀྱི་དཔེ་གཞུང་ཡོད་པ་དང་འཕྲུལ་ཆས་ཀྱི་ཕྱོགས་ནས་ཉིང་རྡུལ་ལྷུ་ལག་ཉེན་སྲུང་སྒྲིག་བཀོལ་སྒམ(核部件防护操作箱)དང་ཟླུམ་ངོས་དཀྲུགས་སྟེགས(球面车床)འཁོར་ཚད་ཚད་ཁྲ(转速表)གློག་རྡུལ་སྦུ་གུ(电子管)ཟླུམ་གཟུགས་ནང་ངོས་མཇལ་ཆས(内球面测量仪)འགད་སྨན་བཞུ་སླང(熔炸药锅)རྒྱལ་ཐོན་མྱུར་འགྲོས་བཤེར་འབེབས་པར་ཆས(国产高速转镜扫描相机)སྔོན་གྱི་སུའུ་ལེན་གྱིས་སྐྲུན་པའི་མྱུར་འགྲོས་བཤེར་འབེབས་པར་ཆས(苏联高速转镜扫描相机)སྟོང་ཤས་ཚད་ཁྲ(毫安表)ཨེམ་ཚད་ཁྲ(安培表)སོགས་དང་ད་དུང་རྡུལ་མདེལ་དང་ཉིང་མདེལ་གྱི་བཟོས་དབྱིབས། ནུབ་མཚོ་གྲོང་རྡལ་དང་མཐའ་འཁོར་གྱི221བཟོ་གྲྭ་ལ་ཡན་ལག་བཟོ་གྲྭ་དང་པོ་ནས་ཡན་ལག་བཟོ་གྲྭ་བདུན་པའི་བར་ཡོད་པ་དང་། དེའི་ཉེ་འཁོར་གྱི་རི་ཆུའི་བཀོད་པའི་བློས་བསླང་བཅས་ཀྱང་ཡོད་པར་མ་ཟད། བོད་ཀྱི་སྲོལ་རྒྱུན་འཚོ་བའི་གྲུབ་ཆ་མཚོན་པའི་ཁལ་རྟ་དང་རྟ་སྒ། གྲི། ཇ་ཕོར། རྩམ་པ། ལྕག་རིང་བཅས་ཀྱང་ཡོད་ལ་དངོས་ཟིན་གློག་བརྙན་དང་གཏེར་དངོས་སོགས་ཀྱང་མཐའ་ཡས་པ་ཞིག་ཡོད་ཀྱང་འདིར་ཙམ་གྱིས་འཐུས་པར་ཞུ། མདོར་ན། འདི་ནི་ལོ་རྒྱུས་དང་ཤེས་རིག སྲོལ་རྒྱུན། སྤོབས་པ།   བྱས་རྗེས་སོགས་གཅིག་བསྡུས་ཀྱིས་གྲུབ་པའི་རྒྱལ་གཅེས་ཀྱི་བསམ་བློ་བསྐྱེད་པའི་འགྲེམས་སྟོན་ཁང་ཞིག་ཡིན།

9 ཆོས་སྡེ་གྲགས་ཅན།

མདའ་བཞིའི་ཡུལ་འདིར་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་དགོན་པ་གསུམ་ཡོད་དེ། དེ་དག་ནི་ཞབས་དྲུང་སྒར་རམ་ལཱ་མོ་ཀུན་ཏུ་བདེ་བའི་གླིང་དང་། དགོན་པ་སོ་མ་སྟེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་། མཱ་ཕྱག་དགོན་དགའ་ལྡན་དར་རྒྱས་གླིང་བཅས་ཡོད། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-08-03

གསར་སྤེལ་མཁན། :.ཉི་མ་འཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།