སྟག་བུ་འཕྲིན་ལས་འོད་ཟེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྟག་བུ་འཕྲིན་ལས་འོད་ཟེར།
ཁོང་ནི་སྤྱི་ལོ1958ལོར་མདོ་སྨད་གཅན་ཚའི་འབར་རྩ་སྡེ་བ་རུ་སྐྱེས་ཤིང་། མིང་སྲིང་དྲུག་ནང་གི་གཉིས་པ་ཡིན། གཅན་ཚའི་རྫོང་སློབ་འབྲིང་དང་རྨ་ལྷོའི་མཐོ་འབྲིང་དུ་སློབ་གཉེར་བྱེད་སྐབས་རྩོམ་ཡིག་དང་ལུས་རྩལ་ཕྱོགས་སུ་ཁྱད་མཚར་ཅན་གྱི་ནུས་རྩལ་ཐོན་པས། རྒྱའི་སྐད་ཡིག་དགེ་རྒན་མཁས་དབང་ཧན་ཧང་མཆོག་གིས་རྒྱའི་གནའ་རབས་སྐད་ཡིག་གི་ཟུར་ཁྲིད་ལོ་དུ་མར་གནང་ཞིང་། མཐར་བོད་ཀྱི་རྩོམ་པ་པོ་དང་ལུས་རྩལ་པ། སློབ་གསོ་བ་གྲགས་ཅན་ཞིག་ཏུ་གྱུར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
德布·陈列奥赛
འཁྲུངས་ཡུལ།
མདོ་སྨད་གཅན་ཚའི་འབར་རྩ་སྡེ་བ།
འཁྲུངས་ལོ།
སྤྱི་ལོ1958ལོ།
ལས་ཐོབ།
ལུས་རྩལ་པ། སློབ་གསོ་བ། རྩོམ་པ་པོ།
1 ངོ་སྤྲོད་མདོར་བསྡུས།

ཁོང་ནི་སྤྱི་ལོ1958ལོར་མདོ་སྨད་གཅན་ཚའི་འབར་རྩ་སྡེ་བ་རུ་སྐྱེས་ཤིང་། མིང་སྲིང་དྲུག་ནང་གི་གཉིས་པ་ཡིན། གཅན་ཚའི་རྫོང་སློབ་འབྲིང་དང་རྨ་ལྷོའི་མཐོ་འབྲིང་དུ་སློབ་གཉེར་བྱེད་སྐབས་རྩོམ་ཡིག་དང་ལུས་རྩལ་ཕྱོགས་སུ་ཁྱད་མཚར་ཅན་གྱི་ནུས་རྩལ་ཐོན་པས། རྒྱའི་སྐད་ཡིག་དགེ་རྒན་མཁས་དབང་ཧན་ཧང་མཆོག་གིས་རྒྱའི་གནའ་རབས་སྐད་ཡིག་གི་ཟུར་ཁྲིད་ལོ་དུ་མར་གནང་ཞིང་། རྩོམ་ཡིག་འགའ་ཡང་བྱ་དགའ་ཐོབ་ཡོད། གཅན་ཚའི་རྫོང་སློབ་འབྲིང་དང་རྨ་ལྷོའི་མཐོ་འབྲིང་གིས་ཀྱང་ཁོང་གི་ཕེ་ཕང་དང་སྤོ་ལོའི་ལུས་རྩལ་གྱི་འཇོན་ཐང་ཐུགས་སྣང་མཛད་དེ། ཐེངས་མང་པོར་ཞིང་ཆེན་རིམ་པའི་སློབ་འབྲིང་ལུས་རྩལ་འགྲན་འདུར་མངགས་པར་མ་ཟད། སློབ་མ་ཕུལ་བྱུང་ཅན་ཞེས་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོར་ཞུགས་པའི་གོ་སྐབས་གནང་། ཡིན་ནའང《འབྱོར་ལྡན་གྲལ་རིམ་གསར་པ》ཞེས་པའི་ཁྱིམ་ཚང་དང་དུས་དང་གནས་བབ་ཀྱི་བགེགས་རྐྱེན་དུ་མའི་དབང་གིས་ཕྱིར་ཕ་ཡུལ་དུ་ཕྱིན་ནས་སྦྲགས་ཁང་གི་ཡིག་སྐྱེལ་པ་དང་། གྲུ་འཛིན་པ། ཕྱུགས་རྫི་སོགས་ཀྱི་ལས་གནས་གཉེར། སྤྱི་ལོ1978ལོར་ཁོང་གིས་རྒྱལ་ཡོངས་མཐོ་རིམ་སློབ་གྲྭའི་སྤྱི་རྒྱུགས་སུ་ཞུགས་ཏེ་མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་ལུས་རྩལ་ཆེད་ལས་སྡེ་ཁག་ཏུ་སློབ་གཉེར་བགྱིས་པའི་བསྐལ་བ་ལྡན། སྐབས་དེར་མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་པ་ཕུལ་བྱུང་ཅན་ཞེས་དང་། ནུབ་བྱང་ས་ཁུལ་གྱི་ཆེས་ལེགས་པའི་ལུས་རྩལ་པ་ཞེས་པའི་མཚན་སྙན་གྲགས་ཐོབ།

སྤྱི་ལོ1982ལོར་སློབ་མཐར་ཕྱིན་རྗེས་མ་ཡུམ་སློབ་གྲྭ་མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་དགེ་རྒན་གྱི་ཕྱག་ལས་རག་ཀྱང་། མཚོ་སྔོན་ཞིང་ཆེན་འགོ་ཁྲིད་ཁ་ཤས་ཀྱི་རེ་བ་ལྟར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་ལུས་རྩལ་དགེ་རྒན་གྱི་ཕྱག་ལས་མཛད་ཅིང་བོད་མི་རིགས་ཀྱི་ལུས་རྩལ་ཕྱོགས་ནས་ནུས་ཤུགས་ཆེན་པོ་ཐོན་ཡོད་དེ། སྔ་ཕྱིར《 སློབ་འབྲིང་ལུས་རྩལ་དགེ་རྒན་ཁྲིད་གཞི》.jpgཞེས་སྟོད་ཆ་དང་སྨད་ཆ། 《རྒྱལ་ཁབ་ཀྱི་ལུས་རྩལ་སྦྱོང་བའི་ཚད་གཞི》ཞེས་དང་། 《བོད་རྒྱ་ཡིག་ཤན་སྦྱར་ལུས་རྩལ་ཚིག་མཛོད》ཅེས་སོགས་བོད་ཡིག་གི་ལུས་རྩལ་ཁྲིད་གཞི་རིམ་པ་ཁག་ཅིག་བརྩམས་བསྒྲིགས་དང་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར། བོད་ཀྱི་ལོ་རྒྱུས་སྟེང་གི་ལུས་རྩལ་ཁྲིད་གཞི་དང་ཚིག་མཛོད་ཐད་ནས་སྟོང་ཆ་བསྐངས། སློབ་གྲྭ་ཆེན་མོའི་ལུས་རྩལ་དགེ་རྒན་གྱི་དམིགས་གསལ་ཐོབ་ཐང་དང་། 《མཚོ་སྔོན་ཞིང་ཆེན་གཞོན་ནུ་ཕུལ་བྱུང་ཅན》ཞེས་དང་། 《ང་ཡིས་བདུན་ལྔ་འཆར་གཞིར་བྱས་རྗེས་བཞག》ཅེས་པའི་དཔེ་ལེགས་ཅན་དང་། མཚན་སྙན་དང་ཐོབ་ཐང་སོགས་སྣ་མང་ཐོབ།

སྤྱི་ལོ1992ལོར་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐེན་དུ་ལས་གནས་སྤར་ཏེ་མི་རིགས་སློབ་གསོ་ཐད་ནས་རང་ནུས་གང་ཐུབ་ཀྱིས་ཕྱག་ལས་གནང་པར་མ་ཟད། ཟི་ལིང་གྲོང་ཁྱེར་དུ་བོད་ཡིག་གསོ་སྦྱོང་སློབ་གྲྭ་འཛུགས་པར་ཤུགས་ཆེན་བཏོན། ལས་ཞོར་དུ་ལ་མོ་ཞབས་དྲུང་དཀར་པོ་སྐུ་ཕྲེང་བརྒྱད་པས་བསྐུལ་བའི་ངོར། ཁོང་གིས་བླ་མ་དམ་པ་རིན་པོ་ཆེ་སྐུ་ཉིད་ཀྱི་རྣམ་ཐར་ཆེན་མོ《ལ་མོ་ཞབས་དྲུང་དཀར་པོའི་རྣམ་ཐར》ཞེས་པ་རྒྱ་ཡིག་གིས་བརྩམས་ཤིང་། རྣམ་ཐར་ཆེན་མོ་འདི་ནི་ཨ་མེ་རི་ཁའི་ཀོ་ལུང་པེ་ཡ་སློབ་གྲྭ་ཆེན་མོའི་འབུམ་རམས་པའི་ཆེད་རྩོམ་དཔྱད་གཞིར་བྱས་པ་རེད།

སྤྱི་ལོ1997ལོར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་དཔལ་འབྱོར་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་སུ་ལས་གནས་སྤར་བ་དང་། ཧན་གོ་རྒྱལ་ཁབ་ཀྱི་ཆིན་ཞི་སློབ་གྲྭ་ཆེན་མོར་ཕྱིན་ནས་དཔལ་འབྱོར་དོ་དམ་སྐོར་སློབ་སྦྱོང་གནང་། སྤྱི་ལོ2001ལོར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་ལས་ཁང་དུ་ཕྱག་ལས་གནང་། པན་ཆེན་སྐུ་ཕྲེང་བཅུ་བའི་མ་ཡུམ་དང་ནུ་བོ། བིས་མདོ་དགོན་པའི་བླ་མ་བཅས་ཀྱིས་བསྐུལ་བའི་ངོར། ཡིག་གྲངས་ཁྲི་བརྒྱ་ལྷག་ཅན་གྱི《པན་ཆེན་སྐུ་ཕྲེང་བཅུ་བའི་རྣམ་ཐར》ཞེས་པའི་རྒྱ་ཡིག་གི་དེབ་ཅིག་བརྩམས་ཡོད།

སྤྱི་ལོ2003ལོར་མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་སྲིད་ཇུས་དང་སྒྲིག་ཁྲིམས་ཞིབ་འཇུག་ཁང་གི་ཀྲུའུ་རིན་གཞོན་པའི་འགན་བཞེས། སྤྱི་ལོ2005ལོར་ཀོང་ཏོང་ཞིང་ཆེན་ཧོ་ཧྲན་གྲོང་ཁྱེར་དཔལ་འབྱོར་ཚོང་ལས་ཅུའུ་རུ་འགན་བཞེས་སྐབས་སུ་བརྩམས་པའི་ཆེད་རྩོམ《ཧོ་ཧྲན་གྲོང་ཆེར་སྒོ་ནས་མཚོ་སྔོན་གྱི་དཔལ་འབྱོར་བརྗོད་པ》ཞེས་ཀྲུང་དབྱང་རྩ་འཛུགས་པུའུ་དང་། འཐབ་ཕྱོགས་གཅིག་གྱུར་པུའུ། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གསུམ་བཅས་ཀྱིས་གཟེངས་བསྟོད་རྒྱ་ཆེར་ཐོབ། 《དུས་རབས་ཀྱི་སྐུལ་འབོད》ཅེས་དང་། 《ལོ་རྒྱུས་ཀྱི་དཔང་པོ》དང་《མཚོ་སྔོན་ནི་འཛམ་གླིང་བོད་གདན་གྱི་འབྱུང་གནས》ཞེས་པ། 《མ་ལག་ལྡན་པའི་བླ་ན་མེད་པའི་ཚན་རྩལ》ཞེས་སོགས་ཆེད་རྩོམ་མང་པོ་བཀོད་དེ་སྤྱི་ཚོགས་དང་རིག་གནས་སྲུང་སྐྱོབ། དཔལ་འབྱོར་དང་བོད་སྨན་སྐོར་གྱི་གནས་ཚུལ་གླེང་བ་དང་། བོད་བཙན་པོའི་སྐབས་ཀྱི་དགོན་གནས་དམར་གཙང་དགོན་སོགས་སྲུང་སྐྱོབ་གནང་།

སྤྱི་ལོ2013ལོར་ཧྲེང་ཀྲང་གཞོན་པ་སྐལ་བཟང་གི་ཚ་བོ་ནོར་བུ་དང་ཤ་ཉེ་བཅས་ཀྱིས་བསྐུལ་བའི་ངོར། སྔར་མཚོ་སྔོན་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ་སྐལ་བཟང་ལགས་ཀྱི་ལོ་རྒྱུས《སྐལ་བཟང་རྣམ་ཐར》ཞེས་བརྩམས་པ་དེའང་མཚོ་སྔོན་ཞིང་ཆེན་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱངས་དྲིལ་བསྒྲགས་པུའུ་གཉིས་ཀྱིས་གཙིགས་སུ་བཟུང་ནས་ལས་བྱེད་པའི་ཡ་མེད་སྤྱོད་བཟང་གི་ཀློག་དེབ་དུ་བདམས་ཡོད་པ་རེད།

གཞན་ཡང《ཞི་བའི་མཆོད་རྟེན་དཀར་པོ》ཞེས་དང་། 《འཛམ་གླིང་མཆོད་རྟེན་གླིང་གི་ཆུ་ཤེལ་གྱི་མཆོད་རྟེན།》 《ཟླ་གསལ་བསྟོད་པ།》 《ར་ཕྱིན་སྙིང་པོ་སྟེ་ཡིད་སེམས་ཀྱི་ཤེས་རབ་སྒྲོན་མེ》ཞེས་བརྩམས་ཆོས་མང་པོ་པར་བསྐྲུན་གནང་ཡོད། སྤྱི་ལོ2005ལོར་དགེ་བཤེས་ཤེས་རབ་རྒྱ་མཚོའི་དྲུང་ཡིག་ཨ་ཁུ་ཆོས་དཔལ་གྱིས་བསྐུལ་བའི་ངོར《དགེ་བཤེས་ཤེས་རབ་རྒྱ་མཚོའི་རྣམ་ཐར》ཞེས་སྟོད་ཆ་དང་སྨད་ཆ་བརྩམས་པ་སོགས་ཁོང་གིས་བོད་ཀྱི་ལུས་རྩལ་དང་སློབ་གསོ། རིག་གནས་སྲུང་སྐྱོབ་སོགས་ཀྱི་ཐད་ནས་གྲུབ་འབྲས་རྨད་དུ་བྱུང་བ་ཞིག་བསྐྲུན་ཡོད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

སློབ་གསོ་བ། རྩོམ་པ་པོ། ལུས་རྩལ་པ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-08-06

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།