ཐོན་ལས་ཆེན་པོ་གསུམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རང་རྒྱལ་གྱི་ཐོན་ལས་ཆེན་པོ་གསུམ་ནི། དང་པོ་ནི་ཞིང་ལས་དང་གཉིས་པ་ནི་བཟོ་ལས། གསུམ་པ་ནི་ཞིང་ལས་དང་བཟོ་ལས་གཉིས་སུ་མི་གཏོགས་པའི་ཞབས་ཞུའི་ལས་རིགས་ལ་གོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
三大产业
ཐོན་ལས་དང་པོ།
ཐོན་སྐྱེད་རྒྱུ་ཆ་འདོན་སྤྲོད་བྱེད་པའི་ཐོན་ལས།
ཐོན་ལས་གཉིས་པ།
ལས་སྣོན་ཐོན་ལས།
འབྲེལ་བ།
ཕན་ཚུན་གཅིག་ལ་གཅིག་བརྟེན་དང་ཕན་ཚུན་ཚོད་འཛིན།
1 ངོ་སྤྲོད། 

རྒྱལ་དམངས་དཔལ་འབྱོར་གྱི་མ་ལག་ཆེན་པོའི་ནང་། ཚན་པ་དང་ལས་རིགས་ཁག་མང་པོ་ཡོད། མིའི་རིགས་ཀྱི་ཐོན་སྐྱེད་བྱེད་སྒོའི་ལོ་རྒྱུས་གོ་རིམ་དང་ལས་རིགས་སྣ་ཚོགས་ཀྱི་ངོ་བོར་གཞིགས་ན། དེ་དག་ཐོན་ལས་ཆེན་པོ་གསུམ་གྱི་ནང་དུ་བསྡུ་ཆོག ཐོན་ལས་ཆེན་པོ་གསུམ་གྱིས་རྒྱལ་དམངས་དཔལ་འབྱོར་ནང་བཟུང་བའི་བསྡུར་ཚད་ནི། སྤྱིར་ན་རྒྱལ་དམངས་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་དང་རྒྱལ་ནང་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་ནང་བཟུང་བའི་བསྡུར་ཚད་ཀྱི་ཐོག་ནས་མངོན་གྱི་ཡོད།

2 གསལ་འགྲེལ།

ཞིང་ལས་ཞེས་པ་ནི་མི་རྣམས་ཀྱིས་སྐྱེ་དངོས་ཀྱི་སྐྱེ་འཕེལ་ནུས་པ་བེད་སྤྱད་དེ། མིས་འདེབས་གསོ་དང་གསོ་སྤེལ་བྱེད་པའི་ལས་རིགས་ལ་ཟེར་བ་ཡིན། ཞིང་ལས་ཐོན་སྐྱེད་ཀྱི་ཁེ་གཉེར་ཁྱབ་ཁོངས་མི་འདྲ་བར་གཞིགས་ཏེ། བྱེ་བྲག་གི་ཞིང་ལས་དང་སྤྱིའི་ཞིང་ལས་གཉིས་སུ་དབྱེ་ཞིང་། རང་རྒྱལ་དུ་བྱེ་བྲག་གི་ཞིང་ལས་ནི་འདེབས་འཛུགས་ལས་རིགས་ལ་ཟེར། དེའི་ནང་འབྲུ་རིགས་ལོ་ཏོག་དང་དཔལ་འབྱོར་ལོ་ཏོག་གི་འདེབས་འཛུགས་ཚུད་ཡོད། སྤྱིའི་ཞིང་ལས་ནང་འདེབས་འཛུགས་རིགས་ཕུད། ད་དུང་ནགས་ལས་དང་། ཕྱུགས་ལས། ཞོར་ལས། ཉ་ལས་བཅས་ཚུད་ཡོད་པས། ལས་རིགས་ལྔ་བོ་དེ་དག་གི་སྤྱི་མིང་ལ་ཞིང་ལས་ཆེན་པོ་ཞེས་གྲགས། ཞིང་ལས་ནི་མིའི་རིགས་ཀྱི་ཟས་གོས་ཀྱི་འབྱུང་ཁུངས་དང་འཚོ་གནས་ཐུབ་པའི་རྩ་བ་ཡིན། དེ་བས་ངེས་པར་དུ་ཐོན་མཐོ་དང་། སྤུས་ལེགས། ཕན་འབྲས་བཟང་བ་བཅས་ཀྱི་ཞིང་ལས་གོང་འཕེལ་གཏོང་རྒྱུའི་ལམ་བུའི་ཐོག་སྐྱོད་དགོས།

བཟོ་ལས་ནི་རང་བྱུང་དངོས་པོའི་ཐོན་ཁུངས་སྔོག་འདོན་དང་། མ་བཅོས་རྒྱུ་ཆ་སྣ་ཚོགས་ལས་སྣོན་དང་ལས་སྣོན་བསྐྱར་མ་བྱེད་མཁན་གྱི་སྤྱི་ཚོགས་ཐོན་སྐྱེད་ཀྱི་ཚན་པ་ཞིག་ཡིན་ཞིང་། དེའི་ནང་ལས་རིགས་དང་ཚན་པ་སྣ་ཚོགས་འདུས་ཡོད། སྤྱི་ཚོགས་ཀྱི་ཐོན་སྐྱེད་བསྐྱར་མའི་ནང་ཐོན་རྫས་ཀྱི་ནུས་པ་མི་འདྲ་བར་གཞིག་ཏེ། ལྕི་བའི་བཟོ་ལས་དང་ཡང་པའི་བཟོ་ལས་ཞེས་ཁག་གཉིས་སུ་དབྱེ་ཡོད། ལྕི་བའི་བཟོ་ལས་ནི་གཙོ་བོ་ཐོན་སྐྱེད་རྒྱུ་ཆའི་བཟོ་ལས་ཀྱི་ཐོན་སྐྱེད་ཚན་པར་ཟེར་བ་དང་། དེའི་ནང་སྔོག་འདོན་བཟོ་ལས། འཕྲུལ་ཆས་བཟོ་སྐྲུན་བཟོ་ལས་སོགས་ཚུད་ཡོད། ཡང་པའི་བཟོ་ལས་ནི་གཙོ་བོ་འཛད་སྤྱོད་རྒྱུ་ཆའི་བཟོ་ལས་ཐོན་སྐྱེད་ཚན་པར་ཟེར་ཞིང་། དེའི་ནང་འཁལ་འཐག་བཟོ་ལས་དང་། བཟའ་བཅའ་བཟོ་ལས། ཀོ་ལྤགས་བཟོ་ལས་སོགས་ཚུད་ཡོད།

ཐོན་ལས་གསུམ་པ་ནི་ཞབས་ཞུའི་ལས་རིགས་ཡིན་ཏེ། དེ་ནི་དངོས་པོ་དང་། ལག་རྩལ། སྒྲིག་ཆས་བཅས་ངེས་ཅན་ཞིག་ལ་བརྟེན་ནས་སྤྱི་ཚོགས་ཐོན་སྐྱེད་དང་མི་དམངས་ཀྱི་འཚོ་བར་ཞབས་འདེགས་ཞུ་མཁན་གྱི་ལས་རིགས་སྣ་ཚོགས་ཀྱི་སྤྱི་མིང་ལ་ཟེར་བ་ཡིན། རང་རྒྱལ་དུ་ཐོན་ལས་གསུམ་པ་དེ་གཙོ་བོ་རིམ་པ་བཞི་རུ་ཕྱེ་བ་སྟེ།

གཅིག འགྲོ་རྒྱུག་གི་ཚན་པ་དེ་ཡིན་ཞིང་། དེའི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་དང་། ཡིག་ཟམ་འཕྲིན་སྐྱེལ་ལས་རིགས། ཚོང་ལས། བཟའ་བཏུང་ལས་རིགས། དངོས་ཟོག་འཛད་སྤྲོད་ལས་རིགས།

གཉིས། ཐོན་སྐྱེད་དང་འཚོ་བའི་ཞབས་ཞུ་ཚན་པ། འདིའི་ནང་དུ་དངུལ་རྩའི་ལས་རིགས་དང་། འགན་བཅོལ་ལས་རིགས། ས་ཁང་ལས་རིགས། ས་གཤིས་བརྟག་དཔྱད་ལས་རིགས། གྲོང་མིའི་ཞབས་ཞུའི་ལས་རིགས། ཡུལ་བསྐོར་ལས་རིགས་བཅས་ཡིན། 

གསུམ། ཚན་རིག་རིག་གནས་ཆུ་ཚད་དང་གྲོང་མིའི་བྱང་ཚད་མཐོ་རུ་གཏོང་རྒྱུའི་ཞབས་ཞུའི་ཚན་པ། འདིའི་ནང་དུ་སློབ་གསོ་དང་རིག་གནས། རླུང་འཕྲིན་གྱི་བྱ་གཞག སྤྱི་ཚོགས་ཕན་བདེ། འཕྲོད་བསྟེན་སོགས་འདུས།

བཞི། སྤྱི་ཚོགས་ཡོངས་ལ་མཁོ་བའི་ཞབས་ཞུའི་ཚན་པ། འདིའི་ནང་དུ་རྒྱལ་ཁབ་ཀྱི་ལས་ཁུངས་དང་། ཏང་སྲིད་ལས་ཁུངས། སྤྱི་ཚོགས་ཚོགས་པ། དམག་དཔུང་དང་ཉེན་རྟོག་པ་སོགས་ཚུད་ཡོད།


བརྡ་འགྲེལ་གདོང་འཛར།

ཐོན་ལས། བཟོ་ལས། ཞིང་ལས། ཐོན་སྐྱེད།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-07-26

གསར་སྤེལ་མཁན། :དཔལ་ཚེ་རྡོར

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།