ཨ་རིག་སྟོང་དཔོན་ནམ་མཁའ་ཚེ་དབང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨ་རིག་སྟོང་དཔོན་ནམ་མཁའ་ཚེ་དབང་ནི་ཤིང་གླང་ལོ་སྟེ་སྤྱི་ལོ1925ལོའི་ཡས་མས་སུ་སྟོང་དཔོན་ལ་བཞུགས། དཔོན་འདིའི་སྐབས་སུ་ཨ་རིག་ལ་དགོན་སྡེ་ལྔ་དང་ཚོ་བ་ཆེ་ཆུང་བརྒྱད་ཡོད། དེ་དག་ནི་ཨ་རིག་དགོན་ཆེན་དང་ཨ་རིག་བེ་ཧུ་དགོན་པ། ཨ་རིག་བེ་ཇང་དགོན་པ། ཨ་རིག་སྡེ་མང་དགོན་པ། འཕུར་མོ་དགོན་པ་བཅས་དང་། ཚོ་བ་བརྒྱད་ནི། ཨ་རིག་ཆེན་ཧུའི་ཚོ་བ། ཨ་དོའི་ཚོ་བ། མངའ་རིས་ཚོ་བ། མང་བཟའི་ཚོ་བ། སྡེ་མང་ཚོ་བ། བེ་ཧུའི་ཚོ་བ། བེ་ཇང་ཚོ་བ། ཨ་ཁུའི་ཚོ་བ་བཅས་ཡིན། སྤྱི་ལོ1950ལོར་ཨ་རིག་ས་ཆ་བཅིངས་བགྲོལ་བྱས་ཤིང་། གནས་སྐབས་མཉམ་འབྲེལ་སྲིད་གཞུང་བཙུགས་ནས་སྟོང་དཔོན་ནམ་མཁའ་ཚེ་དབང་ཀྲུའུ་རིན་དང་པོ་དང་། གུང་དཔོན་པོ་བསོད་ནམས་བཀྲ་ཤིས་ཀྲུའུ་རིན་གཞོན་པར་བདམས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
南卡才昂
འཁྲུངས་ལོ།
སྤྱི་ལོ1901ལོ།
ཚོ་དཔོན་ཁུར་བའི་ལོ།
སྤྱི་ལོ1925ཡས་མས།
1 ངོ་སྤྲོད་མདོར་བསྡུས།

ཁོང་ནི་རང་ལོ་ཉེར་ལྔ་བ་ཤིང་གླང་སྟེ་སྤྱི་ལོ1925ཙམ་ལ་སྟོང་དཔོན་ལ་བཞུགས།  དཔོན་འདིའི་སྐབས་སུ་ཨ་རིག་བརྒྱ་དཔོན་དབང་ཆེན་གྱི་བུ་གཏམ་ཁ་ལྕེ་དང་བློ་བཀོད་པ་གཉིས་འཛོམས་ཡིན་པའི་བརྒྱ་དཔོན་བསོད་ནམས་ནོར་བུ་ཞེས་པ་ཁོང་གི་བློན་པོར་བཞུགས་ནས་ཨ་རིག་ཡུལ་གྱི་ལུགས་གཉིས་ཀྱི་བྱ་བ་མཐའ་དག་ལེགས་པར་བསྒྲུབས།སྤྱི་ལོ1930ལོར་སྒོ་མེ་སྡེ་བ་དང་བྱ་ཐང་སྡེ་བ་གཉིས་ཀྱང་ཨ་རིག་ཏུ་ཡོང་ནས་སྟོང་དཔོན་ནམ་མཁའ་ཚེ་དབང་སོགས་ལ་ས་བསླངས་ཏེ་ཆུ་ནག་འགྲམ་དུ་གཞིས་ཆགས། ལོ་འདིར་ཟི་ལིང་མ་ཆི་ཡིས་ཨ་རིག་ས་ཆར་རྟ་དམག་ཡུན་གཅིག་གཏན་སྡོད་དུ་བཏང་།  སྤྱི་ལོ1938ལོར་གོ་མིན་ཏང་གིས་ཨ་རིག་ས་ཆར་བདེ་སྲུང་པུའུ་བཙུགས་ཏེ་མཚོ་སྔོན་ཞིང་ཆེན་གྱིས་ཐད་ཀར་མགོ་བདག་བྱས། འདི་དུས་སྟོང་དཔོན་ནམ་མཁའ་ཚེ་དབང་དང་ཁོའི་བློན་ཆེན་བརྒྱ་དཔོན་བསོད་ནམས་ནོར་བུའམ་ཨ་དོ་གཉིས་ཀྱི་མངའ་འོག་ཏུ་ཨ་རིག་ལ་དགོན་སྡེ་ལྔ་དང་ཚོ་བ་ཆེ་ཆུང་བརྒྱད་ཡོད་པ་ནི།  ཨ་རིག་དགོན་ཆེན་དང་ཨ་རིག་བེ་ཧུ་དགོན་པ།  ཨ་རིག་བེ་ཇང་དགོན་པ། ཨ་རིག་སྡེ་མང་དགོན་པ།  འཕུར་མོ་དགོན་པ་བཅས་དང་།  ཚོ་བ་བརྒྱད་ནི།  ཨ་རིག་ཆེན་ཧུའི་ཚོ་བ།  ཨ་དོའི་ཚོ་བ།  མངའ་རིས་ཚོ་བ།  མང་བཟའི་ཚོ་བ།  སྡེ་མང་ཚོ་བ།  བེ་ཧུའི་ཚོ་བ།  བེ་ཇང་ཚོ་བ།  ཨ་ཁུའི་ཚོ་བ་བཅས་ཡིན། ཕྱི་ལོ1949ལོར་མ་ཇག་གི་དམག་དཔོན་ལོའོ་ཀྲང་ཡེ་ཁྲང་ཧྥུན་དང་ལོའོ་ཀྲང་གཞོན་པ་མ་ཀྲིན་ཀྲོན་གཉིས་ཀྱིས་དམག་མི་མང་པོ་ཁྲིད་ཡོང་ནས། གོ་མིན་ཏང་གི་ཚོགས་པ་དང་འབྲེལ་བ་བྱས་ནས་ཨ་རིག་དགོན་འབྲོག་ལ་མི་གསོད་འཕྲོག་བཅོམ་སྣ་ཚོགས་བྱས་པར་མ་ཟད་རྩྭ་ས་སོགས་མེར་བཏང་།  གུང་ཁྲན་ཏང་གིས་ཟླ་བརྒྱད་པའི་ཟླ་མཇུག་ཏུ་ལན་གྲུ་དང་ཟླ་དགུ་བའི་ཚེས་ལྔ་ཉིན་ཟི་ལིང་མངའ་འོག་ཏུ་བསྡུས།བང་ཀྲི་ཟི་ལེན་ཡོན་གྱིས་དམག་དཔུང་ཁྲིད་དེ་ཨ་རིག་ས་ཆ་བརྒྱུད་ནས་ཤར་ཏུ་ཀི་སི་ཐན་དུ་བསྐྱོད་སྐབས།  སྟོང་དཔོན་ནམ་མཁའ་ཚེ་དབང་གིས་ཨ་རིག་གི་སྡེ་དཔོན་རྣམས་ཁྲིད་དེ་དམར་དམག་ལ་དགའ་བསུ་ཞུས་ཏེ་ནོར་བརྒྱ་དང་ལུག་ལྔ་བརྒྱ་ཡིས་འཚམས་རྟགས་བྱིན་པ་ན། བང་ཀྲིན་ཟི་ལེན་ཡོན་གྱིས་ཀྱང་ཨ་རིག་སྟོང་དཔོན་ལ་གཟེངས་བསྟོད་ཆེན་པོ་བྱས་པར་མ་ཟད།  མེ་མདའ་ལྔ་བཅུའི་བྱ་དགའ་ཡང་བྱིན།  ཕྱིས་སུ་རྒྱ་ནག་གུང་ཁྲན་ཏང་གིས་མ་ཇག་ཚར་གཅོད་བྱེད་སྐབས་ཁོས་སྔོན་མ་ཇག་གིས་ཨ་རིག་ཡུལ་སྡེ་འདིའི་མང་ཚོགས་ལ་གཉའ་གནོན་དང་བརྙས་བཅོས་བྱས་པ་སེམས་ལ་བཅངས་ནས།  དམངས་དམག་རྩ་འཛུགས་དང་། འཐབ་གཡུལ་དངོས་ལ་རྒྱུ་དངོས་ཀྱིས་རྒྱབ་སྐྱོར་གང་མང་བྱས། 

སྤྱི་ལོ1950ལོར་བཙུན་མོ་གཞུང་ནས་མདོ་ལའི་རིགས་སོ་སོའི་གནས་སྐབས་མཉམ་འབྲེལ་སྲིད་གཞུང་བཙུགས་ཏེ་སྟོང་དཔོན་ནམ་མཁའ་ཚེ་དབང་ཀྲུའུ་རིན་དང་པོ་དང་། གུང་དཔོན་པོ་བསོད་ནམས་བཀྲ་ཤིས་ཀྲུའུ་རིན་གཞོན་པར་བདམས།  སྤྱི་ལོ1951ལོར་སྟོང་དཔོན་ནམ་མཁའ་ཚེ་དབང་ནུབ་བྱང་མི་རིགས་བྱ་བའི་གྲོས་ཚོགས་ལ་ཞུགས་སྐབས་སུ་རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་དང་སྤྱི་ཁྱབ་ཟི་ལེན་ཕིང་ཏེ་ཧི་རྣམ་གཉིས་ཀྱིས་ཆེད་དུ་མཇལ་འཕྲད་གནང་ཞིང་དངོས་པོའི་བྱ་དགའ་ཡང་ཐོབ། ལོ་འདིའི་ཟླ་བཅུ་གཅིག་པའི་ཚེས་ཉེར་གཉིས་ཉིན་ཨ་རིག་གུང་ཁྲན་ཏང་གིས་དབང་བསྒྱུར་བྱས་ཏེ་གནས་སྐབས་མཉམ་འབྲེལ་སྲིད་གཞུང་བཙུགས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-08-27

གསར་སྤེལ་མཁན། :གདུགས་དཀར་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།