འཇམ་དབྱངས་གྲགས་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འཇམ་དབྱངས་གྲགས་པ།
ཁོང་ནི་སྤྱི་ལོ1949ལོའི་ཟླ་བཅུ་པར་རེབ་གོང་རྫོང་རྒྱལ་པོ་ཡུལ་ཚོ་ཕྱེ་དྲི་སྡེ་བར་ཡབ་ཤ་བོ་ཚེ་རིང་དང་། ཡུམ་བུ་མོ་མཆོག་གཉིས་ཀྱི་སྲས་སུ་འཁྲུངས། སྤྱི་ལོ1962ལོར་རེབ་གོང་རོང་བོ་དགོན་ཆེན་དུ་རབ་ཏུ་བྱུང་སྟེ་འདོན་ཆོས་སྤྱོད་ཀྱི་སྐོར་བློར་འཛིན་པ་དང་སུམ་རྟགས་དག་གསུམ་སོགས་ཐ་སྙད་རིག་གནས། ལམ་རིམ་ཚིགས་བཅད་མ་དང་སྤྱོད་འཇུག་སོགས་ལ་སྦྱངས་པར་མ་ཟད། ཚད་མ་རིག་པའི་རིགས་ལམ་གྱི་འགྲོས་ལའང་སྦྱངས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
嘉杨智华
འཁྲུངས་ཡུལ།
རེབ་གོང་རྫོང་རྒྱལ་བོ་ཡུལ་ཚོ་ཕྱེ་དྲི་སྡེ་བ།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1949.10-2008.12.27)
བརྩམས་ཆོས།
《དོན་ལྡན་ཚངས་ཐིག》《གྲུབ་མཐའི་སྤྱི་དོན》
1 ངོ་སྤྲོད་མདོར་བསྡུས།

ཁོང་ནི་སྤྱི་ལོ1949ལོའི་ཟླ་བཅུ་པར་རེབ་གོང་རྫོང་རྒྱལ་པོ་ཡུལ་ཚོ་ཕྱེ་དྲི་སྡེ་བར་ཡབ་ཤ་བོ་ཚེ་རིང་དང་། ཡུམ་བུ་མོ་མཆོག་གཉིས་ཀྱི་སྲས་སུ་འཁྲུངས། སྤྱི་ལོ1962ལོར་རེབ་གོང་རོང་བོ་དགོན་ཆེན་དུ་རབ་ཏུ་བྱུང་སྟེ་འདོན་ཆོས་སྤྱོད་ཀྱི་སྐོར་བློར་འཛིན་པ་དང་སུམ་རྟགས་དག་གསུམ་སོགས་ཐ་སྙད་རིག་གནས། ལམ་རིམ་ཚིགས་བཅད་མ་དང་སྤྱོད་འཇུག་སོགས་ལ་སྦྱངས་པར་མ་ཟད། ཚད་མ་རིག་པའི་རིགས་ལམ་གྱི་འགྲོས་ལའང་སྦྱངས།

སྤྱི་ལོ1966ལོར་རིག་གསར་གྱི་ལས་འགུལ་གྱི་དབང་གིས་ཡུལ་ལ་ལོག་ནས་ལོ་བཅུ་གཉིས་ཀྱི་རིང་ལ་གསང་རྒྱའི་ངང་དགེ་བའི་བཤེས་གཉེན་སྔགས་ཆེན་དཀོན་མཆོག་ལགས་དང་དགེ་འདུན་དར་རྒྱས་གཉིས་ཀྱི་མདུན་ནས་སུམ་རྟགས་དང་སྙན་ངག  ནང་དོན་རིག་པ་སོགས་ལ་སྦྱངས་པ་རྒྱ་ཆེར་མཛད།

.jpg


སློབ་དཔོན་ཆེན་མོ་བདེ་མཆོག་དང་ལྷན་དུ།

སྤྱི་ལོ1978ལོར་རྨ་ལྷོ་དགེ་འོས་སློབ་གྲྭའི་དགེ་རྒན་བྱས་ཏེ་ན་གཞོན་དགེ་རྒན་རྣམས་དང་སློབ་མའི་ཚོགས་བཅས་ལ་སུམ་རྟགས་དག་གསུམ་དང་སྙན་ངག གནའ་རྩོམ། བློ་གསལ་རིགས་སྒོ་སོགས་གང་ལ་གང་འཚམ་གྱིས་འཆད་པའི་འཕྲིན་ལས་བསྐྱངས་ཏེ་བོད་རིག་པའི་གཞུང་ལུགས་གོང་དུ་སྤེལ་བ་ལ་མཛད་རྗེས་རླབས་ཆེན་གནང་།

བྱ་བར་ཞུགས་རྗེས་ཀྱང་རོང་བོ་དགོན་ཆེན་གྱི་བཤེས་གཉེན་ཆེན་པོ་རྗེ་དགེ་འདུན་བསྟན་འཛིན་དང་། དགེ་འདུན་ཕུན་ཚོགས། དགེ་འདུན་བསམ་གཏན། དགེ་རྒན་ལྷ་མོ་སྐྱབས་བཅས་ཀྱི་མདུན་ནས་སྔ་ཕྱིར་མཁན་ཆེན་བསྡུས་གྲྭ་དང་། མི་ཕམ་མཁས་འཇུག བྱང་རྩེའི་བློ་རྟགས་གཉིས། སྡེ་བདུན་ཡིད་ཀྱི་མུན་སེལ། རྣམ་འགྲེལ་ཊཱིཀ་ཆེན་ལེའུ་གཉིས་པ།ལེགས་བཤད་གསེར་ཕྲེང་། རྒྱན་འགྲེལ་སྤྱི་དོན་རོལ་མཚོ། དྲང་ངེས་ལེགས་བཤད་སྙིང་པོ། སྤྱོད་འཇུག་དར་ཊཱིཀ   ལམ་རིམ་ཆེན་མོ། གྲུབ་མཐའ་རིན་ཆེན་ཕྲེང་བ། ས་ལམ་ཐེག་གསུམ་མཛེས་རྒྱན། ཡབ་རྗེའི་མགུར་མ།སྙན་ངག་རྩ་འགྲེལ། དབྱངས་ཅན་དགྱེས་གླུ་བཅས་ཀྱི་ཁྲིད་རྒྱུན་བླངས་ཏེ་གང་ཐུགས་ནོར་བུའི་བང་མཛོད་གཞུང་དོན་རིན་ཆེན་གྱིས་བྱུར་བུར་གཏམས།

དབྱར་དགུན་གནང་གི་གོ་སྐབས་སོགས་ལ་བརྟེན་ནས་མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་དང་། རྗེ་དམུ་དགེ་བསམ་གཏན། སྐྱབས་རྗེ་ཤར་གདོང་རིན་པོ་ཆེ་བཅས་ཀྱི་མདུན་ནས་ཆབ་ཤོག་ཕྱོགས་བསྒྲིགས་དང་། ཐོན་མིའི་ཞལ་ལུང་། ཆོས་སྲིད་གྲུབ་མཐའ། སྙན་འགྲེལ་ཡང་གསལ་སྣང་མཛོད། བློ་གསལ་རིགས་སྒོ།ལམ་རིམ་ཆེན་མོ་སོགས་རིག་གནས་ཆུང་བ་ལྔ་དང་། ཕར་ཕྱིན། ཚད་མ། འདུལ་བ། མངོན་པ། དབུ་མ་སོགས་མདོ་ཕྱོགས་ཀྱི་གཞུང་རྣམས་དང་། གསང་འདུས་སོགས་གསང་སྔགས་ཀྱི་གཞུང་ལ་སྦྱངས། མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་ནས། ཤེས་རབ་ཀྱི་ནོར་མཆོག་ལྡན་པའི་སློབ་བུ་འཇམ་དབྱངས་གྲགས་པ་ཞེས་བསྔགས་བརྗོད་གནང་ཞིང་མཁས་པའི་མཚན་སྙན་གྱི་བ་དན་རབ་ཏུ་བསྐྱོད།

སྤྱི་ལོ1999ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོར་ལས་གནས་སྤར་ཏེ་ཞིབ་འཇུག་སློབ་མ་དང་དངོས་གཞི་སློབ་མ་བཅས་ལ་སུམ་རྟགས་དང་། གནའ་རྩོམ། གྲུབ་མཐའ། སྤྱོད་འཇུག་སོགས་འཆད་པའི་འཕྲིན་ལས་ལེགས་པར་བསྐྱངས། སྤྱི་ལོ2002ལོར་དགེ་རྒན་ཆེན་མོའི་མཚན་སྙན་ཐོབ་པ་དང་། མཚོ་སྔོན་རྒྱང་སྒྲོག་ལས་ཁུངས་ཀྱི་བོད་ཀྱི་སྐད་ཡིག་ཁྲིད་པའི་ལེ་ཚན་དུ་ཐོན་མིའི་ཞལ་ལུང་དང་། ལྗོངས་ཞིང་ལྔའི་མཉམ་བསྒྲིགས་བྱས་པའི་མཐོ་འབྲིང་བོད་ཡིག་སློབ་དེབ་དཔེ་ཁྲིད་གནང་བ་སྒྲ་བླངས་ཏེ་བཏང་བས་ཉན་མཁན་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ།

མདོར་ན། ལོ་ངོ་སུམ་ཅུར་ཉེ་བའི་རིང་ལ་མི་རིགས་སློབ་གསོའི་བྱ་བཞག་ལ་ཐུགས་ནུས་ཡོད་རྒུ་འདོན་གནང་མཛད་དེ་སློབ་མ་གྲངས་ལས་འདས་པ་གསོ་སྐྱོང་མཛད་དེ། མཐར་དགུང་ལོ་རེ་གཉིས་པ་སྤྱི་ལོ2008ལོའི་ཟླ12ཚེས27ཉིན་གྱི་ནངས་མོའི་དུས་ཚོད་བཞིའི་སྟེང་སྐུ་གཤེགས།

ཁོང་གི་དཔྱད་རྩོམ་དྲུག་ཅུ་ལྷག་དུས་དེབ་སྣ་ཚོགས་ཀྱི་སྟེང་བཀོད་མྱོང་ལ། གསུང་རྩོམ་ལ《དོན་ལྡན་ཚངས་ཐིག》 《ཐོན་མིའི་དཀའ་ཟིན།》 《བརྡ་དག་ཕྱེ་མ་ལེབ་ཀྱི་མཆན་འགྲེལ།》 《རྟོགས་བརྗོད་གསེར་དངུལ་མེ་ཏོག་གི་འགྲེལ་བ།》 《སྙན་འགྲེལ་ཡང་གསལ་སྣང་མཛོད་ཀྱི་འགྲེལ་བ།》 《སྙན་ངག་སྤྱི་དོན་དང་རྟག་ངུའི་རྟོགས་བརྗོད་ཀྱི་འགྲེལ་བ།》 《གྲུབ་མཐའི་སྤྱི་དོན།》སོགས་བརྩམས་ཆོས་ཉི་ཤུ་ལྷག་བཞུགས་པར་དམ་པ་ཁོང་གི་རིགས་སྲས་རྣམ་གཉིས་ཀྱིས་ཕྱོགས་གཅིག་ཏུ་བསྡུ་གསོག་བྱས་ཏེ་སྤྱི་ལོ2016ལོའི་ཟླ་བཅུ་གཉིས་པར་ཕུན་སུམ་ཚོགས་པ་ལྔའི་གྲགས་དང་ལྡན་པའི་གླེགས་བམ་པོད་ལྔའི་བདག་ཉིད་ཅན་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་སྐྲུན་ཡོད་དོ།།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-08-25

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།