རྒྱལ་དབང་ཐམས་ཅད་མཁྱེན་པའི་རྣམ་ཐར་མགུར་མའི་ཚུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཐམས་ཅད་མཁྱེན་གཟིགས་རྒྱལ་དབང་ལྔ་བ་ཆེན་པོའི་རྣམ་ཐར་མདོར་བསྡུས་མགུར་མའི་ཚུལ་དུ་བསྒྲིགས་པ་འདི་ལྟ་བུ་ཞིག་དགོས་ཞེས་དགེ་ཚུལ་ངག་དབང་བསམ་འགྲུབ་ཀྱིས་བསྐུལ་པའི་ངོར་ཨ་ཁྱུང་ངག་དབང་མཁྱེན་རབ་ཀྱིས་སྦྱར་བའོ། །
གཞི་རྩའི་གནས་ཚུལ།

རྩོམ་པ་པོ།
ཨ་ཁྱུང་ངག་དབང་མཁྱེན་རབ།
1 མ་ཡིག

རྒྱལ་དབང་ཐམས་ཅད་མཁྱེན་པའི་རྣམ་ཐར་མགུར་མའི་ཚུལ།

བོད་གངས་ཅན་ལྷ་གཅིག་སྤྱན་རས་གཟིགས། ། ཁྲིམས་སྡོམ་བརྩོན་རྒྱལ་བའི་ཚུལ་འཆང་བ། ། མགོན་ཀུན་གཟིགས་ལྔ་བ་ཆེན་མོ་ཞེས། ། མཚན་ཉི་ཟླ་ལྟ་བུར་གྲགས་པ་དེ། ། ཡུལ་གཡང་ཆགས་ཡར་ཀླུངས་ནུབ་ཀྱི་ཆ། ། རྫོང་ཕྱིང་བ་སྟག་རྩེའི་ཕོ་བྲང1དུ། ། ཡབ་ཟ་ཧོར་བདུད་འདུལ་རབ་བརྟན་དང་། ། ཡུམ་ཁྲི་ལྕམ་ཀུན་དགའ་ལྷ་མཛེས་ལས། ། ལོ་མེ་སྦྲུལ2ཧོར་ཟླ་དགུ་བ་ཡི། ། ཚེས་ཉེར་གསུམ་སྤེན་རྒྱལ་འཛོམས་པའི་ཉིན། ། མདོག་རབ་མཛེས་སྐུ་ཡི་མེ་ཏོག་བཞད། ། ཁོང་རྗེ་བཙུན་ཏཱ་ར་ནཱ་ཐ3ཡིས། ། མིང་ཀུན་དགའ་མི་འགྱུར་སྟོབས་རྒྱལ་བཏགས། ། ཆེས་ན་ཚོད་ཕྲ་བ་ལོ་ལྔའི་དུས། ། གནས་འབྲས་སྤུངས་དགའ་ལྡན་ཕོ་བྲང4དུ། ། དཔལ་སངས་རྒྱས་སྣང་བ་མཐའ་ཡས་དངོས། ། མགོན་པཎ་ཆེན་བློ་བཟང་ཆོས་རྒྱན5དྲུང་། ། ཁྲིམས་ཡོངས་རྫོགས་དགེ་བསྙེན་སྡོམ་པ་དང་། ། ལོ་བརྒྱད་དུ་སླེབས་ཚེ་དགེ་ཚུལ་བཞེས། ། མཚན་ངག་དབང་བློ་བཟང་རྒྱ་མཚོར་གསོལ། ། དུས་རིང་མིན་དགུང་ལོ་བཅུ་གཅིག་ནས། ། ཁྲི་དཀོན་མཆོག་ཆོས་འཕེལ6ཞབས་བསྟེན་ཏེ། ། ཆེས་ཕྲ་ཞིབ་བསྡུས་གྲྭ་རྣམ་འགྲེལ་དང་། ། གཞུང་དབུ་མ་ཕར་ཕྱིན་འདུལ་མངོན་སྡེ། ། དཔལ་རྒྱན་དྲུག་མཆོག་གཉིས7ལེགས་བཤད་ལ། ། བརྩོན་ཤུགས་དྲག་ཆུ་བོའི་རྒྱུན་ལྟར་སྦྱངས། ། ལོ་ཉེར་གཉིས་བཞེས་སྐབས་མཁན་པོའི་དྲུང་། ། ཁྲིམས་ཚངས་སྤྱོད་ཀྱི་གཙོ་བོ་བསྙེན་པར་རྫོགས། ། འཁོན་དཔལ་འབྱོར་ལྷུན་འགྲུབ8ཞབས་དྲུང་དུ། ། དབང་ཕྱག་ལེན་མན་ངག་མང་གསན་ནས། ། རྗེ་བླ་མའི་བསྟན་དགྲ་སྡེ་བཅས་དཔུང་། ། ལས་མངོན་སྤྱོད་དྲག་པོས་ཕྱེ་མར་འཐག ། གུར་དཀར་པོའི་བདག་པོ་གུ་ཤྲཱི་དཔོན9། ། ལྷ་གསང་བདག་གི་རྣམ་འཕྲུལ་ཡིན་གསུངས་ནས། ། མཚན་བསྟན་འཛིན་ཆོས་ཀྱི་རྒྱལ་པོ་ཞེས། ། ལུང་ལས་ཀས་གཟེངས་བསྟོད་གྲོགས་སུ་སྦྲན། ། སྟོད་མངའ་རིས་ཁྱུང་རྫོང་དཀར་མོ་ནས། ། རྒྱ་མཆོད་རྟེན་དཀར་པོ་ཡན་ཆད་བླངས། ། རི་ཡ་མཚན་ཅན་གྱི་པོ་ཏ་ལར། ། ལྷ་འཕགས་མཆོག་ལོ་ཀེ་ཤྭ་ར10སོགས། ། རྟེན་བརྟེན་པའི་ངོ་མཚར་སྣང་བརྙན་གྱིས། ། གནས་བོད་ཡུལ་འོག་མིན་ལྟ་བུར་བྱས། ། རྗེ་བླ་མ་དཀོན་ཅོག་ཆོས་འཕེལ་དྲུང་། ། དཔལ་བྱང་ཆུབ་ལམ་རིམ་ཆེན་མོ་དང་། ། འགྲེལ་བཞི་སྦྲགས་རིམ་ལྔ་གསལ་སྒྲོན11སོགས། ། གནད་འཁྲུལ་མེད་རྒྱལ་དབང་ཙོང་ཁ་པའི། ། ལུང་ཇི་བཞིན་ཞིབ་མོར་གཏན་ལ་ཕབ། ། རྗེ་མགོན་པོ་བསོད་ནམས་མཆོག་ལྡན12དྲུང་། ། ཆེས་ཡང་ཟབ་གསུང་ངག་སློབ་བཤད་སོགས། ། དཔལ་ས་སྐྱའི་བླ་ཆེན་གདམས་པའི་བཅུད། ། མགོན་ཚར་བའི་ལུགས་བཞིན་ཞིབ་ཏུ་གསན། ། དོན་གནས་ལྔའི་པཎ་ཆེན་སྨོན་འགྲོ་བ། ། མཚན་འཇམ་དབྱངས་དབང་རྒྱལ་རྡོ་རྗེ13ལས། ། སྒྲ་ཀ་ཙན14སྙན་ངག་མེ་ལོང་མ། ། རྩིས་དཀར་ནག་དབྱངས་འཆར་སྡེབ་སྦྱོར་སོགས། ། ཡོངས་ཤེས་བྱ་རྒྱ་མཚོའི་ཕ་རོལ་སོན། ། དགུང་སོ་དྲུག་བཞེས་པའི་ཆུ་འབྲུག་ལོ། ། ཤར་རྒྱ་ནག་རྒྱལ་པོའི་ཕོ་བྲང་དུ། ། ལྷ་འཇམ་དབྱངས་གཞོན་ནུའི་སྤྲུལ་པའི་གར། ། གོང་གནམ་སའི་དབང་ཕྱུག་ཤུན་ཙི15ཡིས། ། སྤྱན་དྲངས་ནས་ཉི་མ་ནུབ་ཕྱོགས་ཀྱི། ། མགོན་སངས་རྒྱས་བསྟན་པའི་བདག་པོ་རུ། ། མཚན་ཏཱ་ལའི་བླ་མ་ཏི་ཤྲཱི་ཞེས། ། ལུང་གསེར་ཐམ་མངའ་ཐང་དཔལ་འབྱོར་ཕུལ། ། ཡུལ་མདོ་སྟོད་མདོ་སྨད་ཕྱོགས་ཀུན་ཏུ། ། བསྟན་གཞི་རྩ་སྡོམ་རྒྱུན་གསར་རྙིང་གིས། ། དགེ་ཚུལ་སློང་ཁྲི་ཚོ་དྲུག་ལྷག་བསྒྲུབས། ། གཞུང་མདོ་སྔགས་པོ་ཏི་སོ་གསུམ་བརྩམས། ། དགོན་ཆོས་སྡེ་ལྔ་བཅུ་ལྷག་ཙམ་བཏབ། ། སྤྱིར་ས་དགེ་རྙིང་གསུམ་བསྟན་པ་དང་། ། སྒོས་གསེར་ཞུན་ཅོད་པན་འཆང་བའི་ལུགས། ། ནུབ་ཛ་ལན་ངྷ་ར་ནས་བཟུང་སྟེ། ། ཤར་རྒྱ་མཚོའི་མཐའ་ལ་ཐུག་གི་བར། ། ཐབས་ཞི་དྲག་དུ་མས་ཁྱབ་པར་མཛད། ། ས་ཁམས་གསུམ་གནས་པའི་དྲེགས་ལྡན་རྣམས། ། དཔེ་ཉི་ཟེར་གྱི་རྡུལ་འཁྲིགས་བཞིན་དུ་འདུ། ། གནམ་ཀ་བ་མེད་པའི་འོག་རོལ་ན། ། སེང་སྲབ་མེད་འཕྱོ་བའི་རྣམ་ཐར་དེ། ། མགོན་ཁྱོད་ཉིད་གཅིག་པུས་བདག་གིར་མཛད། ། ལོ་རེ་དྲུག་བཞེས་པའི་ཆུ་ཁྱི16ཡི། ། དབོ་ཟླ་བའི་དམར་ཕྱོགས་ཉེར་ལྔའི་ཉིན། ། བསྟན་ཆོས་སྲིད་གདུགས་དཀར་ཡུ་བ་དེ། ། ཐུགས་ཉེ་བའི་སྲས་ཆེན་མི་དབང་མཆོག ། མཚན་ཡོངས་གྲགས་སངས་རྒྱས་རྒྱ་མཚོ17ལ། ། གཏད་ཟིན་ནས་མཁའ་སྤྱོད་ཞིང་དུ་ཕེབས། ། མགོན་ཀུན་གཟིགས་ལྔ་བར་གསོལ་བ་འདེབས། ། བདག་འགྲོ་ཀུན་དེང་ནས་ཚེ་རབས་ཀུན། ། རྗེ་ཁྱོད་ཀྱིས་དགེ་བའི་བཤེས་མཛད་ནས། ། གསུང་བདུད་རྩིའི་དཔལ་ལ་རྟག་རོལ་ཅིང་། ། དཔལ་རྡོ་རྗེ་འཆང་དབང་མྱུར་ཐོབ་ཤོག །

ཅེས་ཐམས་ཅད་མཁྱེན་གཟིགས་རྒྱལ་དབང་ལྔ་བ་ཆེན་པོའི་རྣམ་ཐར་མདོར་བསྡུས་མགུར་མའི་ཚུལ་དུ་བསྒྲིགས་པ་འདི་ལྟ་བུ་ཞིག་དགོས་ཞེས་དགེ་ཚུལ་ངག་དབང་བསམ་འགྲུབ་ཀྱིས་བསྐུལ་པའི་ངོར་མཁྱེན་རབ་མིང་ཅན་གྱིས་འཕྲལ་དུ་བྲིས། 

2 མཆན་འགྲེལ།

1.ཕྱིང་བ་སྟག་རྩེའི་ཕོ་བྲང་། ཕོ་བྲང་ཕྱིང་དབར་སྟག་རྩེ་སྟེ། བོད་རང་སྐྱོང་ལྗོངས་འཕྱོངས་རྒྱས་རྫོང་ཁོངས་ན་ཡོད་པའི་གནས་རབས་ཀྱི་རྫོང་ཞིག

2.ལོ་མེ་སྦྲུལ། རབ་བྱུང་བཅུ་བའི་མེ་སྦྲུལ་ཏེ་སྤྱི་ལོ1617ལོ།

3.རྗེ་བཙུན་ཏཱ་ར་ནཱ་ཐ། རྗེ་བཙུན་ཏཱ་ར་ནཱ་ཐའི་ལོ་རྒྱུས་ངོ་སྤྲོད་ལ་གཟིགས།

4.འབྲས་སྤུངས་དགའ་ལྡན་ཕོ་བྲང་། རབ་བྱུང་དགུ་བའི་ས་སྟག་ལོར་སྣེ་གདོང་མི་དབང་བཀྲ་ཤིས་གྲགས་པས་འབྲས་སྤུངས་རྡོ་ཁང་སྔོན་མོ་རྒྱལ་བ་དགེ་འདུན་རྒྱ་མཚོར་ཕུལ་བའི་མིང་དགའ་ལྡན་ཕོ་བྲང་དུ་བསྒྱུར། རབ་བྱུང་བཅུ་གཅིག་པའི་ཆུ་རྟ་ལོར་རྒྱལ་དབང་ལྔ་བ་ཆེན་པོས་དགའ་ལྡན་ཕོ་བྲང་དུ་སྲིད་དབང་བཙུགས་པས་བོད་ས་གནས་སྲིད་གཞུང་ལའང་མིང་དེ་བཏགས་སོ། །

5.པཎ་ཆེན་བློ་བཟང་ཆོས་རྒྱན། ཐམས་ཅད་མཁྱེན་པ་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་ལོ་རྒྱུས་ངོ་སྤྲོད་ལ་གཟིགས་པར་གྱིས།

6.ཁྲི་དཀོན་མཆོག་ཆོས་འཕེལ། རབ་བྱུང་བཅུ་བའི་ཆུ་བྱ(སྤྱི་ལོ1573)ལོར་འཁྲུངས། ཆུ་སྦྲུལ་ལ་རྩེ་ཐང་དུ་གྲྭ་སྐོར་མཛད། ཤིང་རྟ་ལ་ར་སྟོད་དུ་སྟག་ལུང་གྲགས་པ་བློ་གྲོས་རྒྱ་མཚོར་གཏུགས། མེ་སྤྲེལ་ལ་དཔལ་འབྱོར་རྒྱ་མཚོ་ལས་བསྙེན་པར་རྫོགས། ལྕགས་བྱིར་ཁམས་སུ་བྱོན། ཆུ་སྟག་ལ་ར་པ་སྟོད་ཀྱི་འཆད་ཉན་པར་ཕེབས། ཆུ་བྱི་ལོར་རྒྱུད་སྟོད་ཀྱི་ཁྲིར་ཕེབས། ཤིང་ཡོས་ལ་རིན་ཆེན་གླིང་གི་ཁྲི་ཕེབས། མེ་སྟག(སྤྱི་ལོ1626)ལོར་དགའ་ལྡན་གྱི་ཁྲིར་ཕེབས། རབ་བྱུང་བཅུ་གཅིག་པའི་མེ་ཡོས(སྤྱི་ལོ1627)ལོར་རྒྱལ་དབང་ལྔ་བའི་དབུ་བླ་དང་སྨོན་ལམ་གྱི་ཚོགས་དབུ་མཛད། མེ་ཁྱི(སྤྱི་ལོ1646)ལོར་ཞི་བར་གཤེགས། 

7.དཔལ་རྒྱན་དྲུག་མཆོག་གཉིས། འཇིགས་མེད་གླིང་པས་མཛད་པའི《བསྟོད་པ་སྙན་ཚིག་དཔྱིད་ཀྱི་རྒྱལ་མོའི་རྒྱང་གླུ》ཞེས་པའི་མཆན་རྟགས་ཨང38པར་གཟིགས། 

8.དཔལ་འབྱོར་ལྷུན་འགྲུབ། རབ་བྱུང་དགུ་བའི་ཆུ་གླང(སྤྱི་ལོ1553)ལོར་འཁྲུངས། རབ་བྱུང་བཅུ་བའི་ལྕགས་རྟ་ལ་རྒྱལ་བ་བསོད་ནམས་རྒྱ་མཚོར་མཇལ། མེ་གླང་ལོ་དེའི་དྲུང་དུ་རབ་ཏུ་བྱུང་། ལྕགས་གླང་ལ་ཉི་མ་ཐང་གི་འཆད་ཉན་པར་ཕེབས། ཤིང་སྦྲུལ་ལོར་སེར་བྱེས་ཀྱི་འཆད་ཉན་པར་ཕེབས། ས་ལུག་ལ་ཕ་བོང་ཁར་བཞུགས། རབ་བྱུང་བཅུ་གཅིག་པའི་མེ་གླང(སྤྱི་ལོ1673)ལོར་ཞི་བར་གཤེགས། 

9.གུ་ཤྲཱི་དཔོན། གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ་ཏེ། སྔར་ཨ་མདོ་སོག་རིགས་ཚོ་བ་ཧོ་ཤོད་ཀྱི་འགོ་དཔོན་ཞིག་ཡིན་པ་འདི་ཉིད་རབ་བྱུང་བཅུ་གཅིག་པའི་ལྕགས་འབྲུག(སྤྱི་ལོ1640)ལོར་དཔུང་ཚོགས་དང་བཅས་པ་བོད་དུ་འབྱོར། ཆུ་རྟར་པཎ་ཆེན་བློ་བཟང་ཆོས་རྒྱན་དང་རྒྱལ་བ་ངག་དབང་བློ་བཟང་རྒྱ་མཚོ་རྣམ་གཉིས་དང་ལྷན་ཅིག་ཏུ་ད་ལྟའི་གྲོང་ཁྱེར་ཧྲིན་དབྱང་ཞེས་པར་མན་ཇུའི་རྒྱལ་པོ་ཚང་དང་འབྲེལ་ལམ་འདེབས་ཆེད་དུ་སྐུ་ཚབ་བཏང་། ཆུ་ལུག(སྤྱི་ལོ1643)ལོར་རྒྱལ་དབང་ལྔ་བར་བཀུར་བཟོས་ཀྱིས་ཆོས་སྲིད་གཉིས་ལྡན་དགའ་ལྡན་ཕོ་བྲང་གསར་དུ་བཙུགས་ཏེ་གོང་མའི་བཀའ་འབྲེལ་བོད་ཀྱི་རྒྱལ་པོ་མཛད། རབ་བྱུང་བཅུ་གཅིག་པའི་་ཤིང་རྟ(སྤྱི་ལོ1654)ལོར་ལྷ་སར་འདས།

10.ལོ་ཀེ་ཤྭ་ར། འཇིག་རྟེན་དབང་ཕྱུག་ཅེས་པ་སྤྱན་རས་གཟིགས་ཀྱི་མཚན།

11.རིམ་ལྔ་གསལ་སྒྲོན། 《དཔལ་གསང་བ་འདུས་པའི་མན་ངག་རིམ་ལྔ་གསལ་སྒྲོན》ཞེས་བྱ་བ་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའོ། །

12.རྗེ་མགོན་པོ་བསོད་ནམས་མཆོག་ལྡན། གནས་གསར་མགོན་པོ་བསོད་ནམས་མཆོག་ལྡན་ཏེ། རབ་བྱུང་བཅུ་བའི་ཆུ་ཡོས(སྤྱི་ལོ1603)ལོར་འཁྲུངས། རབ་བྱུང་བཅུ་གཅིག་པའི་ས་ཕག(སྤྱི་ལོ1659)ལོར་གཤེགས། 

13.འཇམ་དབྱངས་དབང་རྒྱལ་རྡོ་རྗེ། སྨོན་འགྲོ་པཎྜི་ཏ་ཚེ་དབང་དོན་གྲུབ་དང་འཇམ་དབྱངས་དབང་རྒྱལ་རྡོ་རྗེ་ཡབ་སྲས་ལས་རྗེ་རྒྱལ་དབང་ལྔ་བས་ཐུན་མོང་གི་རིག་གནས་སྐོར་གསན་པ་མཛད་ཀྱང་། རྗེ་དེའི་རྣམ་ཐར་མ་མཐོང་བས་གསལ་ཆ་ཞིག་བརྗོད་དུ་མ་བྱུང་ངོ་། ། 

14.སྒྲ་ཀ་ཙན། སྒྲ་མདོ་ཀ་ལཱ་བ་དང་ཙནྡྲ་པ་གཉིས།

15.གོང་གནམ་སའི་དབང་ཕྱུག་ཤུན་ཙི། རྒྱ་ནག་གི་ཆིང་རྒྱལ་རབས་ཀྱི་གོང་མ་དང་པོ(མན་ཇུ་རྒྱལ་རབས་ཀྱི་གོང་མ་གསུམ་པ)ཨེ་ཞིན་ཅོ་ཀློ་ཧྥུ་ལིན་ཏེ། དེའི་སྲིད་ལོ་ཤུན་ཙི(顺治)ཡིན་ལ། རབ་བྱུང་བཅུ་གཅིག་པའི་ཤིང་སྤྲེལ(སྤྱི་ལོ1644)ནས་ལྕགས་གླང(སྤྱི་ལོ1661)ལོའི་བར་རྒྱལ་སྲིད་ལོ་བཅོ་བརྒྱད་རིང་བསྐྱངས། 

16.ཆུ་ཁྱི། རབ་བྱུང་བཅུ་གཅིག་པའི་ཆུ་ཁྱི་སྟེ་སྤྱི་ལོ1682ལོ།

17.སངས་རྒྱས་རྒྱ་མཚོ། སྡེ་སྲིད་སངས་རྒྱས་རྒྱ་མཚོ་སྟེ། རབ་བྱུང་བཅུ་གཅིག་པའི་ཆུ་སྦྲུལ(སྤྱི་ལོ1653)ལོར་ལྷ་ལྡན་བྱང་ཕྱོགས་ཉང་བྲན་གྲོང་སྨད་གཞིས་ཀར་ཡབ་ཨ་སུག་དང་ཡུམ་བུ་ཁྲིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བཞི་ལྔའི་ཐོག་ནས་ཡི་གེ་འབྲི་ཀློག་དང་སུམ་རྟགས་སོགས་ལ་སྦྱངས། དགུང་ལོ་བརྒྱད་ཀྱི་ཐོག་རྒྱལ་དབང་ལྔ་བའི་སྐུ་མདུན་དུ་བཅར་ནས་མདོ་སྔགས་སོགས་སྤྱི་དང་བྱེ་བྲག་གི་གཞུང་དོན་མང་པོ་གསན། འདར་བ་ལོ་ཙཱ་ལས་སྐར་རྩིས་དང་། སྒྲ་རིག་པ། ལུ་འགོ་བླ་མཁྱེན་ངག་གི་དབང་པོ་ལས་དབྱངས་འཆར། བྱང་བ་ལྷུན་སྡིངས་རྣམ་རྒྱལ་རྡོ་རྗེ་ལས་བྱང་ཁོག་ཡུལ་ཐིག་དང་། རྩ་རྒྱུད་སྡོང་འགྲེམས། གསང་སྨན་ཚིག་བརྒྱུད་སྐོར་གྱི་མན་ངག་བཅས་གསོ་བ་རིག་པ་སྦྱངས་པ་སོགས་མདོར་ན་མཁས་གྲུབ་གཉིས་ལྡན་གྱི་ཡོངས་འཛིན་དུ་མ་བསྟེན་ནས་ཐུན་དང་ཐུན་མིན་གྱི་རིག་གནས་ཀུན་ལ་དཔྱིས་ཕྱིན་པར་མཛད། རྒྱལ་དབང་ལྔ་བས་ཆོས་སྲིད་གཉིས་ཀའི་རྒྱལ་ཚབ་ཀྱི་ལས་ཀ་སྩལ་བས་ལོ་ཉི་ཤུ་རྩ་དྲུག་གི་རིང་སྡེ་སྲིད་བཟུང་ནས་སྲིད་བསྐྱངས། རྩེ་ཕོ་བྲང་དམར་པོ་ཉམས་གསོ་དང་རྒྱ་སྐྱེད་གནང་། རྒྱལ་དབང་ལྔ་བའི་གསེར་གདུང་འཛམ་གླིང་རྒྱན་གཅིག་བཞེངས། གསོ་བ་རིག་པའི་དཔལ་ལྡན་རྒྱུད་བཞི་ལ་ཞུས་དག་མཛད་དེ་པར་དུ་བསྐྲུན་པ་སོགས་མཛད་རྗེས་ཤིན་ཏུ་ཆེ། རྩིས་དང་གསོ་རིག་གིས་གཙོས་པའི་བརྩམས་ཆོས་ཧ་ཅང་མང་། རབ་བྱུང་བཅུ་གཉིས་པའི་ཤིང་བྱང(སྤྱི་ལོ1705)ལོར་སོག་པོ་ལྷ་བཟང་ཧྭན་གྱིས་བཀྲོངས། 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-08-23

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།