ཏ་ཡུས།

རུས་ལ་སི་ཞེས་འབོད་ཅིང་། ལོ་ངོ་བཞི་སྟོང་ལྷག་གི་གོང་རོལ་ཏུ་འཁྲུངས། ཁོང་ནི་སྐྱེས་བུ་འཇོན་ནུས་ཅན་ཞིག་སྟེ། ཆུ་བཏུལ་བའི་བྱས་རྗེས་ཀྱིས་ས་ཞིང་མང་བོ་སྐྱེས་སུ་བསྩལ། གནས་ཡུལ་ཤ་ཞེས་པས་ཁོང་ལ་ཤ་ཡུས་སམ་ཡང་ན་ཏ་ཡུས་ཞེས་ཀྱང་ཐོགས།
སྐབས་དེར། རྨ་ཆུ་ལོ་རེ་བཞིན་དུ་བྲུག་སྟེ་འགྲམ་ངོགས་ཀྱི་མང་ཚོགས་སྡུག་ལ་གཏད། ཚོ་དཔོན་ཆེན་མོ་ཧྲོན་ལགས་ཀྱིས་མི་འཇོན་ཐང་ཅན་ཏ་ཡུས་མངགས་ཏེ་ཆུ་འདུལ་གྱི་ལས་འགན་ལྕི་མོ་བཅོལ། ཏ་ཡུས་ཁོང་གིས་སྔ་མའི་ཕམ་ཁ་དང་ཉམས་མྱོང་བླངས་ཐོག ཡུལ་དངོས་སུ་ཕེབས་ཏེ་རྟོག་དཔྱོད་ཞིབ་འཇུག་གནང་ཞིང་། ཆུ་ལོག་སོ་སོར་ཕྱེ་བའི་རགས་བརྩིགས་ཏེ་རྒྱ་མཚོར་འདྲེན་པ་དང་། ཆུ་ལོག་གི་འཇིགས་པ་སེལ་བའི་ཐབས་བཀོད་མཛད། ཁོང་གིས་ལག་རོགས་ཁྲིད་ཅིང་རྩི་ཞྭ་བཀླུབས། ལྕགས་ཁེམ་ཐོགས་ཏེ་ཡུལ་གྲུ་མ་ལུས་ཞབས་ཀྱིས་བཅགས། ལོ་ངོ13རིང་གི་དཀའ་སྤྱད་སྡུག་རུས་བརྒྱུད་མཐར་ཏ་ཡུས་ཀྱིས་ཆུ་ལོག་རྒྱ་མཚོར་དྲངས་ཤིང་། སྔར་མལ་དུ་ལོ་ཏོག་འདེབས་ཐུབ་པ་བྱུང་།
ལས་འགོ་བརྩམས་པའི་དུས་སྐབས་སུ། ཁོང་ཉིད་གཉེན་སྒྲིག་བྱས་མ་ཐག་ཡིན་ལ། ལས་འགྱང་མི་ཡོང་བའི་ཆེད། རང་ཉིད་ཀྱི་སྒོ་ཁྱིམ་ཐེངས་འགའ་བརྒྱུད་ཅིང་ནང་དུ་མ་ཕེབས། ཐེངས་ཤིག་ལ། ཏ་ཡུས་རང་ཚང་གི་སྒོ་ཁ་ནས་འགྲོ་དུས་ཆུང་མའི་བྱིས་པ་བཙའ་བ་དང་ཁེལ་ཞིང་། སྒོ་ཕྱི་ནས་ནང་དུ་བླགས་པ་ན། བྱིས་པའི་ངུ་སྐད་ཐོས་པར་གྱུར་ཏེ། ད་ནི་མ་སྨད་ཟུང་བདེ་ཐང་རེད་འདོད་དེ་བློ་ཡིད་ཚིམས་པའི་ངང་སྔར་བཞིན་ལས་ཐོག་ཏུ་བསྐྱོད།
ངག་རྒྱུན་ལྟར་ན། རྨ་ཆུའི་དཀྱིལ་རྒྱུད་དུ་ལོང་མིན་ཞེས་པའི་རི་ཆེན་ཞིག་མཆིས་ཤིང་། ཆུ་བོ་ཤར་དུ་འབབ་པ་འཕྲེད་ཀྱིས་བཅད་དེ། དུས་རྒྱུན་ཆུ་ལོག་འབྱུང་གིན་ཡོད། ཏ་ཡུས་གནས་དེར་འབྱོར་བ་ན། ས་དབྱིབས་ལ་ལེགས་པར་བརྟགས་རྗེས། ལག་རོགས་པ་རྗེས་སུ་ཁྲིད་ཅིང་རི་བོ་འབིགས་པའི་རྟིང་ཐག་བཅད། དེ་བས། ཁོང་གིས་སྟ་རེ་ཐོགས་ནས་རི་ཆེན་གཤགས་ཤིང་ཉག་ག་བཏོད་དེ། རྨ་ཆུ་ལི་མ་དལ་བ་མེད་པར་བཞུར་དུ་བཅུག་སྐད་དོ། །
ཚོ་དཔོན་ཆེན་མོ་ཧྲོན་རྒ་བའི་ཁུར་གྱིས་མནན་ཏེ། རང་ཉིད་ཀྱི་གོ་གནས་ཏ་ཡུས་ལ་སྤྲད་པ་རེད། ཏ་ཡུས་ཀྱིས་ཆུ་ཆེན་བཏུལ་བའི་གཏམ་རྒྱུད་ཀྱིས་ང་ཚོར་ར་སྤྲད་པ་ནི། གདོད་མའི་དུས་སྐབས་ནས་བཟུང་། མི་རྣམས་ཀྱིས་ཆུ་གཤིས་རྒྱུས་ལོན་བྱས་པ་དང་། ཆུ་ལོག་འབྱུང་བའི་ཆོས་ཉིད་རྟོགས་པར་མ་ཟད། གདོད་མའི་ལག་ཆར་བརྟེན་ནས་དེ་ཉིད་ལས་རྒྱལ་བར་བྱས་པ་དེའོ། །
བརྡ་འགྲེལ་གདོང་འཛར།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:1 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2018-07-10
གསར་སྤེལ་མཁན། :.ཉི་མ་འཚོ།