བྱ་འགུལ་འབྲི་བཞེངས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མི་སྣས་སྤྱོད་ལམ་དང་བྱ་འགུལ་དངོས་བྱེད་པའི་ཐབས་ཤེས་ལ་བཤད་པ་ཡིན། མི་སྣའི་སྤྱོད་ལམ་དང་བྱ་འགུལ་ནི། དེའི་བསམ་པའི་སྣང་བ་དང་རང་བཞིན་བཅས་ཀྱི་ཚོད་འཛིན་དང་ཁ་ལོ་སྒྱུར་ངེས་ཡིན་ལ། སྤྱོད་ལམ་དང་བྱ་འགུལ་གྱི་ཁྲོད་དུ་དེའི་བསམ་པ། སྣང་བ། རང་བཞིན་བཅས་ཕུན་སུམ་ཚོགས་པའི་ངང་ཐད་ཀར་དུ་མཚོན་པ་ཡིན་པས། བྱ་འགུལ་འབྲི་བཞེངས་བྱེད་པ་ནི་མི་སྣ་འབྲི་བཞེངས་བྱེད་པའི་ཐབས་ལམ་འགངས་ཆེན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
རྩོམ་རིག
རིགས་དབྱེ།
བྱ་འགུལ་འབྲི་བཞེངས།
1 གོ་དོན།

མི་སྣས་སྤྱོད་ལམ་དང་བྱ་འགུལ་དངོས་བྱེད་པའི་ཐབས་ཤེས་ལ་བཤད་པ་ཡིན། མི་སྣའི་སྤྱོད་ལམ་དང་བྱ་འགུལ་ནི། དེའི་བསམ་པའི་སྣང་བ་དང་རང་བཞིན་བཅས་ཀྱི་ཚོད་འཛིན་དང་ཁ་ལོ་སྒྱུར་ངེས་ཡིན་ལ། སྤྱོད་ལམ་དང་བྱ་འགུལ་གྱི་ཁྲོད་དུ་དེའི་བསམ་པ། སྣང་བ། རང་བཞིན་བཅས་ཕུན་སུམ་ཚོགས་པའི་ངང་ཐད་ཀར་དུ་མཚོན་པ་ཡིན་པས། བྱ་འགུལ་འབྲི་བཞེངས་བྱེད་པ་ནི་མི་སྣ་འབྲི་བཞེངས་བྱེད་པའི་ཐབས་ལམ་འགངས་ཆེན་ཞིག་ཡིན།

2 ཁོར་ཡུག

དཀའ་ཞིང་སྡུག་པའི་ཁོར་ཡུག་གི་ནང་ནས་མི་སྣའི་བྱ་འགུལ་འབྲི་བཞེངས་བྱས་ཏེ། དེའི་བསམ་པའི་ཉམས་མངོན་པར་མཚོན་དགོས། 《དར་མའི་དུས་ལ་ཟིན་པའི་མི》ཞེས་པ་དེའི་ནང་ནས་མི་སྣ་གཙོ་བོ་ལུའུ་ཝུན་ཐིན་འབྲི་བཞེངས་བྱེད་ཐབས་ནི་བྱ་འགུལ་ཞིབ་འབྲི་བྱེད་པའི་ཐབས་ཤེས་དེ་རེད། བྱ་འགུལ་འབྲི་བཞེངས་བྱེད་པའི་ཐབས་ལམ་འདི་ལ་ཧ་ལས་དགོས་པའི་རླབས་ཆེན་གྱི་སྒྱུ་རྩལ་ཕན་ཡོན་དེ་འདྲ་མེད་ཀྱང་རྡུལ་བཞིན་ཕྲ་ཞིང་ཞིབ་ལ་ཡིད་དབང་འཕྲོག་ཐུབ་པའི་ཆ་ནས་ཐུན་མོང་མ་ཡིན་པའི་ཡོན་ཏན་ཆེན་པོ་ཡོད་པ་རེད།

3 འཐབ་རྩོད།

འཐབ་རྩོད་ཀྱི་ཀློང་ནང་ནས་མི་སྣའི་བྱ་འགུལ་འབྲི་བཞེངས་བྱས་ཏེ་མི་སྣའི་བསམ་པའི་རང་བཞིན་མཚོན་དགོས། 《ཆུ་ངོགས་གཏམ་རྒྱུད》ནང་གི《ཝུའུ་སུང་གིས་ཅིན་དབྱང་སྒང་དུ་སྟག་མོ་བསད》ཅེས་པའི་ནང་དུ་ཝུའུ་སུང་གིས་སྟག་བསད་པའི་བྱ་འགུལ་དེ་ཚིག་ཉམས་ལྡན་ཞིང་ཧ་ལས་རུང་བའི་ཚུལ་དུ་ཞིབ་འབྲི་བྱས་ཏེ། ཁོའི་དཔལ་སྟོབས་གཟི་རྔམ་བློ་གྲོས་ལྡན་པ་བཅས་ཀྱི་རང་བཞིན་དེ་མངོན་པར་མཚོན་ཞིང་ཁོ་དྲག་ཤུལ་དང་བཙན་པོ་ལ་མི་སྐྲག་པ་དང་མི་དམངས་ཀྱི་དོན་ལ་གནོད་པ་ཚར་གཅོད་ཕོད་པའི་དཔའ་བོའི་རང་མདངས་དེ་མ་མཉམ་པར་མཚོན་ལ་ཁོ་ནི་ཞིང་བའི་དཔའ་བོ་ཡིན་པའི་རྔམ་བརྗིད་དང་དཔའ་སྟོབས་རྒྱས་པའི་རྣམ་སྟངས་དེ་འཕྲལ་མ་ཉིད་དུ་ཀློག་པ་པོའི་མདུན་དུ་གསལ་ཐུབ་པ་བྱུང་སྟེ། ཀློག་པ་པོ་རྣམས་ལ་ངོ་མཚར་ཞིང་ཡིད་རངས་པའི་བརྩེ་དུངས་སྐྱེད་ངེས་རེད།

4 འཚོ་བ།

རྒྱུན་ཆགས་འཚོ་བའི་ཁྲོད་དུ་མི་སྣའི་བྱ་འགུལ་འབྲི་བཞེངས་དང་མི་སྣའི་བསམ་པ་གསལ་བར་མཚོན་དགོས། 《རུའུ་ལུགས་ཤེས་ལྡན་པའི་རྣམ་ཐར》ནང་གི་ཡན་ཅན་དྲིན་ན་ཚས་ཚེ་སྲོག་འཕྲོག་པའི་སྐབས་ཀྱི་ཉམས་སྟངས་འབྲི་བཞེངས་བྱས་ཡོད་པ་དེ་ནི་བྱ་འགུལ་ཞིབ་འབྲི་བྱེད་ཐབས་དེ་ཤིན་ཏུ་འཚམ་ཞིང་འོས་པའི་སྒོ་ནས་བེད་སྤྱོད་པས་དཔེ་རུ་བཞག་ཆོག ཡན་ཅན་དྲིན་གྱིས་དབུགས་ཆད་ལ་ཉེ་བའི་སྐབས་སུ“ལག་པ་ཉལ་ཐུལ་ནང་ནས་ཕྱིར་བླངས་ཏེ་མཛུབ་མོ་གཉིས་ཀེར་རེར་བརྐྱངས”པ་ན་ཁོའི་གམ་དུ་བཞུགས་ནས་ཞི་བའི་དབྱིངས་སུ་སྐྱེལ་མ་ཞུ་མཁན་ཉེ་མི་འགས་དེའི་བརྡ་མཚོན་རང་བློས་དཔོག་ཚད་ཞུས་ཀྱང་ཁོས་རེ་རེར་མགོ་བོ་གཡུག་སྟེ་བཀག གང་ལྟར་ཁོའི་ལྕམ་ཀྲའོ་ལགས་ཀྱིས་དེའི་བརྡ་དོན་ཤེས་ཏེ“ཁྱོད་ཀྱིས་དཀར་མེ་ནང་དུ་སྡོང་བུ་གཉིས་བཞག་ན་སྣུམ་གྲོན་ཆེ་བར་དོགས་པ་ཡིན་ལས་ཆེ། ཞེས་དེའི་ནང་གི་སྡོང་བུ་གཅིག་བླངས་པ་ན། ཚང་མས་ལྟ་དུས་ཡན་ཅན་དྲིན་གྱིས་མགོ་བོ་གུག་ཙམ་བྱས་འཕྲལ་ལག་པ་མར་དཔྱངས་ནས་དབུགས་ཆད་སོང་བ་རེད།”ཅེས་པ་སྟེ་བྱ་འགུལ་ཆེས་ཕལ་བ་དེ་འབྲི་བཞེངས་བྱས་པ་དེས་སྲོག་འདོར་ཡང་རྒྱུ་ནོར་འདོར་མི་ཕོད་པའི་སེར་སྣ་ཅན་གྱི་བསམ་པ་དང་ཡི་དྭགས་ལྟ་བུའི་རང་བཞིན་དེ་ཇི་བཞིན་དུ་བྲིས་ཡོད་པ་རེད།

5 ཆེད་འབྲི།

ཆེད་འབྲི་ལྟ་བུའི་ཐབས་ལ་བརྟེན་ནས་མི་སྣའི་བྱ་འགུལ་འབྲི་བཞེངས་བྱས་ཏེ། མི་སྣའི་རང་བཞིན་ཇེ་དྲག་ཏུ་གཏོང་དགོས། གལ་སྲིད་གོང་སྨོས་ཀྱི་ཐབས་ལམ་དེ་དག་ནི་མི་སྣའི་བྱ་འགུལ་དེ་ཐད་ཀར་དུ་ཁོར་ཡུག་གནས་ཚུལ་ངེས་ཅན་ཞིག་ཏུ་བཞག་པའམ་ཡང་ན་ཁོར་ཡུག་གནས་ཚུལ་དངོས་དང་འདྲེས་འདྲེས་བྱས་ཏེ་བྲིས་པའི་དབང་དུ་བཏང་ན། འཆད་འགྱུར་གྱི་ཐབས་ལམ་འདི་ནི་མི་སྣའི་བྱ་འགུལ་ངེས་ཅན་ཞིག་དར་ཅིག་ལ་ཁོར་ཡུག་གནས་ཚུལ་དང་བལྟས་ཏེ་ཁ་བྲལ་གྱིས་འབྲི་བཞེངས་བྱས་ནས་མི་སྣའི་རང་བཞིན་གྱི་ཁྱད་ཆོས་གལ་ཆེ་བ་དེ་ཇེ་དྲག་ཏུ་གཏོང་བ་ཞིག་ཡིན་ནོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-08-15

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།