མཚོ་སྐོར་ལམ་ཡིག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མཚོ་སྐོར་ལམ་ཡིག
དེ་ཡང་ལ་མོའི་ཡོངས་འཛིན་རིན་པོ་ཆེའི་ཞལ་ནས། ཕྱོགས་བཅུའི་དགེ་མཚན་གཡང་དུ་འཁྱིལ་བ། བཻཌཱུར་སྔོན་པོ་ཞུན་མའི་དཔལ་འཛིན། ཀླུ་རྒྱལ་བྱང་ཆུབ་སེམས་དཔའི་རོལ་གནས། གཏེར་མཛོད་གཡུ་མཚོ་ཁྲི་ཤོར་རྒྱལ་མོ། མ་དང་མཁའ་འགྲོ་འདུ་བའི་གནས་ཆེན། མཚོ་སྙིང་རི་བོ་མ་ཧཱ་དེ་བ། ཞེས་གསུངས་པ་ལྟར་གནས་ཁྱད་པར་ཅན་ཡིན་པས་ལུག་གི་ལོ་ལ་གནས་སྐོར་དུ་སོང་ན་དགེ་བ་གང་བྱས་འགྱུར་ཆེ་ཞིང་།མཚོ་སྐོར་གཅིག་ལ་མ་ཎི་དུང་ཕྱུར་བཅུ་གསུམ་དང་། ལུག་གི་ལོ་མིན་ཡང་ནམ་རྒྱུན་སྐོར་བ་རེ་བྱས་ན་མ་ཎི་དུང་ཕྱུར་བརྒྱད་ཀྱི་ཕན་ཡོན་ཡོད་ཅེས་རྨ་ཆེན་གནས་ཡིག་ལས་གསུངས་སོ།།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
མཚོ་སྐོར་ལམ་ཡིག
ཁོངས་གཏོགས།
ལམ་ཡིག
1 མཚོ་ཆུང་ནོར་བུ།

མཚོ་ཆུང་ནོར་བུའི་མིང་གཞན་ལ་མཚོ་ཆུང་ཕྱུག་མོ་དང་། ཡང་ན་རིན་ཆེན་ནོར་གྱི་བང་མཛོད་མཚོ་ཆུང་ནོར་བུ་ཞེས་ཀྱང་འབོད། དེ་ནི་བྱེ་མ་རྔ་རྡུང་གི་འདབས་སུ་འཁྱིལ་ནས་ཡོད།མཚོ་ཆུང་ནོར་བུའི་བྱང་ཕྱོགས་སུ་ཨ་མྱེས་རྨ་ཆེན་གྱི་ཐུགས་སྲས་བློན་པོ་ཞལ་དཀར་དང་བཙན་མདུང་ཞེས་པ་དམར་ལ་ཤིན་ཏུ་འཛེམ་དགོས་པ་སོགས་ལྷ་གཉན་ཐུ་བོ་ཆེ་མང་ལ། མདའ་བཞི་ཡུལ་ཚོ་དང་དགོན་གོང་མ། ཀླུ་ཡི་ཆུ་འཁོལ་བཀྲ་ཤིས་རྣམ་རྒྱལ། སོགས་ཀྱང་ཕྱོགས་དེར་ཡོད། ཆུ་འཁོལ་འདིའི་མིང་ལ་ཚ་ལའི་ཆུ་འཁོལ་ཡང་ཟེར་མོད། རྗེས་སུ་ལ་མོའི་ཡོངས་འཛིན་རིན་པོ་ཆེས་ཀླུ་ཡི་ཆུ་འཁོལ་བཀྲ་ཤིས་རྣམ་རྒྱལ་ཞེས་གསོལ་ཞིང་། ཡན་ལག་ན་བ་སོགས་ལ་མཆོག་ཏུ་ཕན་པར་གྲགས། དེར་ད་དུང་པད་དཀར་ཆོས་ཀྱི་ལྡིང་ཁང་ཞེས་པའི་འཁོར་ཁང་ཆུང་ཆུང་ཞིག་ཡོད་པ་ཡང་ལ་མོའི་ཡོངས་འཛིན་རིན་པོ་ཆེས་ཐུགས་བཀོད་ལྟར་བཞེངས་ཤིང་། རྒྱལ་དབང་བཅུ་གསུམ་པའི་ཕྱག་རྗེས་ཀྱང་བྲག་གི་རྩེ་ན་ཡོད་པས། ཁོང་གིས་དེར་ཐུགས་རྗེ་ཆེན་པོའི་དབང་གནང་སྟེ་ནམ་ཞིག་འདི་ཐུགས་རྗེ་ཆེན་པོའི་གནས་སྒོར་ངོས་འཛིན་ཆོག་གསུངས།         དེ་དང་མི་རིང་བའི་སར་འབྲུག་མོའི་སླ་ང་ཟེར་བ་ནང་དུ་ཆུ་འཁོལ་ལྷོག་ལྷོག་གདུ་བ་སོགས་ཡོད་ལ། དེ་དང་མཚོ་ཆུང་ནོར་བུ་གཉིས་འདྲེས་ཡོད་པའི་གཏམ་རྒྱུད་སྣང་། དེ་ཡང་སྔར་ཁྱིམ་ཚང་ཞིག་གི་འབྲི་མ་བུ་གཉིས་འབྲུག་མོའི་སླ་ངའི་ནང་དུ་ལྷུང་བ་ནམ་ཞིག་གི་ཚེ་མཚོ་ཆུང་ནོར་བུ་ནས་དེའི་རུས་པ་ཆ་ཚང་རྙེད་སོང་ཞེས་ཡུལ་མི་ཀུན་གྱིས་གླེང་། བདེན་ན་སྤྱི་ལེ་བཅུ་ཕྲག་ཁ་ཤས་ཀྱི་སའི་ཞབས་རྣམས་ཕན་ཚུན་བརྟོལ་ནས་ཡོད་པར་སྣང་།མཚོ་ཆུང་ནོར་བུ་ནི་བྱེ་མའི་གཞུང་དུ་ཡོད་པས་མཚོ་ཆུ་ཤིན་ཏུ་དྭངས་པ་ཆུ་ནང་གི་ཉ་སོགས་གསལ་བོར་མཐོང་ཐུབ་ལ། ཆུ་ནང་གི་རྡོ་སྣ་ཚོགས་ཀྱང་བརྩི་ཐུབ་པ་ལྟ་བུར་གསལ་བོར་མཐོང་།མཚོ་ཆུང་འདི་ནི་རིན་པོ་ཆེ་མང་བོ་འབྱུང་སའི་གནས་ཤིག་ཡིན་པས་འདིའི་ནང་དུ་གཏེར་སོགས་བཞག་ན་འབྱོར་བ་རྒྱས་པའི་བཤད་སྒྲོས་ཡོད་དོ།།

2 ཀླུའི་གནས་སྒོ།

འདི་ལ་པཎ་ཆེན་གནས་སྒོ་ཡང་ཟེར། འདི་ནི་མཚོ་སྔོན་ཁྲི་གཤོག་རྒྱལ་མོའི་མཚོ་མགོའི་ཕྱོགས་རྒྱ་ཡེ་ཞེས་པའི་ཁོངས་སུ་གཏོགས་ལ། དེར་རབ་བྱུང་བཅུ་གསུམ་པའི་ས་ཕག་སྟེ་སྤྱི་ལོ1779ལོར་པཎ་ཆེན་སྐུ་ཕྲེང་དྲུག་པ་བློ་བཟང་དཔལ་ལྡན་ཡེ་ཤེས་མཆོག་པེ་ཅིན་དུ་ཕེབས་ཁར་གནས་འདིར་ཞབས་སོར་བཀོད་ཅིང་། རྗེས་སུ་རབ་བྱུང་བཅུ་དྲུག་པའི་མེ་གླང་སྟེ་སྤྱི་ལོ1937ལོར་པཎ་ཆེན་དགུ་བ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་ཀྱང་རྒྱ་ལ་བྱོན་སྐབས་མཚོ་ཁ་འདིར་ཕེབས། དེ་ནས་ཀུན་གཟིགས་བཅུ་བ་ཆེན་མོ་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་མཆོག་ཀྱང་སྤྱི་ལོ1986ལོར་མདོ་སྨད་ཡུལ་གྱི་བླ་སྤྲུལ་ཉི་ཤུ་ལྷག་གི་ཕེབས་སྐྱེལ་འོག་ད་ལྟའི་གནས་འདིར་ཕེབས་ཏེ་བསང་བཏང་ཞིང་། མཚོ་གཏེར་གནང་བས་དེ་ནས་བཟུང་ཐམས་ཅད་ཀྱིས་འདི་ལ་པཎ་ཆེན་གནས་སྒོ་ཞེས་འབོད་པ་བྱུང་།        གནས་འདིར་ད་དུང་ཞྭ་དམར་བ་སྐུ་ཕྲེང་དྲུག་པས་བཞེངས་པའི་བྱང་ཆུབ་མཆོད་རྟེན་དང་ཁོང་གི་སྐུ་གདུང་མཆོད་རྟེན་ཡང་ཡོད་ལ། དེ་དང་མི་རིང་བ་ན་རྒྱ་ཡེ་དགོན་པ་སྤྱི་ལོ1984ལོར་གུང་རི་མཁའ་འགྲོ་མས་པཎ་ཆེན་རིན་པོ་ཆེའི་དགོངས་པ་ལྟར་བཏབ་པར་གྲགས།ཡོད་ལ། དེར་ཡང་མི་ལོ་བཅོ་བརྒྱད་ཀྱི་རིང་ལ་འཁོར་མཚམས་བཞག་མ་མྱོང་བའི་འཁོར་ལོ་དང་བྱམས་ཆེན་སོགས་རྟེན་གསུམ་མང་།         ཀུན་གཟིགས་རིམ་བྱོན་ཕེབས་ཤིང་། ཁྱད་པར་བཅུ་བ་མཆོག་གིས་བསང་བཏང་ཞིང་མཚོ་གཏེར་གནང་བའི་གནས་དེར་བསང་གཏོང་མཁན་དང་གཏེར་འཇོག་མཁན་ཡོད་མོད། དེ་ལས་གཞན་པའི་གནས་སྒོ་འདི་ཡིན་དེ་ཡིན་ཟེར་བ་སོགས་ཡུལ་སྐོར་བ་ལ་ཧེབ་སློང་བའི་གནས་ཚུལ་དེ་རིགས་ཡི་གེ་དག་ན་མི་གསལ་བས་འདིར་གང་མཐོང་མཐའ་དག་ལྷུག་པོར་ཞུས་པའོ།། 

3 བྱེ་གླིང་གི་གཏམ་རྒྱུད།

ད་སྐབས་བྱེ་གླིང་ཞེས་པ་ནི་མཚོ་བྱང་ཁུལ་གྱི་ཞབས་དྲུང་དཀར་བོའི་དགོན་པ་དང་བེ་རི་དགོན་པའི་འདབས་ཀྱི་ཡུལ་སྐོར་ས་ཚིགས་དེ་ཙམ་ལ་གོ་བ་ལེན་བཞིན་ཡོད་མོད། སྤྱིར་བཏང་བྱེ་གླིང་ནི་ཝ་འཇོག་སྡེ་བ་ནས་ཤར་གྱི་སྒར་ཐོག་ལུང་མདོའི་བར་གྱི་སྤྱི་ལེ་སུམ་ཅུ་ལྷག་གི་ས་ཆ་ཡོངས་ལ་གོ་དགོས། དེར་ཆེས་ངོ་མཚར་ཆེ་བ་ནི་བྱེ་མ་རྔ་རྡུང་ཡིན་ལ་དེ་སྐབས་གཞན་དུ་བཤད་ཡོད།        བྱེ་མ་རྔ་རྡུང་གི་ནུབ་ཏུ་དགྲ་ལྷའི་མཚོ་ནག་མ་ཞེས་པའི་མཚོ་ཆུང་ཞིག་ཡོད་ལ། མི་སེར་དག་གིས་དེ་ལས་ཀྱང་དུང་དང་རྩི་སོགས་ཀྱི་སྒྲ་ཐོས་ཐུབ་ཟེར། མཚོ་ཁ་རུ་བྱེ་ཤུག(མང་ཚོགས་ཀྱིས་ཤུག་པ་ས་ཉལ་ཟེར།)དང་འོམ་བུ་སོགས་མང་ལ། གནས་དེ་དག་ཏུའང་བྱུ་རུའི་རྭ་དང་གཡུ་སོགས་སྣ་ཚོགས་ད་ལྟའང་རྙེད་མོད། དེ་ཡང་གཉན་པོ་འབའ་ཞིག་ཡིན་པས་འཁྱེར་མི་ཐུབ། མང་ཚོགས་ཀྱིས་དེ་ནས་བྱུ་རུ་སོགས་བྱེ་འོག་ཏུ་བཅུག་ཅིང་ས་རྟགས་གསལ་བོར་བཞག་རྗེས་ཕྱི་ཉིན་དེར་བལྟ་རུ་སོང་ན་གར་སོང་རྗེས་མེད་དུ་གྱུར་འདུག་ཟེར།        མཚོ་ནག་གི་ལྷོ་ཕྱོགས་སྤྱི་ལེ་ཕྱེད་ཙམ་གྱི་དེའུ་འབུར་ཞིག་ཏུ་རྡེའུ་འབུམ་ཞིག་ཡོད་ལ། དེ་ཡང་སྔར་མདའ་བཞིའི་ཁྱིམ་ཚང་ཞིག་གིས་བླུགས་པས་འབྱོར་བ་ཤིན་ཏུ་རྒྱས་པ་བྱུང་། རྗེས་སུ་རིག་གསར་སྐབས་ཡོངས་སུ་ཉམས་མོད། ད་ལྟ་སླར་ཡང་སྡེ་གཞུང་གིས་སླར་གསོ་བྱས་ཡོད་ལ། དེར་རྡེའུ་དཀར་རིལ་ཟེར།        ཝ་འཇོག་ནས་མར་ཅུང་ཙམ་སོང་ན་བསོད་ནམས་ལྷུན་པོ་ཞེས་པའི་བྱེ་མའི་རི་ཞིག་ཡོད་ལ། དེའི་བྱང་ན་མཚོ་ལྗང་ཁྲ་ཟེར་བ་ཞིག་ཀྱང蓝花海ཡོད། དེ་ཡང་སྔར་མདའ་བཞིའི་ཁྱིམ་ཚང་ཞིག་གི་རྟ་འགའ་རྐུན་མས་འཁྱེར་བའི་ར་མདའ་ལ་འགྲོ་སྐབས་ལམ་ནས་མཚོ་སྐོར་བ་གསུམ་ལ་འཕྲད། དེ་ནི་གྲྭ་ཆས་གྱོན་པ་གཉིས་དང་། སློག་པའི་འགག་རིང་གྱོན་པའི་གྲུབ་ཆེན་ཡིན་ཟེར་བ་ས་དཔྱད་ལ་ཤིན་ཏུ་མཁས་པ་བཅས་གསུམ་ཡིན། དེ་ནས་རྟ་བདག་དང་ཁོ་ཚོས་གཏམ་བྱས་ཤིང་རྒྱུ་མཚན་བཤད་པར་གྲུབ་ཆེན་དེས་མཚོ་ལྗང་ཁྲའི་ཁ་ས་ནས་ས་ལ་བལྟས་ཏེ་དེར་སྒྲོལ་མའི་སྐུ་འབུམ་ཞིག་བཞེངས་ན་རྟ་རྐུན་རྙེད་ངེས་ཞེས་ལུང་བསྟན་གནང་། དེ་ནས་ཁྱིམ་ཚང་དེས་ཀྱང་དེ་ལྟར་སྐུ་འབུམ་བཞེངས་པ་ན། ཉིན་ཞིག་འབུམ་ཁང་གི་གོང་དེར་ཡང་སྒྲོལ་མའི་སྐུ་མང་བོ་ཞིག་བཞུགས་ཡོད་པ་མཐོང་། དེ་སུ་ཡིན་བརྩད་བཅད་པ་ན་རྐུན་མའི་སེམས་མ་བདེ་བར་དེ་གར་སྐུ་འབུམ་ཞིག་བཞག་པ་ཡིན་འདུག དེ་ལྟར་རྐུན་མ་ལྷང་ལ་བུད་པས་རྗེས་སུ་སྐུ་འབུམ་དེ་ཉམས་པར་གྱུར་པའང་ལ་མོའི་ཡོངས་འཛིན་རིན་པོ་ཆེར་ཞུས་པ་ན་སྔར་གྱི་དེ་གར་བསྐྱར་གསོ་གནང་ཐུབ་ན་ལེགས་པར་གསུངས་པས་ད་ལྟ་ཡང་དེར་སྐུ་འབུམ་བསྐྱར་བཞེངས་བྱས་ཡོད།        ད་དུང་གནས་དེར་མཚོ་ཏ་ལེན་གོང་ཞོལ་གཉིས། མཚོ་མེ་ལོང་། གཞན་ད་དུང་མིང་མེད་པའི་མཚོ་སོགས་མཚོ་ཆུང་དབྱིབས་འདྲ་མིན་སྣ་ཚོགས་ཅན་ཡང་ཡོད་པ་སོགས་མདོར་ན་བྱེ་གླིང་ནི་མཚོ་སྔོན་པོའི་འགྲམ་གྱི་ཆེས་ཁྱད་མཚར་བའི་གླིང་ཕྲན་ཞིག་ཡིན་ནོ།།ད་ལྟའི་བྱེ་གླིང་ལྗོངས་རྒྱུའི་ས་ཚིགས་དེར་སྔར་གྱི་ལུང་ཡུག་ཏའོ་ཡི་ཀྲུག་རེ་གཉིས་ཀྱི་རྣམ་པ་སོགས་བྱེ་མས་བཟོས་པ་ཡོད་ལ། གྲུ་བཏང་ནས་མཚོ་ལ་རྒྱུགས་པ་དང་། བྱེ་སྒང་ནས་ཤུད་པ། རྔ་མོང་ཞོན་པ་སོགས་རྣམ་གཡེང་བྱེད་ས་འགའ་རེ་ཡོད་ཀྱང་མཇལ་སྐོར་བྱེད་ས་འདི་ཡིན་ཟེར་བ་མེད་དོ།།

4 ཏཱ་ལའི་ཆུ་མིག

ཀུན་གྱིས་ཤེས་གསལ་ལྟར་མཚོ་སྔོན་པོ་ནི་ཚྭ་མཚོ་ཞིག་རེད། མི་རྣམས་ཀྱིས་རྟག་པར་ཟ་མའི་ནང་དུ་ཚྭ་བཏབ་ནས་ཟ་བཞིན་ཡོད་མོད། འོན་ཀྱང་ཚྭ་ལྡན་མཚོ་ཡི་ཆུ་འཐུང་མི་རུང་སྟེ། དེ་ནི་དུག་ཆུ་དང་འདྲ་བར་མིའི་ཚེ་སྲོག་འཕྲོག་འགྲོ། དེ་བས་གནའ་སྔ་མོའི་དུས་སུ་མཚོ་སྔོན་པོའི་མཚོ་རྔའི་འབྲོག་པ་མང་ཚོགས་ཀྱིས་འཐུང་ཆུའི་ཐད་ནས་དཀའ་ངལ་ཆེན་པོ་མྱངས།        ནམ་ཞིག་རྒྱལ་དབང་ལྔ་བ་མཆོག་ཏཱ་མིང་གོང་མས་གདན་འདྲེན་ཞུས་པ་ལྟར་ཁོང་སྤྱི་ལོ1652ལོར་རྒྱ་ནག་ཏུ་བྱོན། དེ་དུས་མཚོ་སྔོན་པོའི་འགྲམ་གྱི་བོད་སོག་དད་ལྡན་ཀུན་གྱིས་ཁོང་ལ་བསུ་བ་རྒྱ་ཆེན་པོ་ཞུས་ཤིང་། ད་ལྟའི་ཏཱ་ལའི་ཆུ་མིག་གི་ཐད་འདིར་ཕེབས་སྐབས་མི་ཟོག་ཚང་མར་འཐུང་ཆུའི་དཀའ་ངལ་ཆེ་བས་ཐུགས་རྗེས་གཟིགས་དགོས་པར་ཞུས་པ་ན་ཁོང་གིས་གནས་འདི་ནས་ཆུ་མིག་འདི་བཏོན་པ་རེད།        སྤྱིར་བཏང་ཆུ་མིག་འདི་ནི་འབྲོག་པ་མང་ཚོགས་ཀྱི་འཐུང་ཆུའི་དཀའ་ངལ་སེལ་བའི་ཆེད་དུ་བཏོན་པ་ལས་དམིགས་བསལ་སྨན་ཆུ་ལྟ་བུ་གང་ཡང་མིན་མོད། ད་ལྟ་མི་མང་བོས་ཆུ་དེ་འཐུང་ན་ལུས་ཀྱི་རྨ་སོགས་ནད་ལ་ཕན་པར་བཤད། དངོས་གནས་འཕགས་པ་ཐུགས་རྗེ་ཆེན་པོས་བཏོན་པའི་ཆུ་མིག་ཡིན་པར་མ་ཟད། ཁོང་གིས་མཐུ་དང་རྫུ་འཕྲུལ་ངོམ་པ་ལྟ་བུ་མ་ཡིན་པར་མི་ཟོག་སེམས་ཅན་མང་བོ་ཞིག་གི་དཀའ་ངལ་སེལ་ཕྱིར་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ་བཏོན་པའི་ཆུ་ཡིན་པས། ཉམ་ཐག་ལ་མི་ཕན་པ་ག་ལ་ཡོད། འོན་ཀྱང་སྔར་གྱི་གནས་བསྟོད་དང་གནས་ཡིག་སོགས་སུ་མི་གསལ་བས་འདིར་མཚམས་སྦྱོར་ཙམ་ཞུས་པ་ཡིན་ལ། ད་སྐབས་ཚོང་ལས་འབའ་ཞིག་གི་དོན་དུ་ཁྱབ་སྒྲོག་འདྲ་མིན་བྱེད་བཞིན་པ་དག་ནི་རྣ་བ་དགབ་དགོས་པའི་གཏམ་སྟེ། སྔར་གྱི་ཉམས་དགའ་བའི་འབྲོག་ཐང་དབེན་པ་དེ་ཡང་ད་ལྟ་མི་ཚོགས་འདུ་ལོང་ཆེ་བའི་ཚོང་ར་ཞིག་ཏུ་གྱུར་ཡོད་དོ།།

5 བྲག་མགོན་པོ་གདོང་།

མགོན་པོ་གདོང་ནི་མཚོ་སྔོན་པོའི་མཚོ་རྔ་ན་ཡོད་ལ། རྟ་ནག་མ་ནས་སྤྲེལ་ནག་ལ་འགྲོ་བའི་ལམ་དུ་ཡོད་ལ། ལྷ་མོ་དྲེལ་ནས་སྤྱི་ལེ་བཅུ་ཙམ་གྱིས་བསླེབས། འདི་ལ་སྔོན་ཆད་བོན་པོ་གདོང་ཟེར་ཞེས་བཤད་མཁན་ཡོད་མོད། སྔོན་གྱི་ཞབས་དཀར་བའི་རྣམ་ཐར་ན་མགོན་པོ་གདོང་ཞེས་བྲིས་ཡོད་ལ། ལ་མོའི་ཡོངས་འཛིན་ཚང་གི་བསང་ཡིག་ཅིག་ཏུའང་དེ་ལྟར་འབྱུང་། དེ་ནི་མགོན་པོ་ཕྱག་དྲུག་པའི་གནས་ཡིན་ཟེར་ལ།། 《ལ་མོའི་ཡོངས་འཛིན་གྱི་རྣམ་ཐར》རྗེ་བློ་བཟང་རྒྱ་མཚོས་མཛད་པ་དེར། ཁྲོ་བོ་དང་བསྐང་རྫས་འདྲ་བ་རང་བྱུང་དུ་ཡོད་པའི་མགོན་པོ་གདོང་གི་རི་བོ་ཞེས་བྲིས་འདུག དེར་གནས་ཆུ་ཞིག་ཡོད་པ་དེས་ཁྲུས་བྱས་ན་ནད་གདོན་སེལ་བར་བཤད་ལ། བྲག་ཕུག་དེར་སོང་ན་སྣེ་རྒྱ་གར་དུ་བརྟོལ་ཡོད་པའི་ངག་སྒྲོས་ཀྱང་ཡོད།གནས་དེར་མགོན་པོ་ཕྱག་དྲུག་པའི་སྐུ་བརྙན་རང་བྱོན་ཞིག་བཞུགས་ལ། མགོན་པོའི་གནས་ཡིན་པས་མིང་ལའང་མགོན་པོ་གདོང་དུ་ཐོགས་པར་གྲགས།ས་པཎ་ཀུན་དགའ་རྒྱལ་མཚན་དང་། མ་ཅིག་ལབ་སྒྲོན། ཤར་སྐལ་ལྡན་རྒྱ་མཚོ། པྲ་སྒོམ་ཆོས་ཀྱི་རྡོ་རྗེ། གྲུབ་ཆེན་གླང་དཀར་བ།(གླང་དཀར་བ་འདི་དེ་ནས་བཞུགས་པའི་ལོ་རྒྱུས་ཀྱང་ཡོད།)ཞབས་དཀར་ཚོགས་དྲུག་རང་གྲོལ་སོགས་སྐྱེས་ཆེན་དུ་མས་བྱིན་གྱིས་བརླབས་པའི་གནས་ཁྱད་པར་ཅན་ཡིན་པས་འདི་ལ་གནས་མཇལ་ཞུ་མཁན་དང་། གནས་འབྲེལ་འཇོག་མཁན་ཤིན་ཏུ་མང་ངོ་།།

6 བྱེ་མ་རྔ་རྡུང་།

མཚོ་སྔོན་པོའི་མཐའ་འཁོར་དུ་ངོ་མཚར་བའི་གནས་ཆེན་སྣ་ཚོགས་ཡོད་ལ། དེ་དག་ལས་ཀྱང་ཆེས་ཁྱད་མཚར་བ་ནི་བྱེ་མ་རྔ་རྡུང་རེད། འོན་ཀྱང་ཐག་རིང་ནས་མཚོ་སྐོར་ལ་ཡོང་བའི་དད་ལྡན་བོད་མི་མང་བོས་གནས་འདི་ཤེས་ཀྱིན་མེད་པས་འདིར་ཆེད་དུ་མཚམས་སྦྱོར་ཞུས་པ་ཡིན།        འདིའི་མིང་དངོས་ལ་བྱེ་མ་དགྲ་ལྷ་ཟེར་ཞིང་། དེར་གཞི་བདག་དགྲ་ལྷ་བསྟན་དར་ཞེས་པ་གནས་པས་མིང་ཡང་ད་ེལྟར་བཏགས་མོད། ད་ལྟ་བྱེ་མ་རྔ་རྡུང་ཞེས་འབོད།        བྱེ་མ་རྔ་རྡུང་ནི་ད་ལྟའི་མཚོ་བྱང་ཁུལ་གྱི་མདའ་བཞི་རྫོང་གི་མངའ་ཁོངས་སུ་གཏོགས་ལ། མཚོ་ལ་གཡས་སྐོར་དུ་སོང་ན་རྐང་ཚ་རྫོང་ནས་ཧ་ལམ་སྤྱི་ལེ་བར70ལྷག་ཤར་ཕྱོགས་སུ་བསྐྱོད་པའི་མཚམས་ཀྱི་མཚོ་ཆུང་ནོར་བུའི་ཁ་ན་ཡོད།ངག་རྒྱུན་དུ་གནའ་སྔ་མོའི་དུས་སུ་མཚོ་འདི་འཕྱུར་ཏེ་ཉེ་འགྲམ་གྱི་འབྲོག་སྡེ་མང་བོ་མཚོ་ལ་བསྣུབས་ཤིང་དགོན་སྡེ་ཡང་འགའ་རེ་མཚོ་ལ་ནུབ་པར་གྱུར་ཟེར། དེ་ནས་ལོ་མང་བོ་འགོར་རྗེས་མཚོ་འགྲམ་དུ་བྱེ་མའི་རི་སྒང་ཆེ་ཆུང་སྣ་ཚོགས་བྱུང་ཞིང་། དེ་ལས་ད་ལྟའི་བྱེ་མ་རྔ་རྡུང་འདི་ལ་མཚོན་ན་རྟག་པར་དུས་ཆེན་རེ་བཞིན་བྱེ་མའི་རི་ཡི་ཁོག་ནས་རྔ་རྡུང་བའི་སྒྲ་སྐྱེ་འགྲོ་ཡོངས་ཀྱིས་ཐོས་ཐུབ་ལ། ད་དུང་བྱེ་སྒང་དུ་ཉུལ་ན་སྐབས་ལན་རེར་རྐོང་བུ་སོགས་མཆོད་རྫས་འདྲ་མིན་རྙེད་ཐུབ། འོན་ཀྱང་དེ་དག་ཤིན་ཏུ་གཉན་པས་ཁྱིམ་དུ་འཁྱེར་མི་ཐུབ་ཟེར། ད་དུང་མདའ་བཞིའི་མང་ཚོགས་ཀྱིས་ས་དེ་གར་སྒྲ་གཟུགས་འདྲ་མིན་སྣ་ཚོགས་མཐོང་ཐོས་བྱུང་བ་ཀུན་ལ་གྲགས་ཤིང་། མི་ཞིག་གིས་ཕྱིང་བསྟན་སེར་བོ་ཞིག་རྙེད་པ་འཁྱེར་ནས་ཡོང་སྐབས་ཁྱི་ཕྲུག་ཁྲིད་པའི་བན་ཆུང་གིས་བདས་ཏེ་ངའི་ཕྱིང་བུ་སྐྱུར་ཅིག་ཅེས་སྐད་བརྒྱབས་པས་ཁོས་ཀྱང་ཕྱིང་བསྟན་ཕྱིར་བྱིན་རྗེས་དེ་གར་འགྲོ་ལ་བལྟས་ནས་བསྡད་རྩ་ན་བན་ཆུང་དེ་དང་ཁྱི་ཕྲུག་གཉིས་ཐག་རིང་བོར་སོང་རྗེས་དགའ་ལྷའི་རི་འདབས་ནས་རིམ་བཞིན་སྨུག་རྒྱུ་དང་འདྲེས་ཤིང་རེ་ཞིག་བར་སྣང་ལ་ཡར་འཕགས་ཏེ་མཐར་མི་སྣང་བར་གྱུར་སོང་ཟེར། གཏམ་རྒྱུད་འདི་མདའ་བཞི་བ་ཀུན་ལ་གྲགས་ཆེ།        ང་ཚོས་བྱེ་མའི་ནང་ནས་རིན་ཆེན་སྣ་ཚོགས་རྙེད་ན་དེ་དག་ས་དེར་བཞག་སྟེ་ས་རྟགས་གསལ་བོར་བརྒྱབས་རྗེས་ཕྱི་ཉིན་བལྟ་རུ་སོང་ན་རྗེས་མེད་དུ་གྱུར་འགྲོ་བ་སོགས་གནའ་རྫས་སྣ་ཚོགས་རྙེད་རྒྱུ་ཡོད་མོད། ཚན་རིག་གི་དཔྱད་ཆས་བཀོལ་ཏེ་བཙལ་ན་གནའ་རྫས་ཅི་ཡང་མི་རྙེད་ཟེར།        སེམས་ཅན་རྟ་ཟོག་སོགས་བྱེ་སྒང་དུ་སོང་བའི་རྗེས་སུ་སོང་ན་ས་ཆ་ཁྱད་པར་བ་རེ་མཐོང་རྒྱུ་ཡོད་མོད། ཕྱི་ཉིན་སོང་ན་ཡང་མི་རྙེད་ཟེར། གང་ལྟར་བྱེ་སྒང་དེར་སྔར་གྱི་དགོན་རྙིང་གི་ཤུལ་སྣ་ཚོགས་མཐོང་རྒྱུ་དང་ཐོས་རྒྱུ་ཡོད་འདུག  ད་དུང་དེ་ལས་ཀྱང་ཁྱད་མཚར་བ་ཞིག་ལ། བྱེ་མ་རྔ་རྡུང་ནས་ང་ཚོས་སྨུག་རྒྱུའི་གྲོང་ཁྱེར་མཐོང་ཐུབ། དེ་ཡང་སོས་དུས་ཀྱི་ཞོགས་པ་སྔ་མོར་སྨུག་རྒྱུ་བའི་ཚེ་ཁ་ཤར་ཕྱོགས་ལ་གཏད་ནས་བལྟས་ན་བྱེ་མ་རྔ་རྡུང་གི་སྟེང་དུ་ལྷ་ཁང་རྒྱ་ཕིབས་ཅན་རེ་ཧ་ཅང་གསལ་བོར་མཐོང་ཐུབ་ལ། དེ་ནི་ད་ལྟའང་ད་དུང་བལྟ་ཐུབ། གལ་ཏེ་ཁྱེད་རང་དྲི་ཟའི་གྲོང་ཁྱེར་དུ་ལྟད་མོར་འགྲོ་འདོད་ནའང་བྱེ་མ་རྔ་རྡུང་ལ་ལན་རེར་ཕེབས་ན་འགྲིག

7 མཚེའུ་དང་གླིང་ཕྲན་སྣ་ཚོགས།
7_1 མཚོ་ཆུང་རྣ་ལུང་།

མཚོ་ཆུང་རྣ་ལུང་ནི་བྱེ་མས་བསྐོར་བའི་དབུས་ན་ཡོད་ལ། མཚོ་འགྲམ་དུ་རྩི་ཤིང་མེ་ཏོག་སྣ་ཚོགས་རྣམ་པར་རྒྱས་ཡོད་ལ། ཚྭ་མེད་མཚེའུ་ཞིག་ཡིན། རྒྱང་ནས་བལྟས་ན་དངོས་གནས་ཨ་མ་ཁྲི་གཤོག་རྒྱལ་མོས་རྣ་ལུང་ཞིག་བཏགས་ཡོད་པའི་སྣང་བ་སྟེར།

7_2 འདྲེ་མོ་བྲག་དཀར།

འདྲེ་མོ་བྲག་དཀར་ནི་མཚོ་སྔོན་པོའི་ནང་གི་གླིང་ཕྲན་ཞིག་སྟེ། མཚོ་རྔའི་རྟ་ནག་མ་ནས་སྤྱི་ལེ་བཅོ་ལྔའི་མཚམས་ན་ཡོད། དེ་ནི་རྒྱང་ནས་བལྟས་ན་བྲག་རྡོ་གསུམ་བསྒྲིགས་པ་དང་འདྲ་ལ། ཉེ་སར་བཅར་ན་བྲག་རྡོ་ཆེན་པོ་བདུན་ཙམ་བསྒྲིགས་པའི་རྩེ་མོ་ངོས་སྙོམས་ཤིང་མཐོ་ཚད་རྨིད3211.2ལྷག་དང་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ0.06ཡོད། དེ་ཡང་བྱ་དང་ཉ་ཡི་གླིང་ཕྲན་ཞིག་ཡིན། དེ་ཡང་ངག་རྒྱུན་དུ་ཐོག་མར་མཚོ་འཕྱུར་སྐབས་སློབ་དཔོན་པདྨ་འབྱུང་གནས་ཀྱིས་རྒྱ་གར་གྱི་རི་མ་ཧཱ་དཱེ་ཝའི་མགོ་བླངས་ནས་ཆུ་སྒོ་བཅད་པ་ན་འདྲེ་མོ་བྲག་དཀར་གྱིས་ཐེམ་ཆེན་བྲག་དཀར་གྱི་རྩེ་འཕངས་ཏེ་སློབ་དཔོན་ལ་བར་ཆད་བྱས་མོད། སློབ་དཔོན་གྱིས་ཕུར་བུས་བརྒྱབས་ཏེ་བྲག་དཀར་དེ་ད་ལྟའི་གནས་འདིར་འཕངས་པ་རེད་ཟེར། དེ་ནས་བཟུང་གནས་འདིར་ལུས་སོང་བ་རེད།

7_3  མཚེར་བ་རི།

འདི་ལ་ད་སྐབས་བྱ་གླིང་ཟེར་ཞིང་། བྱ་རིགས་སྣ་ཚོགས་ཀྱི་བསྟི་གནས་ཤིག་ཡིན། ལོ་ལྟར་ཟླ་གསུམ་པ་དང་བཞི་བའི་ནང་ལ་རྒྱ་གར་དང་རྒྱ་ནག་སོགས་ཡུལ་ཐག་རིང་གི་དུས་སྡོད་བྱ་རིགས་མང་བོ་གནད་འདིར་འཛོམས་ཏེ་རྒྱུད་སྤེལ་ཅིང་། སྟོན་མཇུག་སླར་ཡང་རང་རང་གི་ཡུལ་དུ་ལོག་འགྲོ། དགུན་འདུག་བྱ་རིགས་ནི་ཆུ་བྱ་སྐྱར་མོ་སོགས་ཡོད་ལ། ཞི་པོ་ལེ་ཡའི西伯利亚ངང་ཆེན་རྣམས་ཀྱང་དཔྱིད་འགོའི་བར་དུ་བསྡད་རྗེས་རིམ་གྱིས་བྱང་ཕྱོགས་སུ་འཕུར་འགྲོ། མདོར་ན་རི་འདི་ནི་ཨ་མ་ཁྲི་གཤོག་རྒྱལ་མོའི་མཚེར་བ་ལྟ་བུ་ཡིན་པས་ན་མིང་ལའང་མཚེར་བ་རི་ཞེས་འབོད་དོ།།

8 གནས་སྒོ་གྲགས་ཅན་བཞི།
8_1 ​ནོར་གྱི་གནས་སྒོ།

ནོར་གྱི་གནས་སྒོ་ནི་མཚོ་ཡི་ལྷོ་ཕྱོགས་ཀྱི་རྨོག་རུ་སྡེ་བའི་སར་ཡོད་ལ། དེར་ནོར་ནག་གི་ངུར་སྒྲ་དངོས་སུ་ཐོས་ཐུབ་པའི་བཤད་ཚུལ་ཡོད། ནོར་ལྷ་འཁོར་ཞིང་འདུ་བའི་གནས་ཡིན་པས་དེར་གཏེར་སོགས་བཞག་ན་ནོར་གྱི་འཕེལ་ལྷ་དར་བའི་བཤད་རྒྱུན་ཡོད།ནོར་གྱི་གནས་སྒོ་ན་ཀླུའི་དཔའ་མཁར་དང་། ཞྭ་དམར་དྲུག་པས་བཞེངས་པའི་བྱང་ཆུབ་མཆོད་རྟེན་ཡོད་དོ།།

8_2 རྟ་ཡི་གནས་སྒོ།

རྟ་ཡི་གནས་སྒོ་ལ་ཡོངས་གྲགས་སུ་རྟ་ཕྱུག་ལབ་རྩེ་ཟེར་ཞིང་། མཚོའི་བྱང་ཕྱོགས་ཀྱི་རྐང་ཚ་རྫོང་གི་འདབས་ན་ཡོད། དེ་ནི་ཨ་ལགས་སྐལ་ལྡན་ཟེར་བ་ཞིག་གི་སྐུ་ཕྲེང་གསུམ་པས་དེར་ལབ་ཙེ་ཆེན་པོ་ཞིག་བསྟད་པས། ཁོང་གི་སྒར་བ་ལ་རྟ་རྒོད་མ་སྟོང་ལ་བུད་མྱོང་ཟེར། དེ་བས་མིང་ལའང་རྟ་ཕྱུག་ལབ་ཙེ་ཟེར་ཞིང་། ད་སྐབས་ཀྱང་རྟ་མགོ་མང་བོ་ཅན་གྱི་ལབ་ཙེ་ཁྱད་མཚར་བ་ཞིག་ཡོད་པས་གནས་སྐོར་བ་དག་གིས་རྐང་ཚ་རྫོང་ནས་མཚོ་ཁ་ལ་སོང་ན་མཐོང་ཐུབ།

8_3  ལུག་གི་གནས་སྒོ།

ལུག་གི་གནས་སྒོ་ནི་བྱེ་མ་ལ་བདུན་ཞེས་པའི་བྱེ་མའི་རི་ཆུང་གྲགས་ཅན་བདུན་གཤར་བའི་ཕར་སྣེ་ན་ཡོད་ལ། དེར་སྔོན་ཆད་གཟུགས་མེད་པའི་ལུག་གི་འབའ་སྒྲ་དངོས་སུ་ཐོས་ཐུབ་ཅེས་པའི་ངག་རྒྱུན་ཡོད། དེར་རྒྱལ་བ་བསོད་ནམས་རྒྱ་མཚོའི་སྐུ་རིང་ལ་བསྟད་པའི་སོག་པོའི་འུར་ལྡན་ལབ་ཙེ་ཡོད་ལ། ད་སྐབས་ལབ་ཙེའི་མིང་ལ་དགྲ་འདུལ་ཞེས་བསྒྱུར་བ་དེ་ཡོད་ཅིང་། འདི་ནི་ལུག་སྟོང་ལུག་ལ་འབུད་པའི་ལབ་ཙེ་ཡིན་ཟེར། འོན་ཀྱང་འདིའི་ཉེ་འགྲམ་ནས་ལབ་ཙེ་བསྟོད་མཁན་དག་ལ་ལུག་སྟོང་ལུག་ཡོད་མེད་འདྲི་ཡུལ་རེ་མ་རྙེད་པ་ནི་ཕངས་སོ།།

8_4 རྡོ་དཀར་གནས་སྒོ།

རྡོ་དཀར་གནས་སྒོ་ནི་མཚོའི་ལྷོ་ཕྱོགས་ཀྱི་གཡོན་རུ་སྡེ་བའི་ས་ན་ཡོད་ལ། འདི་ནི་སྔོན་གྱི་མཚོ་སྙིང་གི་རི་ཁྲོད་པ་ཡེ་ཤེས་བསྟན་དར་ཚང་གིས་བཞེངས་པའི་གནས་བརྟན་བཅུ་དྲུག་གི་ལྷ་ཁང་དང་དྲང་ཐད་ཡིན་ཟེར། དྲང་ཐད་ཡིན་པ་ཙམ་གྱིས་གནས་བརྟན་བཅུ་དྲུག་གི་གནས་སྒོ་རུ་འགྱུར་དོན་མེད་ཀྱང་། དེར་ངོས་འཛིན་མཁན་ཡང་ཡོད་བཟོ་འདུག སྔོན་ཆད་མཚོ་མགོའི་ཕྱོགས་ནས་དར་ལམ་བརྒྱུད་དེ་མཚོ་སྙིང་ལ་འགྲོ་ན་ངེས་པར་འདི་ནས་འགྲོ་དགོས་ཟེར། དེར་བསང་ཕུད་ས་དང་གཏེར་འབུལ་ས། དར་ཤིང་འཛུགས་ས་དང་། རླུང་རྟ་མཆོད་ས་སོགས་ཡོད་དོ།། 

9 མཚོ་སྙིང་མ་ཧཱ་དེ་བ།

མཚོ་སྔོན་པོའི་དཀྱིལ་ལམ་ལྟེ་བ་རུ་མཚོ་སྙིང་མ་ཧཱ་དེ་བ་ཡོད་ལ། དེ་ནི་སངས་རྒྱས་སྟོང་གི་གནས་རི་དང་། མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་སྙིང་ལྟ་བུ་ཡིན། རི་འདི་ནི་མཚོའི་ལྷོ་ཕྱོགས་ནས་སྤྱི་ལེ་སུམ་ཅུ་ཙམ་གྱི་མཚམས་སུ་ཡོད་ལ།མཚོ་ངོས་ལས་མཐོ་ཚད་སྨི3266ཡིན། ངག་རྒྱུན་དུ་མཚོ་འདི་འཕྱུར་ནས་ཉེ་འཁོར་གྱི་མི་སེར་ཁྲི་ཕྲག་ལྷག་ལ་གནོད་པ་བཟོས་པས་སློབ་དཔོན་པདྨ་འབྱུང་གནས་ཀྱི་ཐུགས་ཀྱིས་མ་བཟོད་པར་རྒྱ་གར་གྱི་རི་བོ་མ་ཧཱ་དེ་བའི་མགོ་བཅད་དེ་འཕངས་ནས་ཆུ་སྒོ་བཅད་པས་དེ་ནས་བཟུང་མཚོ་འཕྱུར་བའི་གནོད་པ་ཟློག་ཐུབ་སོང་ཟེར།        ལོ་རྒྱུས་སུ་མཚོ་སྙིང་ན་ཆུ་རྟའམ་ཀླུ་རྟ་ཡོད་པས་ཆེས་སྔ་མོའི་དུས་སུ་འ་ཞའི་རྒྱལ་ཁབ་ཀྱིས་དགུན་དུས་དར་ཐོག་ནས་རྒོད་མ་མང་བོ་མཚོ་སྙིང་དུ་དེད་ཅིང་འཚོ་སྐྱོང་བྱས་ན་སོས་ཀར་དེ་དག་མཚོ་རྟ་དང་བསྡེབས་ཤིང་། དེའི་རྒྱུད་པ་རྣམས་ནི་ཉིན་རེར་ལེ་དབར་སྟོང་ལ་བསྐྱོད་པའི་རྟ་མཆོག་ཅང་ཤེས་འབའ་ཞིག་ཡིན་ཟེར། རྗེས་སུ་རྒྱ་ནག་སེའུ་གུར་གྱི་གོང་མ་སེའུ་དབྱང་ཏི་ཡིས་ཀྱང་མཚོ་སྙིང་ནས་རྟ་འཚོས་པའི་ལོ་རྒྱུས་ཡོད་ལ། མཚོ་སྙིང་གི་ཀླུ་རྟའི་རྒྱུད་པ་དེ་བོད་ཀྱི་མཚོ་སྔོན་སོགས་མདོ་སྨད་སྤྱི་དང་བྱེ་བྲག་རྟ་ཐང་དང་ཙོང་ཆུའི་འབབ་རྒྱུད་སོགས་སུ་ད་ལྟའི་བར་མ་ཉམས་པར་ཡོད་པའི་བཤད་སྒྲོས་ཡོད་ལ། རྒྱའི་ཡི་གེ་འགའ་རེར་ཀྲུང་གོའི་སྙན་གྲགས་ཅན་གྱི་རྟ་མཆོག་གི་ཕ་ཡུལ་ཞེས་པའི་མིང་ཡང་བཏགས་ཡོད།        མཚོ་སྙིང་དེ་ནི་མི་ཡུལ་གྱི་ཟང་ཟིང་དུ་ཁད་གྱེས་ཤིང་ཉམས་དགའ་བའི་དབེན་གནས་ཤིག་ཡིན་པས་རྗེས་སུ་བོད་ཀྱི་རྣལ་འབྱོར་བ་ཞབས་དཀར་བ་ཚོགས་དྲུག་རང་གྲོལ་སོགས་དམ་པ་མང་བོ་མཚོ་སྙིང་དུ་ཕེབས་ཏེ་སྒྲུབ་པ་ཉམས་ལེན་གནང་ནས་བཞུགས་མྱོང་ལ། ད་ལྟའང་ད་དུང་ཚེ་བློས་བཏང་གི་ཉམས་ལེན་པ་རྣམས་ལོ་རེ་བཞིན་མཚམས་མི་ཆད་པར་གནས་མཆོག་འདིར་ཕེབས་ནས་བཞུགས་བཞིན་ཡོད།        སྔོན་ཆད་རྒྱའི་ཐང་དང་སུང་གི་དུས་སུ་ཡང་སྐབས་ལན་རེར་མཚོ་སྔོན་པོ་འདི་ཡི་བདག་དབང་ཐད་རྩོད་པ་དང་དམག་འཐབ་ལན་མང་བོར་ཤོར་མྱོང་ལ། རྒྱ་རྣམས་ཀྱིས་མཚོ་འདི་ལ་མཆོད་པ་བྱེད་པའི་སྲོལ་ཡང་བྱུང་འདུག 

རྗེས་སུ་ཆིན་རྒྱལ་རབས་ཀྱི་གོང་མ་ཡུང་ཀྲིན་གྱི་དུས(སྤྱི་ལོ1726)ནས་མཚོ་མཆོད་ཀྱི་སྲོལ་ཚུགས་ཤིང་། ཆན་ལུང་གི་ཁྲི་ལོ་སོ་བརྒྱད་པ(སྤྱི་ལོ་1773)ནས་ལོ་རེའི་སྟོན་ཟླ་བདུན་པའི་བཅོ་ལྔའི་ཉིན་མཚོ་མཆོད་ཀྱི་ཉིན་མོར་གཏན་འཁེལ་བྱས། རྗེས་སུ་སྲོལ་དེ་ཡོངས་སུ་ཉམས་ཟིན་མོད། ད་ལྟ་སླར་ཡང་སླར་གསོ་བྱེད་བཞིན་པའི་སྒང་ཡིན་འདུག         མདོར་ན་སངས་རྒྱས་སྟོང་གིས་བྱིན་གྱིས་བརླབས་ཤིང་། བོད་ཀྱི་རྣལ་འབྱོར་བ་མང་བོ་བཞུགས་མྱོང་བའི་ཀླུ་རྒྱལ་བྱང་ཆུབ་སེམས་དཔའི་གནས་རི་མཚོ་སྙིང་མ་ཧཱ་དེ་བ་འདི་ལ་ལན་གཅིག་མཇལ་ནའང་བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པ་གསོག་པར་གསུངས་པས་བོད་རྣམས་ནི་དུས་རྒྱུན་གནམ་ལོ་ལུག་གི་ལོ་ལ་མཚོ་སྐོར་དུ་འགྲོ་ཞིང་། མཚོ་སྙིང་མ་ཧཱ་དེ་བ་ལ་རྒྱང་མཇལ་ཞུ་སྲོལ་ཡོད་དོ།།

10 མཚོ་སྔོན་པོ།

དགེ་བའི་བཤེས་གཉེན་ཆེན་མོ་བློ་བཟང་རྒྱ་མཚོ་མཆོག་གིས《ལ་མོའི་ཡོངས་འཛིན་རིན་པོ་ཆེའི་རྣམ་ཐར།》དུ། དེ་ཡང་རྒྱལ་བས་ལུང་གིས་ཟིན་པའི་མཚོ་སྨན་གྲགས་པ་ཅན་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་སྐྱེས་རབས་ཀྱི་རྒྱུད་ལས། ཇི་སྐད་དུ། དེ་ནས་ཨནྡྲ་རྙིལ་གྱི་མདངས་ལྟར་སྔོ།། ཉི་མའི་འོད་ཀྱིས་གནམ་སྔོན་བཞུས་པ་བཞིན།། ཁོ་ར་ཁོར་ཡུག་ཆུ་འགྲམ་ལྟར་མི་སྣང་།། གཏིང་དཔག་དཀའ་བའི་མཚོ་འཇིངས་ནང་དུ་ཞུགས།། ཞེས་སྟོན་པ་ཐུགས་རྗེ་ཅན་ཉིད་ཀྱིས་བསྔགས་བརྗོད་གནང་བ་དང་། རྒྱལ་བུ་དཀོན་མཆོག་འབངས་ཀྱི་སྐྱེས་རབས་ལས། མཚོ་དམའ་མོ་གཡུ་ཡུ་མཎྜལ་ཡོད།། ཅེས་དང་། ཆོས་རྒྱལ་སྲོང་བཙན་སྒམ་པོས། ཁྲི་ཤོར་རྒྱ་མཚོའི་ཀླུ་བློན་བྱང་ཆུབ་སེམས།། ཆུ་བོ་ཆེན་པོ་ཀུན་ལ་ཕན་པར་མཛད།། ཅེས་སོགས་ལྟར། ཞེས་མཚོ་སྔོན་ཁྲི་གཤོག་རྒྱལ་མོ་འདི་ཉིད་རྒྱལ་བ་སངས་རྒྱས་ཀྱིས་ལུང་བསྟན་ཅིང་ཀླུ་བློན་བྱང་ཆུབ་སེམས་དཔའ་གནས་ཡོད་པར་གསུངས།        གཞན་ཡང་རྒྱལ་བ་ཡོན་ཏན་རྒྱ་མཚོ་མཆོག་གིས་ཀྱང་བཀའ་གདམས་གླེགས་བམ་གྱི། མཚོ་དམའ་མོ་གཡུ་ཡི་མཎྜལ་ཡོད།། ཅེས་པ་དེ་མཚོ་འདི་ལ་ངོས་འཛིན་གནང་ཡོད།         འདི་ནི་མཚོ་ངོས་ལས་མཐོ་ཚད་རྨིད3197གྱི་སར་ཡོད་པས་འཛམ་བུ་གླིང་གི་མཚོ་ཆེས་མཐོ་ཤོས་ཤིག་ཡིན་ལ། མཚོ་མདོག་གནམ་སྔོན་ལྟར་སྔོ་བས་མིང་ལའང་མཚོ་སྔོན་པོར་གྲགས། འདིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ4635དང་། ཟབ་ཚད་ལ་ཕལ་ཆེར་རྨིད30ལྷག་ཡོད།(འགའ་རེས་བདུན་ཅུ་ཡང་ཟེར།)དེ་ཡང་ངག་རྒྱུན་དུ་གནའ་སྔ་མོའི་དུས་སུ་གནས་འདིར་འབྲོག་སྡེ་ཆེན་པོ་ཞིག་ཡོད་ལ། ཐང་དཀྱིལ་དུ་ཁྲོམ་པ་ཞིག་ཡོད་པ་ལས་ཆུ་ལེན། ཉིན་ཞིག་མནའ་མ་ཞིག་གིས(འདི་མགར་ཚང་གི་ཡིན་ཟེར་མཁན་ཡང་སྣང་།)ཆུ་བླངས་རྗེས་ཁྲོམ་པའི་ཁ་རྡོ་ལེབ་ཀྱིས་གཅོད་དགོས་པ་བརྗེད་པར་གྱུར་པས་དེ་ལས་ཆུ་འཕྱུར་ཏེ་འབྲོག་ཁྱིམ་ཁྲི་གཅིག་མཚོ་རུ་ཤོར་བ་ལ་ཁྲི་ཤོར་ཞེས་པའི་མིང་ཐོགས་ཟེར། སྐབས་དེར་ཨྱོན་རིན་པོ་ཆེས་རྒྱ་གར་གྱི་རི་མ་ཧཱ་དེ་བའི་མགོ་བཅད་དེ་ཆུ་བཀག་པ་རེད། སྐབས་དེར་འདྲེ་མོ་ཞིག་གིས་གནོད་པ་བྱ་ཕྱིར་བྲག་དཀར་ཐེམ་ཆེན་གྱི་མགོ་བཅད་དེ་འཕངས་པ་སློབ་དཔོན་གྱིས་རྡོ་རྗེ་འཕངས་ཏེ་གཏོར་བ་ད་ལྟའི་འདྲེ་མོ་བྲག་དཀར་ཡིན་ཟེར། གང་ལྟར་མཚོ་སྔོན་པོའི་ཕྱོགས་ཕྱོགས་ནས་ཆུ་ཆེན་མི་འདྲ་བ50ཙམ་མཚོ་ནང་དུ་འབབ་པའི་ནང་ན་ཚྭ་ཁུ་བྲོ་བའི་ཆུ་གཅིག་ཀྱང་མེད་མོད། མཚོ་ཆུ་ནི་ཚྭ་ཆུ་རེད། ཚན་རིག་པས་དཔྱད་པ་ལྟར་ན། དེ་ནི་སྤྱིར་ཆུ་བོ་ཐམས་ཅད་ཀྱི་ནང་དུ་ཚྭ་ཆུའི་གྲུབ་ཆ་ཧ་ཅང་དམའ་མོ་ཞིག་ཡོད་པ་དེ་རིམ་བཞིན་དེམ་གྱི་ངོས་ལ་ཆུ་དྲེགས་ཆགས་པ་ལྟར་ལོ་ངོ་དུང་ཕྱུར་མང་བོར་རིམ་འགྱུར་སོང་བ་ན་ཚྭའི་གྲུབ་ཆ་ཇེ་མང་དུ་གྱུར་པས་མཐར་ཚྭ་མཚོ་རུ་གྱུར་པ་རེད་ཟེར། 

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-07-31

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།