ཚན་རྩལ་ལོ་ཙཱའི་ཐབས་ལམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཆེད་ལས་བརྡ་ཆད་རྣམས་རང་སྐད་དུ་བསྒྱུར་དུས་ངེས་པར་དུ་བརྩི་སྲུང་བྱ་དགོས་པའི་རྩ་དོན་བཞི་རུ་ཕྱེས་ཡོད། དེས་ན་དེ་ལྟ་བུའི་རྩ་དོན་གཞིར་བཟུང་ནས་བྱེ་བྲག་གི་སྒྱུར་ཐབས་ཐད་སྒྱུར་དང་དོན་སྒྱུར། སྒྲ་སྒྱུར་སོགས་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཚན་རྩལ་ལོ་ཙཱའི་ཐབས་ལམ།
ཁོངས་གཏོགས།
ལོ་ཙཱའི་གཞུང་ལུགས།
1 ​ཐད་སྒྱུར།

འདི་ནི་བསྒྱུར་བྱ་གང་དེའི་ཚིག་གདོང་གི་བསྟན་དོན་ཇི་བཞིན་ཐད་ཀ་ཐད་སོར་བསྒྱུར་བ་སྟེ། གཅིག་ན་མ་ཡིག་གི་བརྗོད་དོན་ལ་བརྩི་འཇོག་བྱེད་པ་དང་། གཉིས་ན་མ་ཡིག་གི་ཚིག་སྦྱོར་གྲུབ་སྟངས་ཀྱི་རྣམ་པ་ལའང་སྒོ་བསྟུན་དགོས། སྒྱུར་ཐབས་འདི་ནི་རིགས་གཉིས་ཀྱི་ཕྱོགས་མཚུངས་པའི་ཆ་རྣམས་སུ་བསྒྱུར་བར་ཤིན་ཏུ་འབྱོར་ལ། ཚན་རྩལ་རྩོམ་རིགས་ཀྱི་ལོ་ཙཱའི་ལག་ལེན་ཁྲོད་རྒྱུགས་ཆེ་ཞིང་བརྡ་ཆད་གསར་པ་རྣམས་བསྒྱུར་བར་ལྷག་ཏུ་བྲིན་པའི་ཐབས་རྩལ་མཆོག་ཏུ་གྱུར་བ་ཞིག་ཡིན། ཚན་རྩལ་སྐོར་གྱི་བརྡ་ཆད་མང་པོ་ཞིག་ནི་རྗེས་གྲུབ་ཀྱི་མིང་གི་ཁོངས་སུ་གཏོགས་པས་སྒྱུར་ཐབས་འདི་སྤྱད་ན་ཆེས་ཆེར་འབྱོར་སྟེ། དཔེར་ན། 高等代数-མཐོ་རིམ་ཚབ་རྩིས། 感觉神经-ཚོར་བྱེད་དབང་རྩ། 地下铁道-ས་འོག་ལྕགས་ལམ། 收音机-སྒྲ་སྡུད་འཕྲུལ་ཆས། 动脉硬化-འཕར་རྩ་རེངས་འགྱུར། 海象-མཚོ་གླང་། 海豹-མཚོ་གཟིག ཅེས་ཡིག་འབྲུ་རེ་རེའི་བསྟན་དོན་ཇི་བཞིན་གདོང་སྤྲད་དེ་བོད་ཡིག་ཏུ་བསྒྱུར་བ་ལྟ་བུའོ།།

2 དོན་སྒྱུར།

འདི་ནི་བསྒྱུར་བྱ་གང་དེའི་ཕྱིའི་རྣམ་པ་བརྟོལ་ནས་བརྗོད་བྱའི་ནང་དོན་ལྟར་བསྒྱུར་བ་སྟེ། མ་ཡིག་གང་གི་ཚིག་རིས་ཀྱི་བསྟན་དོན་དང་གྲུབ་སྟངས་ལ་མི་བལྟ་བར་བརྗོད་དོན་ཧྲིལ་པོར་གཞིགས་ནས། གོ་རིམ་དང་དངོས་བསྟན་སོགས་དཀྲུགས་སྡེབ་ཡོད་པའི་ངང་ནས་བསྒྱུར་བ་ལ་ཟེར། སྒྱུར་ཐབས་འདི་ནི་སྐད་རིགས་ཀྱི་ཁྱབ་ཁོངས་མི་འདྲ་བས་ཕན་ཚུན་ཆ་མཚུངས་སུ་བསྒྱུར་མི་བཏུབ་པ་དང་། མིང་བརྡའི་གྲུབ་ཚུལ་གྱི་རྣམ་གཞག་དང་རིག་གནས་བསྟན་དོན་བཅས་ལ་ཁྱད་པར་ཆེན་པོ་ལྡན་དུས་ད་གཟོད་སྤྱོད་པ་ཡིན། སྤྱིར་བཏང་དུ་རྩོམ་རིག་ལོ་ཙཱའི་ལག་ལེན་ཁྲོད་ཆེས་ཆེར་བྲིན་པའི་སྒྱུར་ཐབས་ཤིག་ཡིན་ནའང་། ཚན་རྩལ་རྩོམ་ལུས་བསྒྱུར་དུས་ཀྱང་དགོས་དབང་གིས་སྤྱོད་དགོས་པའི་སྐབས་མང་དུ་སྣང་བས་ཤེས་དགོས་པ་གལ་ཆེ་སྟེ། དཔེར་ན། 电表-གློག་ཚད་ལྟ་ཆས། 火箭-མེ་ཤུགས་འཕུར་མདའ། 心电图-སྙིང་དཔྱད་པར་རིས། 血压-ཁྲག་ཤེད། 磁带-སྒྲ་ཐག 显微镜-ཕྲ་མཐོང་མེ་ལོང་། 博士-རྩེ་རམས་པ། 洗衣机-འཁྲུད་སྒམ་ཞེས་བསྒྱུར་བྱ་གང་དེའི་བརྗོད་དོན་ལ་གཞིགས་ནས་རང་སྐད་ཀྱིས་མཚོན་པར་བྱས་པ་ལྟ་བུའོ།།

3 སྒྲ་སྒྱུར།

འདི་ནི་བསྒྱུར་བྱ་གང་དེའི་སྒྲ་དོན་ཇི་ལྟ་བ་བཞིན་སྒྱུར་བྱེད་སྐད་དུ་སོར་འཇོག་བྱས་པ་སྟེ། སྤྱིར་བཏང་དུ་རང་ཡུལ་ན་མེད་པའི་ཐོན་རྫས་གསར་་པ་དང་ཐབས་ཤེས་གསར་པའི་བརྡ་ཆད་བསྒྱུར་བར་རྒྱུགས་ཆེ་ཞིང་། བརྡ་ཆད་གང་ཞིག་གི་དོན་སྤྱི་ཇི་བཞིན་རང་སྐད་ཀྱིས་མཚོན་མི་ནུས་དུས་ད་གཟོད་ཆེས་ཆེར་བྲིན་པའི་སྒྱུར་ཐབས་ཤིག་ཡིན། དེང་དུས་ཚན་རྩལ་སྐོར་གྱི་བརྡ་ཆད་མང་པོ་ཞིག་སྒྲ་སྒྱུར་གྱི་ཐབས་ལམ་འདི་ལ་བརྟེན་ནས་རང་སྐད་དུ་འདྲེན་པ་ཡིན་ཏེ། དཔེར་ན། 安培-ཨན་ཕེ། 尼龙-ཉི་ལོང་། 雷达-ལེ་ཏ། 马达-མ་ཏ། ཞེས་བསྒྱུར་བྱ་གང་དེའི་སྒྲ་ཡོངས་སུ་རང་སྐད་སོར་འཇོག་བྱས་པ་ལྟ་བུ་ཡིན་ནོ།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-07-18

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།