བོང་སྟག་པ་བསོད་ནམས་དར་རྒྱས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བོང་སྟག་པ་བསོད་ནམས་དར་རྒྱས།
ཁོང་ནི་མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་དང་། རྒྱལ་ནང་བོད་ཡིག་སྙན་དེབ་གཅིག་པུ《གངས་རྒྱན་མེ་ཏོག》གསར་གཏོད་མཁན་དང་། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཁོངས་མི། མཚོ་སྔོན་མི་རིགས་གྲངས་ཉུང་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཁོངས་མི། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་ཁོངས་མི། མཚོ་སྔོན་ཞིང་ཆེན་ལོ་ཙཱ་བའི་མཐུན་ཚོགས་ཀྱི་ཁོངས་མི། མཚོ་སྔོན་ཞིང་ཆེན་དུས་དེབ་མཐུན་ཚོགས་ཀྱི་ལས་འཛིན་པའི་ཁོངས་མི་ཡིན་བཅས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
索南达杰
མིང་གཞན།
ཀླུ་ཁོ་རྒྱལ།
མི་རིགས།
བོད་རིགས།
སྐྱེས་ལོ།
སྤྱི་ལོ1966ལོ།
རྒྱལ་ཁབ།
ཀྲུང་གོ
མཐར་ཕྱིན་སློབ་གྲྭ།
ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ།
1 མི་སྣ་ངོ་སྤྲོད།   

ཁོང་ནི་སྤྱི་ལོ1966ལོའི་ཟླ12པར་ཐེམ་ཆེན་རྫོང་སེང་གེ་ཡུལ་ཚོར་སྐྱེས།  སྤྱི་ལོ1984ལོའི་ཟླ་བདུན་པར་མཚོ་ནུབ་ཁུལ་མི་རིགས་དགེ་འོས་སློབ་གྲྭ་ནས་མཐར་ཕྱིན་ཅིང་ལོ་དེར་མཚོ་སྔོན་ཕྱུགས་ལས་སྨན་རིག་སློབ་གླིང་གི་རྩྭ་ཐང་སྡེ་ཁག་ཏུ་རྒྱུགས་འཕྲོད།  སྤྱི་ལོ1986ལོར་མཚོ་སྔོན་མི་རིགས་སློབ་གླིང་གི་མི་རིགས་གྲངས་ཉུང་སྐད་ཡིག་རྩོམ་རིག་སྡེ་ཁག་ཏུ་རྒྱུགས་འཕྲོད་ཅིང་སྤྱི་ལོ1990ལོའི་ཟླ7པར་སློབ་མཐར་ཕྱིན་རྗེས་མཚོ་ནུབ་ཁུལ་མི་རིགས་རྩོམ་རིག་དུས་དེབ་ཁང་གི《གངས་རྒྱན་མེ་ཏོག 》 རྩོམ་སྒྲིག་ཁང་དུ་བྱ་བ་བགོས།  སྔ་ཕྱིར་དུས་དེབ་ཁང་གི་མགོ་གཙོ་གཞོན་པ་དང་རྩོམ་སྒྲིག་པ་གཞོན་པ།  རྩོམ་སྒྲིག་པ་གཙོ་བོ་བཅས་ཀྱི་འགན་ཁུར།  སྤྱི་ལོ1996ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་གེ་སར་ཞིབ་འཇུག་གླིང་གི་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་ཅིང་།  རྩོམ་རིག་གི་རབ་འབྱམས་པའི་བསླབས་གནས་བླངས།

ད་ལྟ་མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པའི་འགན་ཁུར་ཡོད་པ་མ་ཟད། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཁོངས་མི།  མཚོ་སྔོན་མི་རིགས་གྲངས་ཉུང་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཁོངས་མི། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་ཁོངས་མི།  མཚོ་སྔོན་ཞིང་ཆེན་ལོ་ཙཱ་བའི་མཐུན་ཚོགས་ཀྱི་ཁོངས་མི། མཚོ་སྔོན་ཞིང་ཆེན་དུས་དེབ་མཐུན་ཚོགས་ཀྱི་ལས་འཛིན་པའི་ཁོངས་མི་བཅས་ཀྱང་ཡིན། 

རྩོམ་རིག་དུས་དེབ་རྩོམ་སྒྲིག་གི་བྱ་བ་ལོ་ངོ12ལྷག་ལ་བསྒྲུབ་ཅིང་།  སྔ་ཕྱིར་སྙན་ངག་བསྡུས་དེབ《སེམས་ཀྱི་བཞུར་རྒྱུན》དང་། 《དུས་རབས་ཀྱི་འགྱུར་ཁུགས》 དཔྱད་རྩོམ་དེབ《སློབ་གསོའི་དཔྱད་རྩོམ་ཕྱོགས་བསྒྲིགས》 རྩོམ་རིག་དེབ《ཚྭ་འདམ་ཞོགས་པའི་སྐྱ་རེངས》བཅས་ཀྱི་གཙོ་སྒྲིག་པའི་འགན་འཁུར་ཅིང་།  ཀན་སུའུ་ཞིང་ཆེན་གྱི་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ60ལོན་པར་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་གྲུབ་འབྲས་འགྲེམ་སྟོན་དཔེ་ཚོགས་ཀྱི་སྙན་ངག་གཅེས་དེབ《གངས་སེང་དཀར་མོའི་བཞད་སྒྲ།》དང་བརྩམས་སྒྲུང་། ལྷུག་རྩོམ་གཅེས་དེབ《གངས་འདབས་ཀྱི་ཆུ་ཕྲན།》གྱི་རྩོམ་སྒྲིག་ཨུ་ཡོན་གནངས་མྱོངས་པ་མ་ཟད།  ཀྲུང་གོའི་དམངས་ཁྲོད་རྩོམ་རིག་ཕྱོགས་བསྡུས་ཀྱི་མཚོ་ནུབ་དུམ་པ་སྟེ《མཚོ་ནུབ་ཀྱི་དམངས་ཁྲོད་གླུ་གཞས》དང་བོད་ཀྱི་རིག་གནས་དང་སྒྱུ་རྩལ་ཉིང་བསྡུས་ཀུན་འདུས་ཞལ་ཐང་ཆེན་མོའི་རྒྱ་འགྱུར་གྱི་ལས་ཀར་གདན་ཞུ་མཛད་ཅིང་། སྤྱི་ལོ1995ལོའི་ཟླ11པར་སི་ཁྲོན་རྔ་བའི་བོད་རིགས་དམངས་ཁྲོད་ཚོང་དོན་ཚོགས་པ་དང་ཀྲུང་གོའི་བོད་རིགས་རྩོམ་རིག་རིག་གཞུང་མཐུན་ཚོགས། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་མཉམ་འབྲེལ་བྱས་ནས་ཀྲུང་གོའི་བོད་ཡིག་རྩོམ་རིག་གི་ཆེས་མཐོ་བའི་བྱ་དགའ་གངས་རྒྱན་རྟགས་མའི་སྲོལ་བཙུགས། ཁོང་གི་མཛད་གནང《མཚོ་སྔོན་རྩོམ་རིགས་སྒྱུ་རྩལ་པའི་རྣམ་ཐར་བསྡུས་མ 》དང《ཚྭ་འདམ་རྩོམ་རིག་སྒྱུ་རྩལ་ལོ་རྒྱུས》དཔེ་དེབ་སོགས་སུ་འཁོད་ཡོད།

སྔ་ཕྱིར་རྩོམ་ལུས་མི་འདྲ་བའི་རྩོམ་རིག་བརྩམས་ཆོས་དང་རིག་གཞུང་དཔྱད་རྩོམ70ལྷག་དུས་དེབ་སྣ་ཚོགས་སུ་བཀོད་ཅིང་། དེ་ལས《བོང་སྟག་ཚོ་བ་བཅོ་བརྒྱད་ཀྱི་ལོ་རྒྱུས་ཁུངས་ལུང་རགས་དཔྱད།》རྒྱ་ཡིག་གི《དཔའ་བོའི་ལོ་རྒྱུས་སྙན་རྩོམ་གེ་སར་སྒྲུང་ལས་བླ་གནས་སྐོར་གྱི་དཔྱད་པ་གསལ་བྱེད་མེ་ལོང་།》《དཔའ་བོའི་ལོ་རྒྱུས་སྙན་རྩོམ་གེ་སར་སྒྲུང་ལས་གདོད་མའི་དུས་སུ་བོད་ཀྱི་བླ་ཡི་འདུ་ཤེས་འཛིན་སྟངས་སྐོར་ལ་རགས་ཙམ་དཔྱད་པ།》《གླིང་སྒྲུང་ཁྲོད་ཀྱི་གདོད་མའི་ཆོས་ལུགས་དང་ཤེས་རིག་གི་གྲུབ་ཆ་དང་རིན་ཐང་སྐོར་རགས་ཙམ་གླེང་བ།》《ཐེམ་ཆེན་བོད་སྐད་ལས་དབྱངས་ཡིག་དང་དབྱངས་ཚན་ལ་དཔྱད་པ།》 (སྒྱུར་རྩོམ།) སོགས《དེང་རབས་ཆེད་མཁས་པའི་དཔྱད་རྩོམ་ཕྱོགས་བསྒྲིགས》(ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་དཔེ་སྐྲུན་ཁང་།  རྒྱ་ཡིག)དང་བོད་ཀྱི་དེང་རབས་སྤྱི་ཚོགས་གནས་བབས་དཔྱད་བརྗོད་དཔེ་དེབ《ཡང་སྤྲུལ་དེ་ཉིད་གསལ་བྱེད།》(མི་རིགས་དཔེ་སྐྲུན་ཁང་།) 《ཀྲུང་གོའི་ཚྭ་འདམ།》(རྒྱ་ཡིག)《གཅེས་སུ་རུང་བའི་ཚྭ་འདམ།》(རྒྱ་ཡིག)སོགས་ཆེད་དེབ་ཏུ་བདམས་མྱོང་།

སྔ་ཕྱིར་ཆེད་དེབ《མཚོ་ནུབ་བོད་བརྒྱུད་ནང་བསྟན་དགོན་པའི་ལོ་རྒྱུས།》(རྒྱ་ཡིག)དང《ཨ་མདོའི་ལ་གཞས》(བོད་རྒྱ་ཕྱི་ཡིག་བསྒྲགས་མ)པར་བསྐྲུན་མཛད།

ཡོ་རོབ་མནའ་འབྲེལ་རྒྱལ་ཁག་དང་ཨུ་རུ་སུ། ཞང་ཀང་།  ཐེ་ཝན་བཅས་སུ་སློབ་སྦྱོང་དང་རྟོག་ཞིབ་ཏུ་ཕེབས་མྱོངས།

2 བྱ་བའི་བརྒྱུད་རིམ་མདོར་བསྡུས།

སྤྱི་ལོ1990ལོའི་ཟླ7པར་སློབ་མཐར་ཕྱིན་རྗེས་མཚོ་ནུབ་ཁུལ་མི་རིགས་རྩོམ་རིག་དུས་དེབ་ཁང་གི་གངས་རྒྱན་མེ་ཏོག་རྩོམ་སྒྲིག་ཁང་དུ་བྱ་བ་བགོས་ཤིང་། སྔ་ཕྱིར་དུས་དེབ་ཁང་གི་མགོ་གཙོ་གཞོན་པ་དང་རྩོམ་སྒྲིག་པ་གཞོན་པ།  རྩོམ་སྒྲིག་པ་གཙོ་བོ་བཅས་ཀྱི་འགན་ཁུར།

སྤྱི་ལོ2002ལོའི་ཟླ6པ་ནས་སྤྱི་ལོ2006ལོའི་ཟླ6པའི་བར་ཀྲུང་གུང་གཏེར་ལམ་རྫོང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་འཁུར།

སྤྱི་ལོ2006ལོའི་ཟླ7པ་ནས་སྤྱི་ལོ2011ལོའི་ཟླ10པའི་བར་ཀྲུང་གུང་མཚོ་ནུབ་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་དང་། ཁུལ་མི་རིགས་ཆོས་ལུགས་ལས་དོན་ཅུའུ་ཡི་ཅུའུ་ཀྲང་།  མཚོ་སྔོན་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་མཚོ་ནུབ་སློབ་ཁུལ་གྱི་སློབ་གཙོ་གཞོན་པ་བཅས་ཀྱི་འགན་གཅིག་ལྕོགས་སུ་ཁུར། 

སྤྱི་ལོ2011ལོ་ནས་ད་བར་དུ་མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པའི་འགན་ཁུར། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-05-29

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།