ལོ་ཙཱའི་གོ་རིམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལོ་ཙཱའི་གོ་རིམ་ཞེས་པ་བསྒྱུར་བྱའི་སྐད་ཡིག་གང་ཞིག་སྒྱུར་བྱེད་སྐད་དུ་ཇི་བཞིན་མཚོན་པར་བྱེད་པའི་གོ་རིམ་ལྔ་ཕྱི་ཧྲིལ་པོར་བརྗོད་པ་དང་། དེའི་བྱེ་བྲག་གི་གོ་རིམ་ལ་རྒྱལ་ཁབ་ཕྱི་ནང་གི་ལོ་ཙཱའི་གཞུང་ལུགས་སྨྲ་བ་རྣམས་ཀྱིས་ལྟ་ཚུལ་མི་མཐུན་བཏོན་ཡོད་དེ། སུའུ་ལེན་སྔ་མའི་ལོ་ཙཱའི་མཁས་པས“མ་ཡིག་ལ་གོ་བ་ལེན་པ་དང་། རྟོག་གཞིག་དང་བསྐྱར་མཚོན”བཅས་གསུམ་དང་། ཨ་མེ་རུ་ཁའི་ལོ་ཙཱའི་གཞུང་ལུགས་སྨྲ་བ་ནའེ་ཏཱ་མཆོག་གིས“དབྱེ་ཞིབ་དང་བསྒྱུར་བ། བསྐྱར་བཅོས། འགྱུར་ཞུས”བཅས་བཞི་རུ་བཞེད།རང་རྒྱལ་གྱི་ལོ་ཙཱའི་གཞུང་ལུགས་སྨྲ་བ་མི་ཉུང་བ་ཞིག་གིས“གྲ་སྒྲིག་དང་མ་ཡིག་ལ་གོ་བ་ལེན་པ། མ་ཡིག་གི་ནང་དོན་བསྐྱར་མཚོན། འགྱུར་ཞུས། འགྱུར་མ་གཏན་འཁེལ”བཅས་ལྔ་དང་། གཞན་ད་དུང་བཞི་རུ་འདོད་པ་བཅས་ལོ་ཙཱའི་གོ་རིམ་དབྱེ་སྟངས་ལ་ལྟ་ཚུལ་མི་མཐུན་པ་དུ་མ་ཞིག་ཡོད་ནའང་ངོ་བོའི་སྒོ་ནས་བལྟས་ན་མ་ཡིག་ལ་གོ་བ་ལེན་པ་དང་མ་ཡིག་གི་ནང་དོན་བསྐྱར་མཚོན་བཅས་སྲོལ་རྒྱུན་གྱི་དབྱེ་སྟངས་གཉིས་སུ་འདུའོ།།
1 ལོ་ཙཱའི་གོ་རིམ་དང་པོ་སྟེ་མ་ཡིག་ལ་གོ་བ་ལེན་པ།

མ་ཡིག་ལ་གོ་བ་ལེན་རྒྱུ་ནི་ལོ་ཙཱའི་བྱ་རིམ་ཁྲོད་ཀྱི་གལ་གནད་ཆེ་བའི་གོ་རིམ་ཞིག་ཡིན་ཏེ། མ་ཡིག་ལ་གོ་བ་ཡང་དག་བླངས་རྗེས་ད་གཟོད་མ་ཡིག་གི་ནང་དོན་བསྐྱར་མཚོན་བྱེད་ཐུབ་པ་འདི་ནི་ལོ་ཙཱའི་བྱ་བའི་སྔོན་འགྲོ་དང་གྲ་སྒྲིག་གི་གོ་རིམ་ཞིག་ཡིན། ང་ཚོས་རྩོམ་ལུས་ཇི་ལྟ་བུའི་བརྩམས་ཆོས་ཤིག་བསྒྱུར་དགོས་རུང་། ཐོག་མར་མ་ཡིག་ཞིབ་ཀློག་བགྱིས་ཏེ་མ་ཡིག་གི་བརྗོད་བྱ་ཕྲ་མོ་ཡན་ཡང་དག་པར་རྟོགས་རྗེས་ད་གཟོད་མ་ཡིག་གི་ནང་དོན་རྣམས་ཡང་དག་པའི་སྒོ་ནས་བསྐྱར་མཚོན་བྱེད་ཐུབ། དེ་ལ་གཅིག་ནས་མ་ཡིག་གི་མིང་བརྡར་གོ་བ་ཡང་དག་ལེན་པ། གཉིས་ནས་མ་ཡིག་གི་བརྡ་སྤྲོད་ལུགས་གསལ་པོར་ངེས་དགོས་པ། གསུམ་ནས་རྒྱ་བོད་སྐད་ཡིག་གཉིས་དང་འབྲེལ་བའི་རིག་གནས་ཀྱི་རྒྱབ་ལྗོངས་རྟོགས་དགོས།

2  ལོ་ཙཱའི་གོ་རིམ་གཉིས་པ་སྟེ་མ་ཡིག་གི་ནང་དོན་བསྐྱར་མཚོན་བྱེད་པ།

འདི་ནི་མ་ཡིག་ལ་གོ་བ་ཟབ་མོ་བླངས་པ་བརྒྱུད་ལོ་ཙཱའི་ལག་ལེན་བསྐྱང་བའི་བརྒྱུད་རིམ་སྟེ་དངོས་སུ་ལོ་ཙཱ་བྱེད་པའི་གོ་རིམ་ཞིག་ཡིན་ལ། གོ་རིམ་འདི་ནི་མ་ཡིག་གི་ནང་དོན་སྒྱུར་བྱེད་སྐད་ཀྱིས་ཡོངས་འགྲུབ་དང་བསྐྱར་མཚོན་བྱེད་པ་ཞིག་ཡིན་པས་ལོ་ཙཱ་བས་རང་སྐད་ཀྱི་རྩལ་ནུས་དང་འཇོན་ཐང་ངོམ་པའི་གོ་རིམ་ཞིག་ཀྱང་ཡིན། དེ་ཡང་ཐོག་མར་མ་ཡིག་གི་ནང་དོན་ལ་གོ་བ་གསལ་ཐག་ཆོད་པ་ཞིག་བླངས་པའི་ཆ་རྐྱེན་འོག   སྒྱུར་མཁན་གྱིས་ཚིག་ཚོགས་རེ་རེ་དང་ཚན་པ་རེ་རེའི་འབྲེལ་བར་དོ་སྣང་བྱས་ཏེ་བརྩམས་ཆོས་གང་དེའི་བརྗོད་བྱ་ཧྲིལ་བོ་སྒྱུར་བྱེད་སྐད་དུ་ཕབ་དགོས། འདི་ནི་མ་ཡིག་གི་ནང་དོན་བསྐྱར་མཚོན་བྱེད་པའི་གོ་རིམ་དང་པོ་ཡིན་པས། གོ་རིམ་འདིའི་ནང་དུ་འགྱུར་ཆད་ལྷག་དང་གོ་འཛོལ་གྱི་རིགས་ངེས་པར་འབྱུང་སྲིད་པ་ཞིག་རེད། འགྱུར་སྐྱོན་དེ་རིགས་སེལ་ཆེད་སྒྱུར་མཁན་རང་ཉིད་མ་ཡིག་གི་ནང་དོན་བསྐྱར་མཚོན་བྱེད་པའི་གོ་རིམ་གཉིས་པར་ཞུགས་ཏེ་འགྱུར་ཐེངས་དང་པོ་དང་མ་ཡིག་གཉིས་ཀྱི་འབྲུ་དང་མིང་བརྡ། ཚིག་གྲུབ། ཚན་པ་རེ་རེ་བཞིན་ཞིབ་བསྡུར་གྱིས་འགྱུར་ཆད་ལྷག་གི་སྐྱོན་རྣམས་ཡོངས་སུ་བསལ་དགོས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-05-17

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།