གསང་སྔགས་དར་རྒྱས་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གསང་སྔགས་དར་རྒྱས་གླིང་།
དགོན་པ་ཞིག་ཡིན་ཏེ། མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་མེ་རི་ཡུལ་ཚོའི་ཁོངས་སུ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
木里寺
མཚན་རྒྱས་པ།
མོག་ཆེན་ཚོ་བའི་གསང་ཆེན་ཆོས་འཁོར་གླིང་།
ཕྱག་འདེབས་མཁན།
མོག་མུན་སེལ་ཚང་།
ཕྱག་བཏབ་ལོ།
སྤྱི་ལོ1940ལོ།
ཁོངས་གཏོགས་རྒྱལ་ཁབ།
ཀྲུང་གོ
སྲིད་འཛིན་ཁོངས་གཏོགས།
མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་།
རིགས་དབྱེ།
དགོན་པ།
གནས་ཡུལ།
མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་མེ་རི་ཡུལ་ཚོ།
རྒྱ་ཁྱོན།
རྨིད་གྲུ་བཞི་མ4000ཡོད།
གནམ་གཤིས།
མཐོ་སྒང་གི་གནམ་གཤིས།
གྲུབ་མཐའ།
རྙིང་བ་མ།
བླ་མ་གཙོ་བོ།
རྟ་དཔྱད་སྐུ་ལོ་ཚང་། མོག་བླ་མ་ཚང་།
རྟེན་གཙོ་བོ།
སྟོན་པ་གཙོ་འཁོར་གསུམ་དང་སྤྱན་རས་གཟིགས།འཇམ་པའི་དབྱངས། བཀའ་བསྟན་གཉིས།
ཡི་དམ།
རྟ་མགྲིན་ལྕགས་རལ།
བཀའ་སྲུང་།
མ་གཟའ་རྡོར་གསུམ། མགོན་པོ་ཚོགས་བདག དཔལ་ལྡན་ལྷ་མོ་རེ་མ་ཏཱི།
དུས་མཆོད།
བཞི་བའི་སྨྱུང་གནས། བཅུ་བའི་ལྔ་མཆོད་སོགས་ཡོད།
1 ལོ་རྒྱུས་འཕེལ་རིམ།
1_1 སྦྲ་དགོན་ཆགས་ཚུལ།

མོག་ཨ་ཕ་ཆེ་ཡི་རིང་ལ་དགུ་རོང་སྣ་ཚོགས་རང་གྲོལ་ཚང་ཕེབས་ནས་ཆོས་ཐོག་བཟུང་ཞིང་ཆོས་ཀྱི་དབང་ལུང་མང་པོ་གསུངས་ནས་དད་ལྡན་མང་པོར་ཆོས་ཀྱི་སྐལ་བ་ལེགས་པོ་བྱུང་། སྐབས་དེར་དབྱར་ས་དང་དགུན་ས་གནས་གཏན་འཁེལ་མེད་པར་རུ་སྤོར་དགོས་ཤིང་རུ་གང་ལ་སྤར་ན་སྤྱི་བའི་སྦྲ་དགོན་ཡང་དེ་རུ་སྤར་བཞིན་ཡོད་ལ་གཙོ་བོ་ཤེལ་དཀར་དང་འབྲུག་ཁྱུང་གི་བཀྲ་ཤིས་འབྱུང་གནས་ཀྱི་གཡས་གཡོན་དུ་དབྱར་དགུན་གྱི་གཞིས་ཆགས་བཞིན་ཡོད་ཕྱིན་སྦྲ་དགོན་ཐོག་མའི་ཆགས་ཡུལ་ཡང་གནས་དེ་དག་ཏུ་ངོས་བཟུང་ན་འགྲིག་སྙམ། སྐབས་དེའི་སྤྱི་བའི་མང་ཉུང་གསལ་ཁ་མ་ཆོད་མོད་མོག་ཚོ་བའི་ཚོ་དཔོན་ཨ་ཕ་ཚང་སྔགས་པའི་ཆ་ལུགས་སུ་ཡོད་པ་ཞིག་ཡིན་པ་དང་ཆོས་ཐོག་འཚོགས་སྐབས་གྲྭ་སྔགས་དང་ཁྱིམ་པ་བ་ཚང་མ་ཆབས་ཅིག་ཏུ་འཚོགས་བཞིན་ཡོད། སྤྱི་ལོ1946ལོར་རྫོགས་ཆེན་བླ་མ་མ་རིག་མུན་སེལ་ཚང་མོག་གི་སྟོན་ས་སྟེ།བཀྲ་ཤིས་འབྱུང་གནས་ཀྱི་ཕྱོགས་སུ་ཕེབས་ཤིང་ཟླ་བདུན་པའི་ཚེས་བཅུ་ཉིན་བཀྲ་ཤིས་འབྱུང་གནས་ཀྱི་བྲག་གཉིས་ཐོག་ཏུ་ཚོགས་རས་ཕུབ་ནས་བདུན་པའི་ཚེས་བཅུ་བཟུང་ཞིང་། མ་རིག་མུན་སེལ་ཚང་གིས་ཚོགས་མགོ་བཟུང་ཞིང་ཚོགས་ཞུགས་སྔགས་པ་མགུར་གྲགས། ཀུན་དགའ་འམ་ཀུན་ཐོ། ཕུར་བུ་སྐྱབས་སམ་ཧུར་བྷོ། ཀུན་བཟང་གཞན་འཕེལ་ལམ་གཞན་ཁོ་སོགས་གྲྭ་སྔགས་ལྔ་ཆོས་ཐོག་ཏུ་ཞུགས། སྐབས་དེར་མོག་ཚོ་བའི་རུ་ཁ་རུ་ཁ་འཐོར་དུ་ཡོད་པས་སྔགས་པ་དང་ཁྱིམ་པ་མང་པོ་ཞིག་ཆོས་ཐོག་ཏུ་ཞུགས་མ་ཐུབ། སྤྱི་ལོ1949ལོར་མོག་དཔོན་པོ་སྐལ་བྷེའི་བུ་རྡོ་རྗེ་ཉྭ་ནག་ཇོ་སྐོར་གྱིས་བསད་པར་སྟོང་བླངས་པའི་ནང་ནས་སྒོར་སུམ་བརྒྱ་སྤྱི་འཇོག་བྱས་ནས་སྤྱི་པར་ཚོགས་སྦྲ་བཟོས། སྐབས་དེར་ཐང་གའི་སྐོར་ནས་སློབ་དཔོན་ཐང་ག ཐུགས་རྗེ་ཆེན་པོའི་ཐང་ག  འོད་དཔོན་མེད་ཀྱི་ཐང་ག མཁའ་སྤྱོད་མའི་ཐང་ག མགོན་པོ་ཚོགས་བདག་གི་ཐང་ག་སོགས་ཡོད་ལ། རྔ་བདུན་དང་སྦུག་ཆ་བདུན། དུང་ཆེན་གཉིས་དང་ཙི་གཉིས། ཙིན་གཅིག དུང་ཕོར་བདུན་ཅུ་དང་མཐེབ་ཙེ་སུམ་ཅུ། བུམ་པ་བཞི། མགུལ་ཚེ་གཉིས། ཟངས་དུང་བཞི། དུང་དཀར་གཉིས། ཙན་དན་གྱི་ཌ་རུ་ཉི་ཤུ་དང་དྲིལ་བུ་ཉི་ཤུ་བཅས་ཡོད།  ལོ་དེའི་ཟླ་བདུན་པར་ཁུ་འདུས་ནང་ནས་ཆོས་ཐོག་བཟུང་ནས་སྡེ་བའི་འགྲིག་བཅོས། ཆོས་ཐོག་ལ་སྤྱི་བ་ཆད་ན་མི་རེ་མར་རྒྱ་མ་ལྔ་དང་བཞི་བའི་སྨྱུང་གནས་སུ་ཁྱིམ་རེ་ནས་མི་རེ་ཡོངས་དགོས་པའི་འགྲིག་བཅོས། ཆོས་ཐོག་དང་སྨྱུང་གནས་སྐབས་སུ་འཁྲུག་སྤྱོད་སོགས་འཁོར་བའི་ལས་བསགས་ན་ལྷམ་འཁུར་དགོས་པ་དང་སོགས་ཀྱི་འགྲིག་ཞིབ་མོ་བཅོས།

སྤྱི་ལོ1954ལོར་ཨ་ལག་གྲུབ་ཆེན་ཚང་ཟེར་བ་ཞིག་ཕེབས་ནས་བདུད་འདུལ་དྲག་མོའི་ཆོས་ཐོག་བཟུང་། ཚོགས་མགོར་བླ་མ་རྟ་དཔྱད་སྐུ་ལོ་ཚང་དང་གྲུབ་ཆེན་ཚང་གཉིས་ཀྱིས་བཟུང་ཞིང་། ཕུར་བུ་སྐྱབས། མགུར་གྲགས། སྔགས་མགོན། རིག་གྲོལ། སྐུ་བསོད། ཚེ་ལྷ། ཡག་ཐོ། གཞན་ཁོ། རང་གྲོལ། མགོན་རྒྱལ། འོ་ཟླ། ཀུ་བྷོ་སོགས་ཆོས་ཚོགས་སུ་ཞུགས་ཡོད།

སྤྱི་ལོ1957ལོའི་ཟླ་བདུན་པའི་ཚེས་བདུན་ཉིན་ད་ལྟའི་ལུང་དམར་ཡུལ་ཚོའི་ར་འཁྱོག་མདོ་ནས་ཆོས་ཐོག་བཟུང་། རྟ་དཔྱད་སྐུ་ལོ་ཚང་གིས་ཚོགས་མགོ་བཟུང་ཞིང་ཕུར་བུ་སྐྱབས། ཕུར་བུ་སྐྱབས། མགུར་གྲགས། སྔགས་མགོན། རིག་གྲོལ། སྐུ་བསོད། ཚེ་ལྷ། ཡག་ཐོ། གཞན་ཁོ། རང་གྲོལ། མགོན་རྒྱལ། འོ་ཟླ། ཀུ་བྷོ། ལྕགས་ཐར་རྒྱལ་ལམ་ལྕགས་བྷ། ཆོས་འཕེལ། ཀུན་དགའ། འཕྲིན་ལས་སོགས་ཆོས་ཚོགས་སུ་ཞུགས་ཡོད། དགེ་བསྐོས་ཀུན་དགའ་དང་དབུ་མཛད་རིག་གྲོལ་གྱིས་བྱས་ཤིང་། གཞན་ཁོ་དང་ཆོས་འཕེལ། རང་གྲོལ་གསུམ་གྱིས་མཆོད་དཔོན་བྱས་ཤིང་ཀུ་བྷོས་གཉེར་བའི་འགན་ཁུར། སྐབས་དེའི་ཆོས་ཚོགས་སུ་ཞུགས་ཡོད་མེད་གསལ་ཁ་མ་རྙེད་མོད་སྤྱིར་མོག་ཚོ་བར་སྤྱི་བ་གོང་གི་ཆོས་ཚོགས་སུ་ཞུགས་པའི་སྤྱི་ལས་གཞན་ད་དུང་ཡི་ཐོ། སྲས་བྷ། ཀུ་རྒྱལ། བནྡེ་རྒྱལ།བོན་ཐར། བནྡེ། འ་དཔའ་འམ་དཔའ་ལོ། ནོར་བུའམ་ནོར་བཟང་། ཀུན་ཚེ།གདུགས་དཀར། རས་ལོ། ལྷུན་གྲུབ། བན་ཐར་རྒྱལ། རྡོ་བྷ། གསེར་བྷ། བཟོད་པ། ཐེ་ག བཀྲ་བདེ། གུར་ངྷི་། ཚེ་ཀྲུང་། བཙན་ཐོ། བཙན་ལོ། ལྷུན་གྲུབ།  དཔལ་རྒྱལ། ཧུར་ཐར། མཁར་རྒྱལ་སོགས་ཡོད།

སྤྱི་ལོ58ལོ་ནས་བཟུང་དུས་ཟིང་གི་དབང་གིས་མོག་སྤྱི་བའི་ཆོས་ཚོགས་ཀྱང་མཚམས་ཆད་ནས་སྤྱི་ལོ85ལོ་ནས་སླར་གསོའི་བར་ལུས།

1_2 མོག་འཁོར་ཁང་བཏབ་པ།

སྤྱི་ལོ1982ལོར་རྒྱུ་སྐལ་ཕྱིར་བྱིན་སྐབས་ཀླུ་མགོན་རྒྱལ་གྱིས་ཆོས་ཤིག་བཅོས་ན་ཇི་ལྟར་བཅོས་ན་ལེགས་སྙམ་ནས་བསྟན་འཛིན་ཆེ་ལ་བློ་དྲིས་པར་བསྟན་འཛིན་ཆེ་གྱིས་མོག་སྡེ་བར་འཁོར་ཁང་ཞིག་བཏབ་ན་ལེགས་པར་གྲོས་མགོ་བཏོན་པ་ཡིད་ལ་བཅགས་ནས་སྤྱི་ལོ1985ལོར་སྐལ་ལྡན་དུ་མ་རང་གྲོལ་ཚང་ཕེབས་ནས་ཕྱོགས་ལས་རྣམ་རྒྱལ་གྱི་ལབ་ཙེ་བསྟོད་སྐབས་མོག་བླ་མ་ཀ་སྡེ་དང་མོག་ཀླུ་མགོན་རྒྱལ། ཡག་ཐོ། མགོན་རྒྱལ། སྲས་བྷ། ཀུ་རྒྱ། གའུ་སོགས་ཀྱིས་གྲོས་བྱས་ནས་མོག་གི་སྤྱི་བ་སླར་གསོ་བྱེད་རྒྱུ་འ་ལག་སྐལ་ལྡན་ཚང་ལ་ཞུས་པས་མོག་ཚོ་བར་འཁོར་ཞིག་འདེབ་པར་གྲོས་ཐག་བཅད་ཅིང་སྐུ་ལོ་ཀ་སྡེ། ཚེ་ལྷ། གཞན་ཁོ། སྲས་བྷ། རང་གྲོལ། མཁར་རྒྱལ། བྱིས་སྐྱིད། དཀོན་བློའམ་རྐོ་ལོ། ཚེ་དབང་། ཀོའུ་བྷེ། ཟླ་བ་ཚེ་རིང་། སྒྲ་དབྱངས། བསྟན་འཛིན། སྤོས་སྤོས། བསོད་བྷེ། དཀོན་མཆོག་གམ་དཀོན་བྷེ། བ་ཚེའམ་འཇམ་དབྱངས་ཚུལ་ཁྲིམས། བཙན་ཐོ། དཔལ་ལྡན། མགོན་རྒྱལ། གནམ་རས། བསོད་ནམས། ཀ་དྲས་སོགས་སྤྱི་བར་ཞུགས་པས་ཨ་ལག་སྐལ་ལྡན་ཚང་གི་ཁ་བཏགས་ཕུལ།

སྤྱི་ལོ1985ལོའི་ཟླ་བདུན་པའི་ཚེས་བདུན་ཉིན་རྟ་མང་ན་ཁ་ནས་བདུན་པའི་ཚེས་བཅུ་བཟུང་ཞིང་ཆོས་ཚོགས་སུ་སྐུ་ལོ་ཀ་སྡེ།  ཚེ་ལྷ། གཞན་ཁོ། སྲས་བྷ། བསྟན་འཛིན། རང་གྲོལ། མཁར་རྒྱལ། བྱིས་སྐྱིད།  རྐོ་ལོ། ཚེ་དབང་། གནམ་རས། ཟླ་བ་ཚེ་རིང་།  སྒྲ་དབྱངས། སྤོས་སྤོས། ཀོའུ་བྷེ། ཀུན་ཐར་རྒྱལ། དཀོན་མཆོག  བ་ཚེ། བཙན་ཐོ། བྱང་བྷ་སོགས་ཞུགས། སྒྲ་དབྱངས་དང་ཚེ་དབང་གཉིས་ཀྱིས་དབུ་མཛད་ཀྱི་འགན་འཁུར་རྒྱུ་དང་རྐོ་ལོ་དང་བྱིས་སྐྱིད་གཉིས་ཀྱི་མཆོད་དཔོན་བྱེད་རྒྱུ།གཞན་རྡོ་རྗེ་འཛིན་པ་གཞན་ཁོ་དང་གཉེར་བ་བྱང་བྷ་བྱེད་རྒྱུ་ཐག་བཅད།

སྤྱི་ལོ1986ལོའི་ཟླ་ལྔ་བའི་ཚེས་ལྔ་ཉིན་གོང་རིམ་འབྲེལ་ཡོད་ལས་ཁུངས་ལ་ཡར་ཞུ་བྱས་པ་བརྒྱུད་ཏང་དང་སྲིད་གཞུང་གི་རྒྱབ་སྐྱོར་དང་མགོ་ཁྲིད་འོག་མོག་ཀླུ་མགོན་རྒྱལ་གྱིས་རང་གི་ཕ་མའི་རྒྱུ་སྐལ་ཡོངས་མོག་དགོན་པ་འདེབས་པའི་ཞལ་འདེབས་སུ་ཕུལ་པ་དང་གཞན་དད་ལྡན་མང་ཚོགས་མང་པོས་མ་བསྐུལ་དང་བླངས་སྒོས་རང་ཉིད་ཀྱི་འཛོམས་ཚད་ལྟར་ཞལ་འདེབས་ཕུལ་ནས་ད་ལྟའི་མུ་རིའི་གྲོང་རྡལ་གྱི་ཉེ་འགྲམ་དུ་མོག་འཁོར་ཁང་གི་རྨང་བཏང་ཞིང་སྟོན་ཁར་ལེགས་འགྲུབ་བྱུང་ཞིང་།  ནང་རྟེན་གཙོ་བོ་སློབ་དཔོན་ཡབ་ཡུམ་གསུམ་གྱི་འབག་སྐུ། སྟོན་པ་གཙོ་འཁོར་གསུམ་གྱི་འབག་སྐུ།  ཐུགས་རྗེ་ཆེན་པོའི་འབག་སྐུ། འཇམ་པའི་དབྱངས་ཀྱི་འབག་སྐུ་སོགས་བཞེངས་ཡོད་ལ།  རྗེས་སུ་རྒྱུ་ཤེལ་ལྕགས་ལས་བྱས་པའི་ཐུགས་རྗེ་ཆེན་པོའི་སྐུ་དང་རྗེ་བཙུན་བྱམས་མགོན། མོག་སྡེ་བའི་སྐྱེས་པ་རེ་ནས་སྒོར་བཞི་བརྒྱ་རེ་ཕུལ་ནས་བླུས་པའི་གུ་རུ་སྟོང་སྐུ་དང་སྟོང་སྐུའི་གཙོ་སྐུ།སྨན་བླའི་སྐུ་བཅས་དང་། མི་འཁྲུགས་པའི་ཐང་ག འོད་དཔག་མེད་ཀྱི་ཐང་ག རྟ་མགྲིན་གྱི་ཐང་ག ཞི་ཁྲོའི་ཐང་ག རྒྱལ་ཆེན་སྡེ་བཞིའི་ཐང་ག་སོགས་ཐང་ག་ཆེ་ཆུང་སུམ་ཅུ་ལྷག་བཞེངས་ཡོད། གཞན་བཙན་ཁང་དང་ཞི་ཁྲོའི་ལྷ་ཁང་གཉིས་ཀྱང་བསྟུད་མར་བཞེངས་ཤིང་སོ་སོའི་རྟེན་གཙོ་བོ་ལ་རྟ་མགྲིན་དང་གཟའ།  མགོན་པོ་ཚོགས་བདག མགོན་པོ་ཕྱག་དྲུག་པ།  སྔགས་སྲུང་མ།  དམ་ཅན། ཙི་དམར། རྣམ་སྲས།  འཛམ་གླིང་གེ་སར་སོགས་ཀྱི་འབག་སྐུ་དང་།  བྲག་སེར་དང་གངས་དཀར་ཕྱོགས་ལས་རྣམ་རྒྱལ་གྱི་ཐང་གཞི་ཁྲོ་དམ་པ་རིགས་བརྒྱའི་རྡོ་སྐུ་དང་ཐང་ག་གཉིས།  པཎ་ཆེན་སྐུ་ཕྲེང་བཅུ་བའི་མནབས་བཟའ།  བྱང་ཆུབ་ལམ་རིམ་ཆེན་མོ།  བཀའ་བསྟན་གཉིས་དང་རྗེ་རིན་པོ་ཆེའི་གསུང་འབུམ་སོགས་སྐུ་རྟེན་དང་གསུངས་རྟེན་མང་པོ་བཞེངས་ཡོད་ལ། འཁོར་ཁང་དུ་མ་ཎི་འཁོར་ལོ་དང་ཡིག་བརྒྱའི་འཁོར་ལོ་སོགས་འཁོར་ཆེན་དྲུག་དང་འཁོར་ཆུང་བརྒྱ་དང་ལྔ་བཅས་ཡོད་པ་མ་ཟད།  མཆོད་རྟེན་ཆེན་པོ་གཅིག་དང་དཔའ་མཁར་གཅིག ཐར་མདོ་རྡོ་བརྐོས་མ་མང་པོ་བཞེངས་བསྐྲུན་བྱས་ཡོད།   སྐབས་དེར་གཟའ་མ་མགོན་སྐུ་ལོ་ཀ་སྡེ་གཙོ་བྱས་སྤྱི་བ་ཡོངས་ཀྱིས་འཁོར་ཁང་དོ་དམ་གྱི་འགན་ཁུར།  རྗེས་སུ་མེ་རུ་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གི་ཐུགས་ཁུར་འོག་མོག་འཁོར་ཁང་གི་ཆོས་ལུགས་བྱ་འགུལ་ཐམས་ཅད་མུ་མཐུད་དུ་རྒྱུན་འཁྱོངས་ཡོང་བའི་ཆེད་དུ་ས་མུའུ་སྟོང་བདུན་ལྷག་བཀོད་སྒྲིག་བྱས། 

སྤྱི་ལོ1987ལོའི་ཟླ་བཞི་བའི་ཚེས11ཉིན་འཁོར་ཁང་དུ་བཞི་བའི་སྨྱུང་གནས་འཚོགས། སྔགས་པ་སྐུ་ལོ། ཚེ་ལྷ། གཞན་ཁོ། སྲས་བྷ། དཔལ་ལྡན། བསྟན་འཛིན། རང་གྲོལ། མཁར་རྒྱལ། བྱིས་སྐྱིད།  ཚེ་དབང་། བ་བྷོ། གནམ་རས། ཟླ་བ་ཚེ་རིང་། ཀུན་ཐར་རྒྱལ། སྤོས་སྤོས། སྒྲ་དབྱངས། ཀོའུ་བྷེ། དཀོན་མཆོག བ་ཚེ། བཙན་ཐོ། བསོད་བྷེ། མགོན་རྒྱལ་སོགས་ཡོད།

སྤྱི་ལོ1988ལོའི་ཟླ་དང་པོའི་ཚེས་ལྔ་ཉིན་བཀའ་འགྱུར་གསེར་ཞགས་བཏོན། སྐུ་ལོ། གཞན་ཁོ། ཀུན་ཐར་རྒྱལ། སྲས་བྷ། བ་བྷོ།  མགོན་རྒྱལ། རང་གྲོལ། ཚེ་དབང་། རྐོ་ལོ། ཟླ་བ་ཚེ་རིང་། བཙན་ཐོ། ཀོའུ་བྷེ། སྒྲ་དབྱངས། གནམ་རས། ལྷ་མཆོག་སོགས་ཡོད།

བར་སྐབས་འདིར་སྐལ་ལྡན་དུ་མ་རང་གྲོལ་ཚང་ཕེབས་ནས་རྩ་བ་གསུམ་དང་སྡུག་བསྔལ་རང་གྲོལ་གྱི་དབང་ལུང་གསུངས་པ་དང་། རྫོགས་ཆེན་གྱི་མཁན་པོ་བསྟན་འཛིན་ཚེ་ལྷའམ་ཐུབ་བསྟན་ཉི་མ་ཕེབས་ནས་རྩ་གསུམ་དང་བདེ་ཆེན་ཞིང་གྲོལ་གསུངས།

སྤྱི་ལོ1992ལོར་རྐང་ཚའི་མཁན་པོ་ཚེ་དབང་རིག་འཛིན་ཚང་ཕེབས་ནས་བདེ་ཆེན་གྲོལ་གསུངས་པ་མ་ཟད་བཙུན་མོ་ལབ་ཙེ་བསྟད་པ་དང་རྣམ་རྒྱལ་མཆོད་རྟེན་བཞེངས།

སྤྱི་ལོ1996ལོར་གོང་རིམ་འབྲེལ་ཡོད་ལས་ཁུངས་ཀྱིས་དགོན་པར་མཆོག་མཆན་གནངས།

སྤྱི་ལོ2002ལོར་སྤྲུལ་སྐུ་པདྨ་སྐལ་བཟང་ཚང་ས་ཐོབ་དགོན་པར་ཕེབས་ནས་དུས་འཁོར་དབང་ཆེན་དང་སྙིང་ཐིག་ཡ་བཞིའི་དབང་ལུང་གནངས་སྐབས་སྐུ་ལོ་ཀ་སྡེ་ཚང་དང་། བློ་བཟང་འཇམ་དབྱངས། ཡག་ཐོ། ཀུ་རྒྱ། བནྡེ་རྒྱལ། རྟ་མགྲིན་ཚེ་རིང་ངམ་ཀོའུ་བྷེ། ཟླ་བ་ཚེ་རིང་།ཐུབ་བསྟན་སོགས་ཀྱིས་མོག་འཁོར་ལ་མཚན་བྱང་ཞིག་སྩོལ་བར་རེ་ཞུ་བྱས་པས་ཁོང་ཚང་གིས་གསང་ཆེན་ཆོས་འཁོར་གླིང་ཞེས་པའི་དགོན་པའི་མཚན་དང་རྟེན་ལ་ཁོང་ཚང་གི་སྐུ་ཞིག་དང་རྟེན་སྐལ་གནངས་པ་མ་ཟད་རྫོགས་ཆེན་དགོན་པའི་དགོན་ལག་ཏུ་བཟུང་། དེ་ནས་བཟུང་མོག་དགོན་པའི་མིང་དུ་མོག་ཆེན་ཚོ་བའི་གསང་ཆེན་ཆོས་འཁོར་གླིང་དུ་བོས་པ་ཡིན།།

1_3 གསང་ཆེན་གླིང་བསྐྱར་བཞེངས་བྱས་པ།

མེ་རུ་རྡོ་སོལ་གཏེར་ཁ་བསྔོག་འདོན་གྱི་རྒྱ་ཇེ་ཆེར་སོང་བ་བསྟུན་ཁོར་ར་ཁོར་ཡུག་ལ་འབག་བཙོག་ཆེས་བཟོས་པ་མ་ཟད་ཉེ་འགྲམ་ནས་བགད་པའི་འགད་རྫས་སྣ་ཚོགས་ཀྱི་དབང་གིས་དགོན་པའི་འདུ་ཁང་དང་གྲྭ་ཤག སྨྱུང་གནས་ཁང་སོགས་ལ་གནོད་འཚེ་ཚབས་ཆེན་ཐེབས་པས་དགོན་པའི་གནས་མི་བརྗེ་ཀ་མེད་བྱུང་།  དགོན་པའི་གནས་སྤོར་བའི་སྐོར་ལའང་གྲོས་ཁ་དུ་མ་མཛད་ཅིང་ལུང་དམར་དང་རྫོང་གི་ཉེ་འགྲམ་སོགས་ཀྱི་གནས་ལེགས་པ་དུ་མར་སྤོར་རྩིས་བྱས་ནའང་རྐྱེན་དུ་མས་དབང་གིས་སྤྱི་ལོ2012ལོའི་ཟླ4པའི་ཚེས16ཉིན་ད་ལྟའི་གནས་མལ་དུ་བསྐྱར་འཛུགས་བྱེད་པར་ཐག་བཅད་པ་ཡིན། སྤྱི་ལོ2012ལོའི་ཟླ6པའི་ཚེས4ཉིན་ས་ཁ་ཕྱེས། སྤྱི་ལོ2014ལོའི་ཟླ6པའི་ཚེས1ཉིན་བླ་མ་ཀ་སྡེ་གཙོ་བྱས་པའི་ས་ཐོབ་དགོན་པའི་ཀྲུའུ་རིན་ཀུ་སྡེ་སོགས་གྲྭ་དཔོན་གཡོག་འགའ་ཕེབས་ནས་གདུང་མ་འཕངས་ཏེ་ཆོས་ལུགས་ཆོ་ག་སྤེལ།  སྤྱི་ལོ2014ལོའི་ཟླ8པའི་ཚེས21ཉིན་ནས་བཟུང་བློ་བཟང་འཇམ་དབྱངས་དང་ཕུན་ཚོགས་གཉིས་ཀྱིས་ཉིན་དུ་མར་ས་བདག་སྙིང་གཏེར་གྱི་གཏེར་བསྒྲུབ་མཛད་དེ་དབུས་དང་ཕྱོགས་བཞི་ལ་གཏེར་ལྔ་བཞག  དགོན་པའི་འདུ་ཁང་འཛུགས་སྐྲུན་ལ་སྒོར་ས་ཡ་གཉིས་དང་འབུམ་བཞི་བཏང་། སྤྱི་ལོ2015ལོར་རྩིས་ལེན་བྱས། སྒོར་འབུམ་གསུམ་དང་ཁྲི་གསུམ་གྱིས་ཀུན་དགའ་ར་བ་སྐྱ་བཟོ་བྱས། དགོན་པའི་འདུ་ཁང་གི་རྒྱ་ཁྱོན་རྨིད་གྲུ་བཞི་མ324ཡིན། གཅིག་ཐོག་གི་གཙོ་སྐུ་ལ་སློབ་དཔོན་ཡབ་ཡུམ་གསུམ་དང་གཡས་སུ་ཀློང་ཆེན་རམ་འབྱམས་དང་གཡོན་དུ་འཇིགས་མེད་གླིང་བ་ཡོད།

ཉིས་ཐོག་ཏུ་གཙོ་སྐུ་སྟོན་པ་གཙོ་འཁོར་གསུམ་དང་གཡས་སུ་སྤྱན་རས་གཟིགས་དང་གཡོན་དུ་འཇམ་པའི་དབྱངས་ཡོད་པ་མ་ཟད་སྔོན་གྱི་རྟེན་གཙོ་བོ་བཀའ་བསྟན་གཉིས་ཀའང་བཞུགས།  བཙན་ཁང་དུ་ཡི་དམ་རྟ་མགྲིན་ལྕགས་རལ་དང་གསང་བདག་ཕྱག་ན་རྡོ་རྗེ།  མགོན་པོ་ཚོགས་བདག གཟའ། དམ་ཅན་རྡོ་རྗེ་ལེགས་པ། དཔལ་ལྡན་ལྷ་མོ།  སྔགས་སྲུང་མ། ཙི་དམར། རྣམ་སྲས། གེ་སར། ཨ་མྱེས་རྨ་ཆེན།  ཕྱོགས་ལས་རྣམ་རྒྱལ་ཡབ་ཡུམ་སྲས་གསུམ།  བྲག་སེར། ཡུལ་ལྷ་སོགས་བཞུགས།

2 རྟེན་གཙོ་བོ།

གཅིག་ཐོག་གི་གཙོ་སྐུ་ལ་སློབ་དཔོན་ཡབ་ཡུམ་གསུམ་དང་གཡས་སུ་ཀློང་ཆེན་རམ་འབྱམས་དང་གཡོན་དུ་འཇིགས་མེད་གླིང་བ་ཡོད།

ཉིས་ཐོག་ཏུ་གཙོ་སྐུ་སྟོན་པ་གཙོ་འཁོར་གསུམ་དང་གཡས་སུ་སྤྱན་རས་གཟིགས་དང་གཡོན་དུ་འཇམ་པའི་དབྱངས་ཡོད་པ་མ་ཟད་སྔོན་གྱི་རྟེན་གཙོ་བོ་བཀའ་བསྟན་གཉིས་ཀའང་བཞུགས།  བཙན་ཁང་དུ་ཡི་དམ་རྟ་མགྲིན་ལྕགས་རལ་དང་གསང་བདག་ཕྱག་ན་རྡོ་རྗེ།  མགོན་པོ་ཚོགས་བདག གཟའ། དམ་ཅན་རྡོ་རྗེ་ལེགས་པ། དཔལ་ལྡན་ལྷ་མོ།  སྔགས་སྲུང་མ། ཙི་དམར། རྣམ་སྲས། འཛམ་གླིང་གེ་སར། ཨ་མྱེས་རྨ་ཆེན།  ཕྱོགས་ལས་རྣམ་རྒྱལ་ཡབ་ཡུམ་སྲས་གསུམ།  བྲག་སེར། ཡུལ་ལྷ་འཁོར་གསུམ་སོགས་བཞེངས་བསྐྲུན་བྱས་ཡོད་ཅིང་། ད་ལྟ་ད་དུང་མུ་མཐུད་དུ་རྒྱ་བསྐྱེད་བྱས་ཏེ་ལྷ་སྐུ་ནང་རྟེན་དང་གྲྭ་ཤག བཙན་ཁང་། མཆོད་རྟེན་བརྒྱད་སོགས་བཞེངས་སྐྲུན་གྱི་འཆར་གཞི་འགོད་ཀྱིན་ཡོད་པ་མ་ཟད་དགོན་པའི་རང་གི་ཐུན་མོང་གི་རྩྭ་ས་བེད་སྤྱོད་གང་ལེགས་བྱས་ཏེ་དགོན་པས་རང་ཁ་རང་གསོ་བྱེད་པའི་ཕྱོགས་སུ་བརྩོན་བཞིན་ཡོད། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-05-25

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།