ཤ་རག་གའི་གཞུང་གི་བཀའ་འགྱུར་རྡོ་བརྐོས་ཆེན་མོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཤ་རག་གའི་གཞུང་གི་བཀའ་འགྱུར་རྡོ་བརྐོས་ཆེན་མོ།
ཤུལ་བཞག་རིག་རྫས་ཞིག་ཡིན་ཏེ། མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་བོང་སྟག་ཤ་རག་གའི་གཞུང་གི་བཀའ་འགྱུར་རྡོ་བརྐོས་ཆེན་མོ་དེ་ནི་ཅོང་ཆུ་གྲོང་རྡལ་གྱི་ནུབ་ཕྱོགས་ཀྱི་སྤྱི་ལེ14ཡས་མས་མཚམས་སུ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
石经院
ཁོངས་གཏོགས་རྒྱལ་ཁབ།
ཀྲུང་གོ
སྲིད་འཛིན་ཁོངས་གཏོགས།
མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་།
རིགས་དབྱེ།
ཤུལ་བཞག་རིག་རྫས།
གནས་ཡུལ།
མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་གི་ཅོང་ཆུ་གྲོང་རྡལ།
མཚོ་འཕགས།
རྨིད3405ཡོད།
1 ​མིང་ཐོགས་ཚུལ།

སེམས་ཅན་ཀུན་གྱི་མཆོད་ཡུལ་ཏུ་གྱུར་བའི་བཀའ་འགྱུར་རྡོ་ཁྲི་ཆེན་མོ་དེ་ནི་ཤ་རག་གའི་གཞུང་དུ་གནས་ཤིང་།  ཤ་རག་ག་ནི་བོད་སྐད་དང་སོག་འདྲེས་མ་ཞིག་ཡིན་ཏེ།  ཤ་རག་ག་ནི་སོག་སྐད་ཀྱིས་སེར་མདོག་གི་དོན་ཡིན་པས།  བོད་སྐད་ཀྱི་ལམ་ནས་སྨྲས་ན་གསེར་ལྡན་གཞུང་ཟེར་ན་ལེགས་པར་སྙམ། རྒྱལ་བའི་གསུང་རབ་རིན་པོ་ཆེ་བཀའ་འགྱུར་རྡོ་རུ་བརྐོས་གྲུབ་པས་ཤ་རག་གའི་བཀའ་འགྱུར་རྡོ་བརྐོས་ཆེན་མོ་ཐོགས།

2 གནས་ལ་ས་དཔྱད་བྱས་ཚུལ།   

སྤྱི་ལོ1951ལོ་ཙམ་ལ་སྟོང་དཔོན་གཞོན་པ་ཆོས་རྒྱམ་གྱིས་བླང་བྱ་བཏོན་པ་ལྟར་སྤྱིའི་སྟོང་དཔོན་རྟམ་ཁོས་ཐུགས་ཁུར་གནང་སྟེ། བོང་སྟག་གི་བླ་མ་དང་ཚོ་དཔོན།  མཁས་པ་རྣམས་ཀྱིས་གྲོས་མོལ་ཞིབ་ཏུ་མཛད་ནས་བོང་སྟག་གི་ཡུལ་གྲུ་ཞིག་ནས་བཀའ་འགྱུར་ཆེན་མོ་རྡོ་རུ་བརྐོ་བར་གྲོས་ཐག་བཅད་དེ་སྟོང་དཔོན་གཞོན་པ་ཆོས་རྒྱམ་གྱིས་བྱེ་དྲག་ཏུ་འགན་བཞེས།  ཨ་ལགས་གདོང་དཔྱད་དེ་མདོ་སྔགས་བསྟན་པའི་རྒྱལ་མཚན་ཚང་སོགས་བླ་མའང་རེ་འགའ་ཕེབས་ནས་བཀའ་འགྱུར་རྡོ་བརྐོས་ཀྱི་འཕྲིན་ལས་ལ་གྲོས་མོལ་མཛད་ཅིང་། ཡུལ་ལ་དཔྱད་པ་མང་པོ་གནང་མཐར།  ཨ་ལགས་གདོང་དཔྱད་ཀྱིས་དཔྱད་པ་གནང་བ་ལྟར་ཡུལ་བཟང་པོ་བེའུ་ཧའི་ཤ་རག་གའི་གཞུང་ཞེས་གྲགས་པ་ཐང་བདེ་མོ་གོས་ཆེན་བཏང་འདྲའི་གནས་མཆོག་དེར་བཀའ་འགྱུར་རྡོ་རུ་བརྐོ་བཞེངས་བྱེད་རྒྱུར་ཐག་བཅད་གནང་།  ཉྭ་ནག་ཐེག་མཆོག་གིས་བཀའ་འགྱུར་རྡོ་བརྐོས་ཆེན་མོ་བཞེངས་པའི་ཚད་གཞིའི་ཐིག་བརྒྱབ་ཅིང་།  སྐུ་འབུམ་ནས་བཀའ་འགྱུར་སྡེ་དགེའི་པར་གཞི་བླུས་ཡོང་ནས།  བོང་སྟག་རང་ལ་ཡོད་པའི་རྡོ་བཟོ་བཀའ་སྡོད་དང་ཐགས་ཀའི་ཀླུ་རྒྱལ།  ཟླ་གྲགས་སོགས་གཙོ་བྱས་པའི་རྡོ་བཟོ་པ50ལྷག་ཡོད་པ་རྨང་གཞི་བྱས་ཐོག  རྨ་ལྷོའི་རྩེ་ཁོག་གི་ཧོར་གཏེར་སྟོན་དགོན་པའི་རྡོ་བཟོ་བ་འཇིགས་མེད་དང་བདུད་འཇོམས་སོགས་མི30ལྷག་གདན་འདྲེན་བྱས་ཤིང་།  སྤྱི་ལོ1951ལོ་ནས་སྤྱི་ལོ1957བར་གྱི་ལོ་ངོ་བདུན་རིང་ལ་ཁོང་རྣམ་པས་ལག་ཤེས་དང་ནུས་རྩལ་ལ་བརྟེན་ནས་1957ལོར་བཀའ་འགྱུར་རྡོ་བརྐོས་ཆེན་མོ་ཡོངས་སུ་ལེགས་འགྲུབ་བྱུང་།

3  ཕྱིའི་དབྱིབས་ཀྱི་རྣམ་པ་དང་བཞེངས་པའི་ལོ་ཚིགས་ངོ་སྤྲོད།

མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་བོང་སྟག་ཤ་རག་གའི་གཞུང་གི་བཀའ་འགྱུར་རྡོ་བརྐོས་ཆེན་མོ་དེ་ནི་ཅོང་ཆུ་གྲོང་རྡལ་གྱི་ནུབ་ཕྱོགས་ཀྱི་སྤྱི་ལེ14ཡས་མས་མཚམས་སུ་ཡོད། མཐོ་ཚད་ལ་མཚོ་ངོས་ལས་རྨིད3405ཡས་མས་ཡོད་ལ་སའི་གོ་ལའི་འཕྲེད་གཞུང་གི་ཏུའུ་གྲང་ནི37°20′4.90″ N དང 99°14′4.55″ E ཡིན། སེམས་ཅན་ཀུན་གྱི་མཆོད་ཡུལ་ཏུ་གྱུར་བའི་བཀའ་འགྱུར་རྡོ་ཁྲི་ཆེན་མོ་དེ་ནི་ཤ་རག་གའི་གཞུང་དུ་གནས་ཤིང་།  ཤ་རག་ག་ནི་བོད་སྐད་དང་སོག་འདྲེས་མ་ཞིག་ཡིན་ཏེ།  ཤ་རག་ག་ནི་སོག་སྐད་ཀྱིས་སེར་མདོག་གི་དོན་ཡིན་པས།  བོད་སྐད་ཀྱི་ལམ་ནས་སྨྲས་ན་སེར་ལྡན་གཞུང་ཟེར་ན་ལེགས་པར་སྙམ།  རྡོ་རྩིག་ཆེན་མོ་འདིའི་སྤྱིའི་རྩིག་དབྱིབས་གྲུ་བཞི་ཡིན་ལ།  གླིང་རེ་རེའི་རིང་ཚད་ལ་རྨིད་80ཙམ་ཡོད།  བཀའ་འགྱུར་དུམ་པ་རེར་འདོམ་པ་2ཙམ་ཡོད་པའི་ཆོས་ཁྲིའི་སྟེང་དུ་མཐོ་དམན་མིའི་ལུས་ཚད་དང་མཉམ་པར་རྩིག་ཅིང་། ཞེང་ཚད་ལ་འདོམ་པ་གང་ལྷག་མཆིས།  སྤྱི་ལོ1951ལོར་བོང་སྟག་དཔོན་པོ་རྟམ་ཁོ་དང་ཆོས་རྒྱམ་གཉིས་གཙོ་བྱས་པའི་བླ་དཔོན་གང་མང་གནས་བོང་སྟག་ཡུལ་ཏུ་ཆོས་ཀྱི་བསྟན་པའི་སྒྲོན་མེ་གསལ་ཅིང་སྲིད་ཀྱི་འབྱོར་བའི་ལོངས་སྐྱོད་རྒྱས་ཏེ་བདེ་སྐྱིད་རྫོགས་ལྡན་གྱི་ཞིང་ཁམས་ཤིག་ཆགས་པར་མོ་ལུང་དང་ཕུགས་འདུན་གཅིག་ཏུ་འདྲེས་ནས།  སྐྱེ་དགུའི་ཡིད་དབང་མེད་དུ་འདྲེན་པའི་གནས་དམ་པ་བོང་སྟག་ཤ་རག་གི་གཞུང་དུ་རྒྱལ་བའི་གསུང་རབ་རིན་པོ་ཆེ་བཀའ་འགྱུར་རྡོ་རུ་བརྐོས་ཏེ་མཆོད་བཀུར་བྱས།   ཆོས་རྩིག་བཞུགས་པའི་ཚུལ་ནི་ལྟ་ན་སྡུག་པ་ཞིག་སྟེ།    དབྱིབས་ནི་མཁར་གྱང་གྲུ་བཞི་མ་ཆེན་པོ་ཞིག་དང་མཚུངས་ཤིང་མཁར་སྒོ་ལྷོ་རུ་འཁོར་བའི་ཆོས་རྩིག་གི་གླིང་རེ་རེའི་རིང་ཚད་དུ་རྨིད85ཙམ་ཡོད་པ་དང་སྤྱིའི་རིང་ཚད་དུ་རྨིད342ལྷག་ཡོད།  ཆོས་རྩིག་གྱང་གི་མཐོ་ཚད་དུ་རྨིད2དང་གྱང་ཞབས་ཞེང་ལ་རྨིད3ལྷག་ཡོད་པ་དང་ཁ་ཞེང་དུ་རྨིད1.7ཙམ་ཡོད།  ཆོས་རྩིག་གི་རྒྱ་ཁྱོན་དུ་རྨིད་གྲུ་བཞི་མ7048ཙམ་ཡོད་པ་དང་གྱང་ཞབས་ཏེ་ཆོས་ཁྲི་ནི་གྲམ་རྡོ་དང་གཡའ་རྡོ་ཟུང་ལས་གྲུབ་ཅིང་།  དེའི་སྟེང་དུ་བཀའ་འགྱུར་གླེག་བམ་བརྒྱ་དང་བརྒྱད་དེ་རྡོ་གཡའ་མའི་ཐོག་ཏུ་བརྐོས་ནས་བརྩིགས་ཡོད་ལ།  རྩིག་རིམ་གྱི་མཚམས་མཚམས་སུ་རྡོའི་སྐུ་ཁང460ལྷག་ཡོད། དེ་མིན་གླིང་སོ་སོའི་སྟེང་དུ་ཀུན་གྱི་དང་བ་འདྲེན་པའི་རྡོ་བའི་སྐུ་ཁང180ཡོད་དེ།  འཛམ་གླིང་རྒྱན་དྲུག་མཆོག་གཉིས་དང་། རྒྱ་གར་གྲུབ་ཆེན་བརྒྱད་ཅུ།  འཕགས་ཡུལ་གནས་བརྟན་བཅུ་དྲུག  བོད་ཡུལ་རྗེས་འབངས་ཉེར་ལྔ་སོགས་རྡོ་རུ་བརྐོས་པའི་སྐུ432བཞུགས་ལ།  རྡོ་རྩིག་གི་དབུས་སུ་རིན་པོ་ཆེའི་གཏེར་མཛོད་བསམ་གྱིས་མི་ཁྱབ་པ་གང་མང་གཟུངས་སུ་བཞུགས་པའི་དཔལ་དུས་ཀྱི་འཁོར་ལོའི་མཆོད་རྟེན་བཞེངས་ཡོད།  སྤྱི་ལོ1953ལོར་ཆོས་རྩིག་གི་རྨང་གཞི་ལེགས་པར་འགྲུབ་པས།  བོང་སྟག་གིས་འགྲུབ་སྟོན་རྒྱ་ཆེན་པོ་བྱས།  ཡོངས་འཛིན་བློ་བཟང་མཁས་གྲུབ་རྒྱ་མཚོ་ཚང་གདན་འདྲེན་ཞུས་པས།  ཁོང་གིས་དུས་འཁོར་གྱི་དབང་གསུངས་ཤིང་བཀའ་འགྱུར་རྡོ་རྩིག་ལ་རབ་གནས་མཛད།  སྤྱི་ལོ1956ལོར་བོང་སྟག་རང་གི་རྡོ་བཟོའི་ནུས་པར་བསྟེན་ནས་སྐུ་ཁང་དང་རྡོ་སྐུ།  དུས་འཁོར་མཆོད་རྟེན་སོགས་ཡོངས་སུ་འགྲུབ།  ཕལ་ཆེར་སྤྱི་ལོ1951ལོར་ཆོས་རྩིག་བཞེང་བར་གྲོས་མོལ་མཛད་དེ་ཐུགས་ཐག་བཅད་པ་དང་སྤྱི་ལོ1952ལོའི་དཔྱིད་ཀ་ནས་བཟུང་འཛུགས་སྐྲུན་གྱི་མགོ་བརྩམས།  སྤྱི་ལོ1953ལོར་བཀའ་འགྱུར་ཆོས་རྩིག་གི་རྨང་གཞི་ལེགས་འགྲུབ་བྱུང་བས་འགྲུབ་སྟོན་བཤམས།  སྤྱི་ལོ1957ལོར་ཆོས་རྩིག་གི་སྐུ་ཁང་སོ་སོ་དང་རྡོ་སྐུ།  དུས་འཁོར་མཆོད་སོགས་ཀྱི་ལས་དོན་ཡོངས་སུ་གྲུབ་པས་སྔོན་ལས་ལྷག་པའི་འགྲུབ་སྟོན་ཆེན་པོ་བཤམས་པ་རེད།  སྤྱི་ལོ1953ལོར་འཇམ་དཔལ་རལ་གྲི་ཚང་གི་ཐུགས་བཀོལ་ལྟར་བཀའ་འགྱུར་རྡོ་རྩིག་ཆེན་མོའི་སྟེང་དུ་ཐར་བ་ཆེན་མོའི་མདོ་ཆ་ཚང་ཞིག་བརྩིགས་པས།  དུས་དེ་ནས་བཟུང་བོང་སྟག་སྡེ་བར་བུ་རྒྱུ་གཉིས་འཛོམས་སུ་གྱུར་བར་བཤད།

4 བཀའ་འགྱུར་རྡོ་བརྐོས་ཆེན་མོ་བཞེངས་པའི་རྐྱེན་བསྐུལ།

རྒྱལ་བའི་བཀའ་འགྱུར་ཆེན་མོ་རྡོའི་གླེག་བམ་དུ་བཞེངས་པའི་རྐྱེན་བསྐུལ་ལ་བཤད་ཚུལ་མི་འདྲ་བ་དུ་མ་ཞིག་ཡོད། འདིར་གཙོ་ཆེ་བའི་དབང་དུ་བཏང་ནས་བརྗོད་ན། གཅིག་ནི་མཚན་སྙན་གྲགས་དབྱར་སྐྱེས་རྔ་གསང་བཞིན་གྲགས་པ། སྟོང་དཔོན་རིམ་བྱོན་གྱི་གདུང་རྒྱུད་འཁྲུལ་མེད།  བོང་སྟག་སྟོང་དཔོན་ཆེན་མོ། མཚོ་ནུབ་སོག་བོད་ཧ་སག་རིགས་རང་སྐྱོང་ཁུལ་གཏེར་ལམ་རྫོང་གི་རྫོང་དཔོན་གཞོན་པ་རྟ་མགྲིན་ཚེ་རིང(སྤྱི་ལོ1905ལོ་ནས་སྤྱི་ལོ1967ལོའི་བར།)(གཤམ་དུ་སྟོང་དཔོན་བསྟན་ཁོ་ཟེར)དང་། བཀའ་ལུང་གསེར་གྱི་འཁོར་ལོ་བསྒྱུར་མཁན། སྲིད་འདིར་སྙན་གྲགས་ཀྱི་རོལ་་མོ་ཕྱོགས་ཀུན་ཏུ་ཁྱབ་པ།  ཆོས་དང་སྲིད་ལ་མཁས་པའི་བློན་ཆེན། བོང་སྟག་སྟོང་དཔོན་གཞོན་པ། མཚོ་ནུབ་སོག་བོད་ཧ་སག་རིགས་རང་སྐྱོང་ཁུལ་གཏེར་ལམ་རྫོང་གི་རྫོང་དཔོན་གཞོན་པ་ཆོས་གྲགས་རྒྱ་མཚོ(སྤྱི་ལོ1905ལོ་ནས་སྤྱི་ལོ1954ལོའི་བར) (གཤམ་དུ་བོང་སྟག་ཆོས་རྒྱམ་ཟེར)གཉིས་ཀྱི་སྐུ་རིང་གི་ཉིན་ཞིག་ལ།  བོང་སྟག་ཆོས་རྒྱམ་ཀྱིས་སྤྱི་ལོ1948ལོར་རྗེ་བཙུན་དམ་པ་བློ་བཟང་འོད་ཟེར་དཔལ་བཟང་པོ་ཚང་བོང་སྟག་ཏུ་ཞུས་ནས་དཔལ་པཎ་ཆེན་ནཱ་རོ་བའི་དབང་ལུང་གསུངས་སྐབས་ཁོང་གིས་བོང་སྟག་ཆོས་རྒྱམ་ལ་ཁྱེད་ཀྱིས་འདི་ཕྱི་ལེགས་ཚོགས་དང་ཕྱི་རབས་པ་རྣམས་ཀྱི་མགོ་་རིའི་རྟེན་ལ་རྒྱལ་བའི་བཀའ་འགྱུར་ཞིག་བརྐོ་བཞེངས་བྱས་ན་བཟང་བས་ལུང་བསྟན་པ་བཞིན།  ཞལ་ཆེམས་སྤྱི་བོའི་རྒྱན་དུ་བླངས་ནས་སྒྲུབ་རྒྱུས་མོས་འདུན་ཡོད་པ་སྟོང་དཔོན་རྟམ་ཁོ་ཉིད་ལ་ཞུས་པས།  རྟམ་ཁོ་་ཉིད་ཀྱིས་ཀྱང་བོང་སྟག་གི་ཡུལ་གྲུ་འདིར་དེ་འདྲའི་རྟེན་གསུམ་གལ་ཆེན་ཞིག་བཞེངས་རྒྱུ་ནི་བླ་མས་ལུང་བསྟན་ཡིན་པས། སེམས་ཅན་ཐམས་ཅད་ལ་མི་མཛད་པའི་བསོད་ནམས་དང་། གནས་སྐབས་དང་མཐར་ཐུག་གི་ཕན་པ་དང་ཡོན་ཏན་རྒྱ་ཆེན་པོ་ཡོད་པས། དོན་དེ་བསྒྲུབ་པར་མཐུན་པ་བྱུང་ཞིང་རང་ཉིད་ཀྱིས་རྒྱུ་འབྱོར་ཅི་ཙམ་མཁོ་ན་དེ་ཙམ་གྱི་མཐུན་རྐྱེན་སྦྱོར་རྒྱུའི་ཡིད་སེམས་བསྟན་པ་དང་། ཚོ་དཔོན་ཐམས་ཅད་ལ་ཡང་གྲོས་དང་འདུན་པ་བྱེད་དགོས་པ། མཐར་ལེགས་གྲུབ་ཡོང་བའི་སྨོན་འདུན་དང་བརྐོ་བཞེངས་ཀྱི་ས་གནས་སོགས་ལ་ལུང་བསྟན་ལྷད་མེད་བྱེད་དགོས་པས་བླང་བྱ་བཏོན། བོང་སྟག་ཆོས་རྒྱམ་ཉིད་ཀྱིས་མ་འོངས་བ་ན་ཕྲན་ལ་དེ་ལྟར་ལེགས་པར་འགྲུབ་པས་སྐལ་བ་ཡོད་པར་སེམས་ཏེ། བདག་གཞན་ཀུན་ལ་ཕན་པ་དང་དགེ་བའི་ས་བོན་བསྐྲུན་ཕྱིར་བཀའ་ལུང་གསེར་གྱི་འཁོར་ལོ་བསྐོར་བས་རྒྱལ་བའི་བཀའ་འགྱུར་ཆེན་མོ་མི་འཇིག་གོར་མ་རྡོའི་གླེགས་བམ་ལ་བཞེངས་བསྐྲུན་ཀྱི་རྐྱེན་དང་བསྐུལ་མས་བསླངས་བ་ནི་བདེན་ཤེས་ཧ་ཅང་ཆེའོ། །

རྗེ་བློ་བཟང་འོད་ཟེར་དཔལ་བཟང་པོ་ནི(སྤྱི་ལོ1888ལོ་ནས་སྤྱི་ལོ1950ལོའི་བར།) མདོ་སྨད་དུ་མིང་གྲགས་ཆེ་བའི་པཎ་ཆེན་ནཱ་རོ་བ་ནས་བརྒྱུད་པས་ནཱ་རོ་མཁའ་སྤྱོད་མའི་ཆོས་རྒྱུན་སྤེལ་མཁན་དང་བརྙེན་པ་རྫོགས་པས་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་ཞིག་ཡིན་པ་དང་།  ཁོང་གི་ལོ་རྒྱུས་སུ་བོང་སྟག་ཆོས་རྒྱམ་གྱིས་ཐེངས་གཉིས་ལ་བོང་སྟག་ཏུ་ཞུས་པ་དང་ཁོང་གིས་གསུང་བཀོད་བཞིན་སྔ་རྗེས་སུ་བྲག་སེར་ལབ་ཙེ་དང་བཀའ་འགྱུར་རྡོ་བརྐོས་ཆེན་མོ་བཞེངས་ཞེས་འཁོད་ཡོད་དོ། །

གཞན་ཞིག་ནི་མགོ་ལོག་བླ་མ་པདྨ་སིངྷི་ཐུབ་བསྟན་ཞི་བའི་བློ་གྲོས(སྤྱི་ལོ1879ལོ་ནས་སྤྱི་ལོ1956ལོའི་བར)སུ་འབོད་པས་ཡུལ་ཕྱོགས་ཀུན་ཏུ་མ་ཎིའི་གསུང་དབྱངས་སྒྲོག་བཞིན་བྱ་བཏང་གི་ཚུལ་དུ་ཕེབས་བཞིན་པ་འདི་ཉིད་རབ་བྱུང་བཅུ་དྲུག་པའི་ལྕགས་སྟག་སྤྱི་ལོ1950ཡས་མས་ཙམ་ལ་བོང་སྟག་ཏུ་ཕེབས་པ་དང་། བོང་སྟག་གིས་གནས་འདིར་བསང་ཁྲི་ཆེན་པོ་ཞིག་བརྩིགས་ཏེ་ཡུལ་ལྷ་གཞི་བདག་སོགས་ལ་གསོལ་མཆོད་རྒྱ་ཆེན་བྱས་བ་དང་། བླ་མས་ཉིན་མང་པོའི་རིང་སྐྱ་སེར་ཕོ་མོ་ཀུན་ལ་རང་རང་གི་བློ་ཁ་འཚམ་པའི་བཀའ་ཆོས་གསུངས་པ་དང་། མཚོ་སྙིང་དུ་སློབ་དཔོན་པདྨའི་སྐུ་བརྙན་བཞེངས་པ། ཁྱད་པར་དུ་མ་ཎིའི་མགུར་དབྱངས་བསྒྲགས་པར་མ་ཟད། དད་ལྡན་ཐམས་ཅན་ལ་དགེ་བསྐུལ་དང་མ་ཎི་གྲངས་ལས་འདས་བ་ཁས་ལེན་དུ་བཅུག་པས་མཚན་ལའང་ཨ་ལགས་མ་ཎི་ཚང་གསོལ་བ་ཁོང་གི་རྣམ་ཐར་ལས་གསུངས།  བླ་མ་ཉིད་ཀྱིས་ཀྱང་ཀུན་སློང་བཟང་པོའི་སྒོ་ནས་བོང་སྟག་ནི་ཚོ་ཆེན་ཡིན་ལ་རྒྱུ་དང་འབྱོར་བ་ལྡན་པའི་རྟེན་བཞེངས་ཆེན་པོ་བྱས་ན་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་བླ་ན་མེད་པ་ཡོད་པས་དགེ་བསྐུལ་བྱས་པ་དང་། སྟོང་དཔོན་རྟམ་ཁོས་ཞལ་བཀོད་དང་བོང་སྟག་ཆོས་རྒྱམ་དང་ཚོ་དཔོན་འགས་བླ་མ་པདྨ་རིག་འཛིན་ཚང་ལ་སྐུ་གསུང་ཐུགས་རྟེན་གང་འདྲ་བཞེངས་ན་བཟང་བ་སོགས་ཀྱི་ཞལ་བརྡ་མང་པོ་མཛད་པས།  བླ་མས་མགོ་ལོག་ས་ཆར་མཚོན་ན་རྒྱལ་བའི་བཀའ་འགྱུར་ཆེན་མོ་རྡོ་རུ་བརྐོས་བ་མང་པའི་དེ་ནི་རྟེན་བཞེངས་སྣ་ཚོགས་ལས་ཁྱད་དུ་འཕགས་པར་གསུང་། དེ་ནས་མི་རིང་བར་སྟོང་དཔོན་ཆོས་རྒྱམ་གྱིས་ཐུགས་བཀོད་ལྟར་བོང་སྟག་གི་འགྲོ་དོན་དུ་ཕེབས་པས་བླ་མ་པདྨ་སིངྷི་ཐུབ་བསྟན་ཞི་བའི་བློ་གྲོས་ཚང་གི་སྐུ་མདུན་དུ་བྲ་ཚའི་རྡོར་ཁོ་དང་།  ཉྭ་ནག་ལྷ་མཁར།  ཉྭ་ནག་ཚེས་བཅུ། སྟོད་པའི་བཙན་སྐྱབས། མོག་རྡོར་རྒྱལ། ནག་བཟའི་པུ་དེ། ཨ་སྒུའི་གཡང་འབུམ་རྒྱལ་སོགས་བོང་སྟག་གི་ཚོ་དཔོན་དང་མི་གྲགས་སྐུ་ གྲགས་མང་པོ་མགྲོན་དུ་བསུས་ཏེ། སྟོང་དཔོན་ཆོས་རྒྱམ་ཉིད་ཀྱིས་བླ་མ་པདྨ་སིངྷི་ཐུབ་བསྟན་ཞི་བའི་བློ་གྲོས་ཚང་གིས་ཐུགས་འདུན་ལ་བོང་སྟག་ཚོ་ཆེན་བཅོ་བརྒྱད་ཀྱིས་ཡུལ་གྲུ་འདིར་རྒྱལ་བའི་བཀའ་འགྱུར་ཆེན་མོ་རྡོ་ལ་བརྐོས་ནས་བཞེངས་ཐུབ་པ་བྱུང་ན་སྤྱིར་སངས་རྒྱས་ཀྱི་བསྟན་པ་ཡུན་རིང་གནས་པ་དང་། ཁམས་གསུམ་འགྲོ་བ་རིགས་དྲུག་གི་བདེ་སྐྱིད། ཕྱི་སྣོད་ཀྱི་འཇིག་རྟེན་ལ་ཆར་ཆུ་དུས་སུ་འབབ་པ། ལོ་ཕྱུགས་རྟག་ཏུ་ལེགས་པ། ནང་བཅུད་སེམས་ཅན་གྱི་ནད་མུག་དང་། འཁྲུག་རྩོད་ཞི་བ། འགྲོ་ཀུན་མཛའ་མཐུན་ཞི་བདེའི་ངང་རྟག་ཏུ་འཚོ་བ།  ཆོས་སྲིད་རིག་གནས་དར་ཞིང་རྒྱས་པར་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་བགྲང་ལས་འདས་པ་ཡོད་པར་གསུང་པར་མ་ཟད། ཚོ་དཔོན་ཐམས་ཅད་ལ་ཚོགས་བསགས་སྒྲིབ་སྦྱང་གི་དད་འདུན་ཡོད་ན་དེ་རིང་བླ་མའི་མདུན་དུ་ཁས་བླངས་དམ་བཅའ་བྱེད་དགོས་པས་བཀའ་སྩོལ་བར་གསུང་པ་དང་། ཚོ་དཔོན་ཐམས་ཅད་ཀྱིས་ཅིང་དགོས་པ་དང་ཕན་ཡོན་རྒྱ་ཆེན་ཡོད་པ།  ཚོགས་བསགས་སྒྲིབ་སྤྱོང་གི་ཞལ་གསུང་སྤྱི་བོར་བླངས་ཏེ་བཀའ་འགྱུར་རྡོ་བརྐོས་ཆེན་མོ་འདི་བཞེངས་པའི་བཤད་ཚུལ་ཡང་ཡོད་དོ། །

གཞན་ཡང་བོང་སྟག་ཆོས་རྒྱམ་གྱིས་བསྟན་པའི་གསོས་སུ་སྨན་པའི་བླ་མ་པདྨ་སིངྷི་ཐུབ་བསྟན་ཞི་བའི་བློ་གྲོས་ཚང་ལ་བོང་སྟག་ཚོ་བའི་སྐྱིད་སྡུག་ལེགས་ཉེས་དང་། རང་ཉིད་ཀྱི་འདི་ཕྱིའི་ཚོགས་བསགས་སྒྲིབ་སྦྱོང་ཅི་ཡོད་ཀྱི་སྐྱབས་འཇུག་ཞུས་པས།   བླ་མས་དལ་བརྒྱད་འབྱོར་བཅུའི་མི་ལུས་རིན་ཆེན་ཐོབ་དཀའ་བ་དང། ལས་དཀར་ནག་གི་ཁྱད་པར། ཡ་རབས་དགེ་བའི་ལས་ལ་བརྩོན་དགོས་ཚུལ་སོགས་སྒོ་དུ་མ་ནས་འདི་ཕྱི་གཉིས་ཀར་ཕན་པའི་བསླབ་བྱ་དང་སྙིང་གཏམ་ལྷུག་པོར་སྩལ་པར་མ་ཟད།  དགོངས་འགལ་མེད་པའི་ཐུགས་ཀྱིས་དགོས་འདོད་ནོར་གྱིས་ཡོངས་སུ་གཏམ་པར་མཛད་པ་ནི་སྲིད་ཞུའི་དགེ་ལེགས་ཐམས་ཅད་ཀྱི་འབྱུང་ཁུངས་འཁྲུལ་བ་མེད་པ། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་རྡོ་རུ་བརྐོས་ནས་བཞེངས་ན་དམ་པའི་ཆོས་འཇིག་རྟེན་གྱི་ཁམས་སུ་ནུབ་པ་མེད་པར་གནས་པ་ལ་རག་ལས་པ་ཡིན་པས། རྒྱལ་བའི་གསུངས་རྡོའི་གླེགས་བམ་དུ་སྐྲུན་ནས་འཇིག་རྟེན་གྱི་ཁམས་ཀུན་དམ་པའི་ཆོས་ཀྱི་སྣང་བ་དམ་པས་ཁྱབ་པར་བྱེད་ནུས་ན།  ཁྱེད་ཉིད་གདོན་བགེགས་ལོག་འདྲེན་གྱིས་གླགས་བལྟས་ཏེ་སྲོག་འགགས་ཀྱང་། ལྷག་བསམ་གྱིས་བསམ་པ་དཀར་པོ་གང་སྐྱེས་པ་ནི་ནམ་ཡང་སྐྱབས་གསུམ་བསླུ་མེད་ཀྱིས་འདོར་བར་མི་བྱེད་པ་དང་། ཁྱེད་ཉིད་ཀྱི་འདིར་བདེ་ཕྱི་སྐྱིད་ཀྱིས་ཚོགས་བསགས་བསོད་ནམས་དང་། སེམས་ཅན་ཐམས་ཅད་དད་པའི་རྟེན་རླབས་ཆེན། ནང་དགོས་བོང་སྟག་ཚོ་བ་འདིའི་སྲིད་དང་འབྱོར་བ། མི་ནོར་ཟས་གསུམ། རྒྱལ་དར་འབངས་བདེ་སོགས་ལ་ཕན་པའི་བསླབས་བྱ་དམ་པ་གསུངས་པས། མཐར་བོང་སྟག་ཆོས་རྒྱམ་གྱིས་ཐུགས་དགོངས་ལ།  བཀའ་འགྱུར་རྡོ་བརྐོས་ཆེན་མོ་ཞིག་བཞེངས་རྒྱུ་ནི་རང་ཉིད་ཀྱི་ཚོགས་བསགས་སྒྲིབ་སྦྱོང་དང་།  ཚོ་ཆེན་བཅོ་བརྒྱད་ཀྱི་དད་ལྡན་འགྲོ་བ་ཡོངས་ཀྱི་བསོད་ནམས་བསགས་སའི་ཞིང་ས་ཆེན་པོ་འདིའི་རྒྱན་དུ་འབུལ་དགོས་པ་དང་འབུལ་བས་སྐལ་བ་ཡང་ཡོད་པར་སེམས་ཏེ། བོང་སྟག་ཆོས་རྒྱམ་གྱིས་དད་ལྡན་ཀུན་ལ་བཀའ་དྲིན་ཆེ་བའི་བླ་མ་དམ་པ་འདི་ཉིད་མཐར་འདི་ཕྱི་ལེགས་ཚོགས་ཀྱི་སྐྱབས་གནས་དང་།  མཐར་ཐུག་འགྲན་གྱི་དོ་ཟླ་མེད་པའི་བླ་མ་གཅིག་པོར་བཀུར་ཏེ་མཁའ་མཉམ་འགྲོ་་བ་ཡོངས་ཀྱི་ཕན་བདེ་ལེགས་ཚོགས་ཀྱི་དོན་དུ་དམིགས་ནས་བཀའ་འགྱུར་རྡོ་བརྐོས་ཆེན་མོ་འདི་བཞེངས་པས་ས་བོན་བཏབ་པ་རྣམས་སོ། །

5 ཁྱད་ཆོས་དང་བཀའ་འགྱུར་རྡོ་བརྐོས་ངོ་སྤྲོད།

བོང་སྟག་གིས་བཀའ་འགྱུར་རྡོ་བརྐོས་ཆེན་མོ་བཞེངས་པ་འདིས་ནང་ཆོས་རིག་པའི་ནང་དོན་ཀློག་འབྲི་དང་ཉམས་སུ་ལེན་པར་མཐོང་ཆེན་བྱེད་ཀྱིན་ཡོད་དེ།  སྤྱིར་འབྲི་བ་ལ་མཚོན་ན་ཤོག་ཐོག་ཏུ་འབྲི་བ་དང་།  རྡོ་ཐོག་ཏུ་བརྐོ་བ།  གོས་དར་ཐོག་ཏུ་དཔར་བ།  ཤིང་དཔར་རྒྱག་པ་སོགས་མང་པོ་ཡོད་པ་ལས།  རྡོ་ཐོག་ཏུ་བརྐོ་བ་འདི་བརྟན་ཞིང་འགྱུར་བ་མེད་པས་མི་འགྱུར་རྡོ་བརྐོས་ཡི་གེ་ཟེར།  སྔོན་བོད་རྒྱལ་རིམ་བྱོན་སོགས་ཀྱི་རིང་ལ་བོད་རྒྱ་གཉིས་ཀྱི་བར་དུ་བྱུང་བའི་དོན་ཆེན་རྣམས་རྡོ་རིང་ཐོག་ཏུ་བརྐོས་ཡོད་པ་དང་།  མ་ཎི་ཡིག་དྲུག་སོགས་རྡོ་ཐོག་ཏུ་བྲིས་ཡོད་པ་ཀུན་གྱིས་མཐོང་བ་ལྟར་རེད།  བཀའ་འགྱུར་གྱི་ཆོས་གཞུང་ཆེན་མོ་རྡོ་ཐོག་ཏུ་བརྐོས་པ་འདི་ནི་ཆོས་གཞུང་ལ་སྲུང་སྐྱོང་དང་།  ལྷག་པར་དུ་སྒྱུ་རྩལ་གྱི་རྒྱུན་འཛིན་ལ་ནུས་པ་བླ་ལྷག་ཐོན་ཡོད།  འོན་ཀྱང་སངས་རྒྱས་ཀྱི་གསུང་བཀའ་འགྱུར་ཁ་ཚང་རྡོ་ཐོག་ཏུ་བརྐོས་ཡོད་པའི་རྣམ་པ་ཧ་ཅང་ཉུང་།  ཨ་མདོའི་ཡུལ་ཏུ་མཚོན་ན་མིག་སྔར་བོང་སྟག་གི་བཀའ་འགྱུར་རྡོ་བརྐོས་ཆེན་མོ་དང་།  རྩེ་ཁོག་ཧོར་གཏེར་སྟོན་དགོན་པའི་བཀའ་འགྱུར་རྡོ་བརྐོས་ཆེན་མོ་གཉིས་ལས་མཐོང་རྒྱུ་མེད།  དེ་བས་བོང་སྟག་གིས་བཀའ་འགྱུར་རྡོ་རུ་བརྐོས་པ་དེ་དམ་པའི་ཆོས་སྲུང་སྐྱོབ་བྱེད་པར་ཕན་པ་རྒྱ་ཆེན་པོ་ཡོད་པ་མ་ཟད་སྒྱུ་རྩལ་གྱི་རང་བཞིན་ལྡན་པའི་དོན་སྙིང་ཡང་བསམ་གྱིས་མི་ཁྱབ་པ་ཡོད།  དད་ལྡན་མང་ཚོགས་ཀྱིས་མཇལ་ཕྱག་བྱེད་གནས་དང་ཕྱོགས་འོངས་ལྟ་སྐོར་བས་ལྟད་མོའི་ཡུལ་ཏུ་བཞག་ཀྱང་ཆོག་པ་རེད།  བོང་སྟག་དད་ལྡན་མང་ཚོགས་ཀྱིས་བཀའ་འགྱུར་རྡོ་བརྐོས་ཀྱི་བྱ་བཞག་གི་མགོ་མཇུག་བར་གསུམ་ལ་རང་ནུས་ཅི་ལྕོགས་ཀྱིས་དཀའ་མོ་ཚེགས་དང་དཀོན་མོ་རྒྱུ་བཏིངས་ནས་བཞེངས་ཤིང་།  རྡོ་ཁྲི་དེ་བཞེངས་པའི་ཐད་ལ་སྔ་རྗེས་སུ་སྒོར་ས་ཡ་གཅིག་དང་ཁྲི་དུ་མའི་འགྲོ་སོང་བཏངས།

6 བསྐྱར་གསོ་བྱས་ཚུལ་བཤད་པ།

སྤྱི་ལོ1958ལོ་དང་ནང་སྒོས་སུ་རིག་གསར་སྐབས་ཀྱི་གཡས་གཡོན་དུ་ཐལ་དྲག་པའི་ནོར་འཁྲུལ་གྱི་ངན་ཤུགས་ཐེབས་པས།  མི་རེ་འགས་བསྟན་བཤིག་གི་སྤྱོད་ངན་བཟུང་ནས་བཀའ་འགྱུར་ཆོས་རྩིག་དེ་བཤིག་བཅོམ་འཁྱེར་གསུམ་བྱས་ནས་རྡོ་ལེབ་ཀྱིས་ལུ་གུའི་དྲོད་ཁང་སོགས་བཟོས་པ་དང་།  ཆོས་རྩིག་གྱང་རའི་ནང་དུ་བལ་འབྲེག་པའམ་ཕྱུགས་སྨན་རྒྱག་པ་བཅས་བྱས་ཤིང་དུས་འཁོར་མཆོད་རྟེན་ཡང་བཤིག་བརླགས་སུ་གྱུར།  བཀའ་འགྱུར་ཆོས་རྩིག་ཞིག་གསོའི་བྱ་བ་ནི་སྤྱི་ལོ1978ལོ་སྟེ་རབ་བྱུང16པའི་མེ་འབྲུག་ལོའི་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནས་བཟུང་།  བོང་སྟག་བསྟན་ལོ་གཙོ་མཛད་པ་དང་མཁར་དམར་སངས་རྒྱས་ཀྱིས་རོགས་རམ་བྱས་ཐོག  སྤྱི་ལོ་1983ལོ་ནས་མགོ་བརྩམས་ཏེ་བཀའ་འགྱུར་ཆོས་རྩིག་དེ་བཅོམ་བཤིག་ཏུ་ཤོར་བ་རྣམས་ཞིག་གསོ་དང་།  གཞན་དུ་ཁྱེར་བ་རྣམས་ཕྱིར་སྡུད་བྱས་ནས་ཞིག་གསོ་མཛད་ཅིང་བཤིག་བརླགས་སུ་སོང་བའི་དུས་འཁོར་མཆོད་རྟེན་ཡང་བསྐྱར་བཞེངས་མཛད།

7 ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོང་གི་སྡེ་ཚན་ཞིག་ཡིན།

དེ་ཡང་སྤྱི་ལོ2008ལོར་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆེད་མཁས་པ་རྣམས་ཀྱིས་རིག་པའི་ཁུངས་སྐྱེལ་བྱེད་ཐོག མཚོ་སྲིད(2008)ཨང་རྟགས35བའི་བརྡ་ཐོ་བཏང་སྟེ་ཐེམ་ཆེན་རྫོང་གི་ཅོང་ཧའོ་ཡུལ་ཚོའི་ཤ་རག་གའི་བཀའ་འགྱུར་རྡོ་རྩིག་སོགས་སྡེ་ཚན38ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོང་གི་སྡེ་ཚན་ཞིག་ཡིན་པ་སྤྱི་བསྒྲགས་གནང་ཞིང་།  སྤྱི་བསྒྲགས་སྲུང་སྐྱོབ་དང་མྱུར་སྐྱོར་དང་པོར་འཇོག་པ།  ལུགས་མཐུན་གྱིས་བེད་སྤྱོད་བྱེད་པ།  དོ་དམ་ལ་ཤུགས་སྣོན་བྱེད་པ་སོགས་ཀྱི་བླང་བྱ་བཏོན་ཡོད།  དེའི་རྐྱེན་གྱིས་བཀའ་འགྱུར་ཆོས་རྩིག་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིག་དངོས་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་དང་འབྲེལ་ཡོད་བཅའ་ཁྲིམས་ལྟར་དོ་དམ་དང་བེད་སྤྱོད་བྱེད་པ་ནི་ཧ་ཅང་གལ་ཆེའོ།  རྡོ་ཁྲི་དེ་ནི་ཆོས་སྲིད་གང་གི་ལུགས་དང་མཐུན་ཞིང་། བཞེངས་པའི་རྒྱུ་མཚན་གསལ་ལ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པ་དང་ཆེས་གལ་ཆེ་བའི་སྲོལ་རྒྱུན་རིག་གནས་ཀྱི་ཉུང་བཅུད་ཅིག་ཡིན་སྟབས།  ཏང་གི་འོད་སྟོང་འབར་བའི་མི་རིགས་སྲིད་ཇུས་ཀྱི་གཟི་བྱིན་འོག་ཏུ་རྡོ་ཁྲི་དེ་ཉམས་པ་སླར་གསོ་དང་མ་ཉམས་གོང་སྤེལ་བྱ་ཆེད།  བོང་སྟག་དད་ལྡན་མི་སྒེར་དང་དད་ལྡན་མང་ཚོགས་ཡོངས་ཀྱིས་རྒྱབ་སྐྱོར་མི་དམན་པའི་ཁྲོད།  རྡོ་ཁྲི་དེར་སྲུང་སྐྱོབ་ལེགས་པོ་བྱེད་པའི་དམིགས་འདུན་བརྟན་པོ་དང་རེ་བ་ཟབ་མོ་ཡོད།  2009ལོའི་ཟླ4བར་ཨ་རིག་ཡི་རྒྱམ་དང་མདོ་སྔགས་གཉིས་ཀྱིས་བཀའ་འགྱུར་རྡོ་ཁྲི་སྔོན་མའི་ཕྱོགས་བཞི་ནས་རྗེ་བཙུན་འཇམ་པའི་དབྱངས་དང་ཡུམ་ཆེན་མོ།  རྗེ་བཙུན་སྒྲོལ་མ།  ནོར་བདག་ཛམ་ལྷ་བཅས་ཀྱི་འབུམ་ཁང་བཞི་བཞེངས་བསྐྲུན་བྱས་ཡོད།  དེ་བས་ཡུལ་དགེ་འདིས་ཉེ་འཁོར་གྱི་ཁོར་ཡུག་ལ་ཐོན་པའི་དགེ་མཚན་ནི་རྒྱལ་ཁབ་ཀྱི་སྲིད་ཇིས་རབ་དང་རིམ་པ་བཏོན་ནས་ཁོར་ཡུག་གཅེས་འཛིན་བྱེད་པར་ནན་སྐུལ་བྱེད་བཞིན་ཡོད་པའི་སྲིད་ཇུས་དག་དང་འཚམ་ཞིང་འཕྲོད་པ་རེད། ནང་བའི་ཆོས་གཞུང་ཆེན་མོ་རྡོ་ལ་བརྐོས་ཏེ་རྟེན་དུ་བརྩིགས་ཡོད་པའི་གནས་འགངས་ཆེན་འདི་ལྟ་བུ་ནས་གཏེར་ཁ་འབྱེད་པ་དང་ཤིང་ནགས་གཅོད་པ། རི་སྐྱེ་སྲོག་ཆགས་རྔོན་པ། རང་བྱུང་ཁམས་ལ་གཏོར་བརླག་གཏོང་བ་སོགས་བྱ་ངན་དྲི་མ་ཙམ་ཡང་ཡེ་ནས་མེད་པ་རེད། དེ་དང་དེ་བཞིན་དུ་བཀའ་འགྱུར་རྡོ་ཁྲི་ཡོད་སའི་མཐའ་འཁོར་གྱི་ཁོར་ཡུག་གཅེས་འཛིན་བྱེད་པའི་ཐད་དུའང་ནུས་པ་བླ་མེད་ཐོན་ཡོད་པ་མ་ཟད། མི་རིགས་གཞན་དག་ལའང་བོད་ཀྱི་ཆུང་དུས་ནས་བཟུང་ཕ་མེས་ཀྱིས་ཁ་ཏ་སློབ་གསོའི་ལས་ཁོར་ཡུག་གཅེས་འཛིན་ཐད་ཞོ་ཡི་རུ་མ་ལྟར་ཆགས་པ་དང་ལྗོན་ཤིང་བཞིན་ཡལ་འདབ་རྒྱས་ཏེ་རྩ་བ་ཚུགས་ཡོད་པའི་རང་བྱུང་གཅེས་འཛིན་གྱི་འདུ་ཤེས་བརྟན་མོས་ཤུགས་རྐྱེན་འོག་ནས་ཁོར་ཡུག་ལ་གཏོར་བརླག་གཏོང་བ་ནི་མ་རུང་ཞིང་འཛེམ་དགོས་པའི་བྱ་ངན་ཞིག་ཏུ་བསམས་ཀྱིན་ཡོད་པ་རེད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-05-24

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།