ཨ་མྱེས་བྲག་སེར་ལབ་ཙེ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨ་མྱེས་བྲག་སེར་ལབ་ཙེ།
ལབ་ཙེ་ཞིག་ཡིན་ཏེ། མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་མཁར་དམར་ཡུལ་ཚོའི་ནུབ་བྱང་གི་སྤྱི་ལེ15ཡས་མས་བར་གྱི་མཚམས་ན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
知合赛
ཁོངས་གཏོགས་རྒྱལ་ཁབ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ།
སྲིད་འཛིན་ཁོངས་གཏོགས།
མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་།
རིགས་དབྱེ།
རི་བོ།
གནས་ཡུལ།
མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་གི་མཁར་དམར་ཡུལ་ཚོ།
མཚོ་འཕགས།
རྨིད3934ཡོད།
1 ​ངོ་སྤྲོད།

མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་མཁར་དམར་ཡུལ་ཚོའི་ནུབ་བྱང་གི་སྤྱི་ལེ15ཡས་མས་བར་གྱི་མཚམས་ན་ཡོད། སའི་གོ་ལའི་འཕྲེད་གཞུང་གི་ཏུའུ་གྲངས་ནི 37°25′56.71〞 Nདང98.46′14.81〞 Eཡིན། མཚོ་འཕགས་ལ་རྨིད3934ཡོད།

བོང་སྟག་གི་ཨ་མྱེས་བྲག་སེར་འདི་ལ་ལོ་རྒྱུས་རིང་བོ་ཡོད།  ཕལ་ཆེར་ལོ་ཉིས་བརྒྱ་ལྷག་གི་ལོ་རྒྱུས་ཡོད།   ཨ་མྱེས་བྲག་སེར་གྱི་ལབ་ཙེ་བོང་སྟག་སྡེ་བ་གནས་འདིར་མ་ཡོང་བའི་སྔོན་ཏེ།  སྤྱི་ལོ1777ལོར་བོང་སྟག་སྡེ་བ་འདི་རྨ་ཕ་རོལ་ན་ཡོད་དུས་རོང་བོའི་དགུ་ཆུའི་འགྲམ་ནས་བོང་སྟག་གིས་བྲག་སེར་ལབ་ཙེ་འདི་ཐེངས་དང་པོར་བསྟད། བསྟོད་པའི་མཆོད་ཚིག་ལ།  ཡུལ་རྒྱལ་པོ་བྲག་སེར་མཐུ་བོ་ཆེ།།   རྣམ་འབྱོར་བདག་གིས་ཁྱོད་ལ་གཉེར་བསྟད་ན།། སྔོན་ཆད་བརྟེན་པའི་དགྲ་ལྷ་གཉན་པོ་ཁྱོད།།  ད་ཡང་སྲུང་མའི་དབྱེར་མེད་འཕྲིན་ལས་མཛོད།།  ཅེས་བསྔགས། (ཨ་ལགས་གདོང་དཔྱད་ཚང་གིས་གསུངས་པའི་བསྟོད་ཚིག་གམ་བསང་མཆོད་ནི།)རབ་འབྱམས་རྒྱལ་བའི་བསྟན་སྲུང་མཐུ་བོ་ཆེ།། རབ་བརྟན་ལྷ་གཉན་བྲག་སེར་སྟོབས་པོ་ཆེ།། རབ་ཏུ་གདུང་བས་བདག་གིས་ཁྱོད་མཆོད་ན།། རང་དུ་དགྱེས་ལ་གནས་འདིར་བརྟན་པོར་བཞུགས།། ཞེས་གསུངས། ཐེངས་གཉིས་པ་འབའ་སྟོད་བྲག་སེར་རི་ནས་སྤྱི་ལོ1784ལོར་བོང་སྟག་གིས་བྲག་སེར་ལབ་ཙེ་བསྟད།  དེ་དུས་ཐེངས་དང་པོ་དགུ་ཆུའི་འགྲམ་ནས་བསྟད་པའི་ལབ་ཙེ་དེའི་རྟེན་དང་མདའ།  རྫས་སོགས་ཁྱེར་ཡོང་ནས་བསྟད། འབའ་ཐང་ཕྱོགས་སུ་ཡོང་ནས་འབའ་སྟོད་རི་ནས་བསྟོད་དུས་ཀྱི་མཆོད་ཚིག་ནི། གསེར་ཁྲབ་ཅན་གོ་བ་སྟོང་གི་བདག་པོ།། དཀར་པོ་ཕྱོགས་ཀྱི་དགེ་བསྙེན་པ་ཆེན་པོ།། བློན་ཆོས་ཐང་ལའི་བླ་རི་གཉན་པོ།། བོང་སྟག་གི་སྐྱེས་ལྷ་ཨ་མྱེས་བྲག་སེར།། ཞེས་གསུངས་ཡོད། ཐེངས་གསུམ་པ་བོང་སྟག་སྡེ་བ་མཚོ་སྔོན་པོའི་ཕྱོགས་སུ་ཡོང་ནས་ལོ་དུ་མ་འགོར་རྗེས།  བོང་སྟག་གི་བླ་མ་དཔོན་པོ་དང་ནང་སྒོས་སུ་བོང་སྟག་དཔོན་པོ་ཆོས་རྒྱམ་གཙོ་བྱས་ནས།  ས་འདི་ནས་མཆོད་བཀུར་བྱེད་སའི་རི་གནས་ཆེན་ཞིག་དང་ས་འགང་ཆེན་སོགས་དགོས་པར་བསམ་ནས། སྤྱི་ལོ1951ལོར་ཨ་ལགས་དགེ་འཕེལ་གཙོ་བྱས་ནས།  རྨ་ཕར་རིའི་དགུ་ཆུའི་འགྲམ་གྱི་བྲག་སེར་ལབ་ཙེ་དེའི་རྟེན་དང་རྫས།   གཏེར་རྡོ་སྣ་ཚོགས།  བལ་དཀར་གྱི་རྨི་ཐག་སྣ་ཚོགས་དང་མདའ་སོགས་ཚུར་གདན་དྲངས་ནས་བེའུ་ཧའི་ས་ཆ་འདིར་ཡོང་ནས།  ཨ་ལགས་གདོང་དཔྱད་ཚང་གིས་ས་དཔྱད་ནས་དེང་སང་བསྟོད་པའི་བྲག་སེར་ཀླད་ནས་བསྟད་ན་ལེགས་པར་གསུངས་ཏེ།  ཉིན་དེར་བོང་སྟག་གི་བླ་མ་ཨ་ལགས་སྒུ་རུ་དང་བོང་སྟག་ཆོས་རྒྱམ།   བོང་སྟག་སྟོང་དཔོན་རྟམ་ཁོ།  སྤྱི་ལོ1952ལོ་སྟེ་ཆུ་འབྲུག་ལོའི་སྟོན་ཁར་བསྟོད་པའི་འགོ་བརྩམས་ཤིང་།  དེ་དུས་བོང་སྟག་གི་བླ་དཔོན་ཚོ་དང་བོང་སྟག་དགོན་པའི་བླ་བཙུན་ཚང་མ་དེར་ཕེབས་ནས་ཆོས་གསུང་ནས་ཨ་མྱེས་བྲག་སེར་གྱི་ལབ་ཙེ་དེ་ལེགས་པར་བསྟད། སྔོན་ཆད་དེང་གི་བྲག་སེར་རི་རྒྱུད་ཀྱི་མིང་ལ་མེ་རིའི་ཐང་གི་སྤྱི་སྒང་ཀླད་དང་མང་གནས་རི་བོ་ཞེས་འབོད་པ་རེད། དེ་ནས་བཟུང་བོང་སྟག་གི་ཚོ་བ་བཅོ་བརྒྱད་ཀྱིས་མཆོད་ས་དང་བཀུར་ས་བརྟེན་ས་ཨ་མྱེས་བྲག་སེར་བྱས་ནས་བསྟོད་ཅིང་།  རྗེས་སུ་དམངས་གཙོ་བཅོས་བསྒྱུར་དང་སྤྱི་ལོ1958ལོར་རིག་གསར་སོགས་སྤྱི་ཚོགས་ཀྱི་བསྒྱུར་བཀོད་ཐོན་ནས་རེ་ཞིག་ལབ་ཙེ་བསྟོད་པའི་མཚམས་ཆད་བྱུང་།  དེ་ནས་ལོ་ཉི་ཤུའི་རྗེས་ཀྱི་ཏང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཚོགས་པའི་རྗེས་སུ།  མི་རིགས་ཀྱི་ཆོས་ལུགས་ཐད་ནས་རང་དབང་ཡིན་ཞེས་པའི་སྲིད་ཇུས་གཏན་འབེབས་བྱས་རྗེས།  སྤྱི་ལོ1982ལོའི་ཧོར་ཟླ4པའི་ཚེས11ཉིན་ལབ་ཙེ་འདི་བསྐྱར་བསྟོད་བྱེད་པའི་འགོ་བརྩམས།  དེ་དུས་བོང་སྟག་གི་བླ་མ་རྩི་བཞག་ཚང་གཙོ་བྱས་ནས།  བླ་མ་རྒྱ་སྲས་ཚང་བཅས་ཀྱིས་ལབ་ཙེ་འདི་བསྐྱར་བསྟོད་བྱེད་པའི་མགོ་བརྩམས། དེ་ནས་བོང་སྟག་ཚོ་བ་བཅོ་བརྒྱད་ཀྱི་མཁར་དམར་ཡུལ་ཚོའི་སྡེ་དམངས་ཀྱིས་ལབ་ཙེ་དེ་བླ་མ་རྩི་བཞག་ཚང་གི་ཐུགས་བཀོལ་ལྟར་བསྐྱར་ལས་བྱས་ཤིང་།  དེ་དུས་དེ་འདྲའི་ཕུན་སུམ་ཚོགས་པ་ཞིག་ལས་ཐུབ་མེད།  སྤྱི་ལོ2001ལོའི་ཟླ་5པའི་ཚེས་5ཉིན་དེང་མའི་ལབ་ཙེ་དེའི་སྟེང་ལ་ཁ་གསབ་བསྐྱར་ལས་ཕུན་སུམ་ཚོགས་པ་བྱས་ཤིང་། ད་ལྟའང་བོང་སྟག་ཚོ་ཆེན་བཅོ་བརྒྱད་ཀྱིས་མུ་མཐུད་དུ་བསྟོད་ཀྱིན་ཡོད།

2 བསང་ཡིག་གི་སྐོར།
2_1 བསང་ཡིག་ཁག་དང་པོ།

༄༅།། ཨོཾ་ཀུན་བཟང་བདེན་སྟོབས་དབྱངས་ཀྱི་རྣམ་སྤྲུལ་བའི།།  ཤར་བའི་བསྟན་སྲུང་བྲག་སེར་མཐུ་བོ་ཆེ།།  སྐུ་མདོག་དམར་སྨུག་དར་གྱི་ན་བཟའ་ནབ།། དབུ་ལ་གསེར་གྱི་སག་ཞྭ་(རྨོག་ཞྭ་)མཛེས་པར་གསོལ།།  ཕྱག་གཡས་གདུགས་དཀར་རིན་ཆེན་མཁའ་ལ་འཕྱར།།  གཡོན་པས་ཡིད་བཞིན་ནོར་བུ་མདུན་དུ་བསྣམས།།  རྟ་མཆོག་ངང་དཀར་གངས་ཐིགས་རྒྱལ་ལྡན་ཆིབས།།   འཁོར་དུ་ལྷ་ཀླུ་སྡེ་བཙན་བརྒྱད་བདུད་བཙན་བཞུགས།།  སྐད་ཅིག་འདིར་བྱོན་བསང་དང་མཆོད་པ་བཞེས།།   ལས་བཞིའི་འཕྲིན་ལས་གང་བསམ་ལྷུན་གྲུབ་མཛོད།།   ཡུལ་ལྷའི་རྒྱལ་པོ་བྲག་སེར་མཐུ་བོ་ཆེ།།   རྣམ་འབྱོར་བདག་གིས་ཁྱོད་ལ་གཉེར་གཏད་ན།།   སྔོན་ཆད་བརྟེན་པའི་དགྲ་ལྷ་གཉན་པོ་ཁྱོད །།   ད་ཡང་སྲུང་མའི་དབྱེར་མེད་འཕྲིན་ལས་མཛོད།། 

2_2 བསང་ཡིག་ཁག་གཉིས་པ།

༄༅། །ཡུལ་ལྷ་བྲག་སེར་གྱི་བསང་མཆོད་བཀྲ་ཤིས་དཔལ་འབར་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།

དེ་ལ་འདིར་རང་ཅག་གི་སྐྱེས་ལྷ་གཉན་པོ་ཡུལ་ལྷ་བྲག་སེར་ལ་བསང་མཆོད་འབུལ་བར་འདོད་པའི་རང་གི་འབྱོར་ཚད་ཀྱི་བསང་རྫས་དཀར་གསུམ་མངར་གསུམ་ཤིང་སྣ་དང་ཇ་ཆང་ཕུད་སོགས་ཚགས་སུ་ཆུད་པར་བྱས་ལ་འདི་སྐད་དོ།

ཀྱེེཿ བཀྲ་ཤིས་དཔལ་འབར་རིན་ཆེན་སྨན་གྱི་ལྗོངས། །  ལྷིང་ལྷིང་སྒྲ་ལྡན་ཆུ་བོ་དལ་གྱིས་འབབས། ། རབ་བརྗིད་བྲག་རིའི་ཕྲེང་བའི་ཡོངས་བསྐོར་བའི། ། བརྗིད་ཆགས་གསེར་གྱི་བ་གམ་མཐོན་པོའི་རྩེར། །རིན་ཆེན་སྣ་ཚོགས་ལྗོན་ཤིང་ལས་གྲུབ་པ། ། འབྲི་ཤུག་སྔོན་མོའི་རྩེ་རྒྱ་བཅུ་གསུམ་སྒྲོན། །  མདོག་ལྡན་དར་སྣ་ལྔ་ཡི་རུ་དར་གཡོ། །  སྲིད་པའི་མཁན་བྱ་དཀར་པོའི་ལྡིང་འཁོར་བྱེད། ། དམུ་ཐག་བལ་ཚོན་དྲ་བའི་ཡོངས་བསྐོར་བའི། ། སྣང་སྲིད་ཟིལ་གནོན་པདྨའི་རིག་བདག་བཞུགས། ། རྒྱལ་ཆེན་སྡེ་བཞིའི་ཕྱོགས་བཞིར་སྒོ་བསྲུངས་མཛད། ། ལབ་རྩེ་གཉན་པོ་འདི་ཡི་ཕོ་བྲང་དབུས། ། རིན་ཆེན་ཤེལ་གྱི་ཁང་བཟང་དགུ་བརྩེགས་ནང་། ། གསེར་ཁྲི་རིན་ཆེན་འབོལ་གདན་བརྩེགས་པའི་སྟེང་། །དགྲ་ལྷའི་རྒྱལ་པོ་བྲག་སེར་མཐུ་རྩལ་ཅན། ། ཡུམ་སྲས་བློན་འཁོར་བཅས་བ་འདིར་གཤེགས་ལ། ། རྣལ་འབྱོར་མཆོད་པའི་གནས་མཆོག་ཆེན་པོ་འདིར། ། རང་རང་དགྱེས་པའི་གདན་ལ་བརྟན་པར་བཞུགས། །

ཀྱེེཿ ཕུན་ཚོགས་བཀྲ་ཤིས་དུས་བཟང་ཡར་ཆོས་ལ། ། རྣལ་འབྱོར་ཏིང་འཛིན་དཀྱིལ་འཁོར་ཆེན་པོ་འདིར། ། རྣལ་འབྱོར་སྐྱེས་ལྷ་གཉན་པོ་མཐུ་རྩལ་ཅན། ། དགེ་བསྙེན་ཆེན་པོ་བྲག་སེར་སྟོབས་ལྡན་ནི།། སྐུ་མདོག་དམར་སྨུག་ཞི་འཛུམ་སྒེག་པའི་ཉམས། ། ཕྱག་གཡས་མདུང་དར་གཡོན་པའི་ནོར་གཞོང་འཛིན། ། སྐུ་ལ་གསེར་གྱི་བེར་ཆེན་དར་དམར་གཡོ། ། དབུ་ལ་ཕྱིང་ཞྭ་ཡུ་རིང་མཛེས་པར་གསོལ། ། ཞབས་ལ་སག་ལྷམ་གྱོན་ཏེ་འགྱིང་བག་ཀྱིས། ། རིན་ཆེན་རྒྱན་སྤྲས་གསེར་སྒ་གཡུ་སྲབ་ཅན། །ངང་དཀར་རྟ་མཆོག་སྟེང་ན་གློག་བཞིན་འཇུ། ། རང་ཅག་སྐྱེས་ལྷ་གཉན་པོ་མཐུ་རྩལ་ཅན། ། དགྲ་ལྷའི་རྒྱལ་བོ་ཨ་མྱེ་བྲག་སེར་ལ། ། གསོལ་ལོ་མཆོད་དོ་བཅོལ་བའི་འཕྲིན་ལས་མཛོད། ། ཡུམ་མཆོག་ལྷ་མོ་ལྷ་སྲས་བློན་འཁོར་ལ། ། གསོལ་ལོ་མཆོད་དོ་བཅོལ་བའི་འཕྲིན་ལས་མཛོད། ། ཡུལ་ལྷ་བྲག་དཀར་ཐེམ་ཆེན་འཁོར་བཅས་ལ། ། གསོལ་ལོ་མཆོད་དོ་བཅོལ་བའི་འཕྲིན་ལས་མཛོད། ། བོ་རོ་རི་རྒན་སོ་དེའུ་མཐོན་པོ་ལ། ། གསོལ་ལོ་མཆོད་དོ་བཅོལ་བའི་འཕྲིན་ལས་མཛོད། ། ཡུལ་འདིའི་གཞི་བདག་ལྷ་ཀླུ་འཁོར་བཅས་རྣམས། ། གསོལ་ལོ་མཆོད་དོ་བཅོལ་བའི་འཕྲིན་ལས་མཛོད། ། ཁྱད་པར་དགྲ་ལྷ་བྲག་སེར་འཁོར་བཅས་རྣམས། ། བསང་མཆོད་དམ་པ་འདི་ཡིས་མཉེས་བྱས་ནས། ། སངས་རྒྱས་བསྟན་སྐྱོང་དཀོན་མཆོག་དབུ་འཕང་བསྟོད། ། དགེ་འདུན་སྡེ་སྤེལ་བསྟན་འཛིན་སྐུ་ཚེ་བསང་། ། རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་བཅས་ཀྱིས། ། མི་མཐུན་གནོད་པའི་རྐྱེན་རྣམས་བཟློག་པ་དང་། ། མཐུན་རྐྱེན་བསམ་པ་ཡིད་བཞིན་འགྲུབ་པ་ཡིས། ། ནམ་ཡང་གཡེལ་བ་མེད་པའི་སྡོང་གྲོགས་མཛོད། ། ཁྱད་པར་བདག་ཅག་འཁོར་དང་བཅས་བ་ཡིས། ། ཚེ་དང་བསོད་ནམས་དཔལ་དང་འབྱོར་བ་སོགས།། སྙན་གྲགས་རླུང་རྟ་ཡར་ངོས་ཟླ་བ་ལྟར། ། ཇི་བཞིན་རྒྱས་པའི་འཕྲིན་ལས་མཛད་དུ་གསོལ། ། དཀར་ཕྱོགས་སྐྱོང་བའི་དགྲ་ལྷ་འཁོར་བཅས་ཀྱིས། ། དཀར་གསུམ་བརྒྱན་པའི་བསང་མཆོད་འདི་བཞེས་ལ། ། དཀར་པོའི་ཆོས་རྣམས་ཕྱོགས་བཅུར་དར་བ་སོགས། ། དཀར་ཕྱོགས་མངོན་པར་རྒྱལ་བའི་འཕྲིན་ལས་མཛོད། །

ཅེས་ཡུལ་ལྷ་བྲག་སེར་གྱི་བསང་མཆོད་བཀྲ་ཤིས་དཔལ་འབར་ནོར་བུའི་ཕྲེང་བ་ཞེས་བྱ་བ་འདི་ནི་ལྷ་འདི་ལ་མོས་པའི་རྒྱ་སྐོར་བོན་ནེ་སོགས་ནས་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་མ་བྱས་བ་ལྟར། ཆོས་མེད་སྤྲང་པོ་བསྟན་པའི་རྒྱལ་མཚན་མིང་གི་བྲིས་བའི་ལྷ་མཆོག་དགྱེས་པའི་མཆོད་སྤྲིན་དུ་གྱུར་ཅིག སརྦ་མངྒ་ལཾ། ། 

2_3 བསང་ཡིག་ཁག་གསུམ་པ།

༄༅། །བོང་སྟག་གི་ཨ་མྱེས་བྲག་སེར་གྱི་བསང་མཆོད་བཞུགས་སོ། །

ཨོཾ་ཀུན་བཟང་བདེན་སྟོབས་དབྱངས་ཀྱི་རྣམ་སྤྲུལ་པའི། །ཤར་བའི་བསྟན་བསྲུངས་བྲག་སེར་མཐུ་པོ་ཆེ། ། སྐུ་མདོག་དམར་སྨུག་དར་གྱི་ན་བཟའ་ནབས། ། དབུ་ལ་གསེར་གྱི་སག་ཞྭ་མཛེས་པར་གསོལ། ། ཕྱག་གཡས་གདུག་དཀར་རིན་ཆེན་མཁའ་ལ་ཕྱར། ། གཡོན་པའི་ཡིད་བཞིན་ནོར་བུ་མདུན་ན་བསྣམས། ། རྟ་མཆོག་ངང་དཀར་གངས་ཐིག་རྒྱན་ལྡན་བཅིབས། ། འཁོར་དུ་ལྷ་ཀླུ་སྡེ་བརྒྱད་བདུད་   བཙན་བཅས། ། སྐད་ཅིག་འདིར་བྱོན་བསང་གསུར་མཆོད་གཏོར་བཞེས། ། ལས་བཞིའི་འཕྲིན་ལས་གང་བསམ་ལྷུན་གྲུབ་མཛོད། །ཞེས་དང་། ཡུལ་ལྷའི་རྒྱལ་པོ་བྲག་སེར་མཐུ་བོ་ཆེ། ། ཁྱེད་ལ་རྣལ་འབྱོར་བདག་གིས་གཉེར་གཏད་ན། ། སྔོན་ཡང་བསྟེན་པའི་དགྲ་ལྷ་གཉན་པོ་ཁྱོད། ། ད་ཡང་བསྲུངས་མའི་དབྱེར་མེད་འཕྲིན་ལས་མཛོད། །  ཞེས་པ་འདི་ནི་བསྟན་པའི་རྒྱལ་མཚན་གྱི་ངག་རྒྱུན་བཞིན་དུ་བྲིས་པའོ། 

2_4 བསང་ཡིག་ཁག་བཞི་བ།

༄༅། །ཡུལ་ལྷ་བྲག་སེར་གྱི་བསང་མཆོད་འདོད་དགུའི་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །

ཀྱེེཿ རབ་སྙན་རྒྱུན་མང་ཀླུང་ཆེན་དལ་གྱིས་བབས། ། རབ་ཡངས་ས་ལེ་སྦྲམ་གྱི་ཡོལ་གོ་རུ། ། རབ་བརྟན་གསེར་ཀྱི་བ་གམ་བརྗིད་ཆགས་ནས། ། རབ་མཛེས་གསེར་གྱི་ཁང་བཟང་དགུ་བརྩེགས་ནང་། ། ངོ་མཚར་རྨད་བྱུང་རིན་ཆེན་གདན་ཁྲིའི་སྟེང་། ། ངོ་མཚར་ལྡན་པའི་ཡུལ་ལྷ་བྲག་སེར་ཆེ། ། ངོ་མཚར་རིན་ཆེན་དར་གྱི་ན་བཟའ་གསོལ། ། ངོ་མཚར་རིན་ཐང་བྲལ་བའི་རྒྱན་གྱིས་སྤྲས། ། སྐུ་མདོག་དམར་སྨུག་ཞི་འཛུམ་རྔམ་བརྗིད་ལྡན། ། ཕྱག་གཡས་མདའ་དར་གཡོན་པའི་ནོར་གཞོང་འཛིན། ། དབུ་ལ་ཕྱིང་ཞྭ་ཞབས་ལ་སག་ལྷམ་གསོལ། ། ཞབས་གཉིས་རྒྱལ་པོ་རོལ་བའི་ཚུལ་དུ་བཞུགས། །

ཀྱེེཿ བཀྲ་ཤིས་བདེ་ལེགས་ཕུན་ཚོགས་ཉི་མ་ལ། ། གདངས་སྙན་རོལ་མོའི་སྒྲ་ཡིས་སྤྱན་འདྲེན་ན། ། རྫུ་འཕྲུལ་ཤུགས་ལྡན་རྟ་མཆོག་ངང་དཀར་ལ། ། མུ་མེན་གཡུ་ཡི་སྲབ་མཐུར་མཛེས་པའི་བརྒྱན། ། རིན་ཆེན་ཕྲ་བཀོད་གསེར་སྒ་ཉི་ཤར་སྤྲས། ། འཛུམ་དྲུག་སྟག་གི་པགས་པའི་གོང་རྨེད་བྱས། །དེའི་སྟེང་དགྲ་ལྷ་ཆེན་པོ་བྲག་སེར་ཆེ། ། སྐུ་མདོག་དམར་སྨུག་སྤྱན་གཉིས་ཞི་འཛུམ་ལྡན། ། ཕྱག་གཡས་མདུང་དར་དཀར་པོ་དགུང་ལ་ཕྱར། ། གཡོན་པའི་རིན་ཆེན་ནོར་གཞོང་བུམ་པ་འཛིན། ། གསེར་འོད་འཁྱུག་པའི་སག་ཞྭ་དབུ་ལ་མཛེས། ། སྣ་ཚོགས་ཟ་འོག་བེར་ཆེན་སྐུ་ལ་གསོལ། ། རིན་ཆེན་དར་སྣ་ལྔ་ཡི་སྐེ་བཅིང་བྱས། །ཞབས་ལ་སག་ལྷམ་ཡུ་རིང་མཛེས་པར་གསོལ། །ལྷ་རྟ་ངང་དཀར་སྟེང་ན་གློག་བཞིན་འཇུ། །བྲག་སེར་སྟོབས་ལྡན་ཡུལ་ལྷ་མཐུ་བོ་ཆེ། །ཡུམ་སྲས་བློན་པོ་འཁོར་ཚོགས་རྒྱ་མཚོ་བཅས། །བདག་གི་ད་དུང་མོས་པས་སྤྱན་འདྲེན་ན། །རྣམ་འབྱོར་འཕྲིན་ལས་སྒྲུབ་ཕྱིར་གཤེགས་སུ་གསོལ། །རིན་ཆེན་སྣ་ཚོགས་གདན་ཁྲིའི་ཡངས་པའི་སྟེང་། ། ཡུལ་ལྷ་བྲག་སེར་ཡུམ་སྲས་བློན་འཁོར་དང་། །ཡུལ་འདིའི་གཞི་བདག་ལྷ་ཀླུ་སྡེ་བརྒྱད་རྣམས། །ཐམས་ཅད་འདིར་བྱོན་དགྱེས་པའི་གདན་ལ་བཞུགས། །

ཀྱེེཿ ཁྱོད་ལ་མཐུན་པའི་དམ་རྫས་འབུལ་བ་ནི། །དེ་རིང་ལབ་རྩེ་གཉན་པོ་བསྟད་པ་ནི། །ཕྱི་བལྟས་ལྷ་ཤིང་སྔོན་པོའི་བརྩིགས་པ་ལ། །ནང་བལྟས་གཞལ་མེད་ཁང་བཟང་གྲུ་བཞི་བ། །མདོག་ལྡན་དར་སྣ་ལྔ་ཡི་རུ་དར་གཡོ། །སྲིད་པའི་མཁན་བྱ་དཀར་བོ་རྩེ་ན་ལྡང་། །བལ་ཚོན་དམུ་ཐག་དྲ་བའི་ཡོངས་སུ་བསྐོར། །རབ་མཛེས་བརྗིད་ལྡན་ལབ་རྩེ་གཉན་པོ་འདི། །ཡུལ་ལྷ་བྲག་སེར་བཞུགས་པའི་རྟེན་གཞི་ཡིན། །ཁྱེད་རྣམས་བཞུགས་གནས་ལྷ་མཁར་བཙན་པོ་ཡིན། །ཁྱེད་རྣམས་བརྟེན་གནས་སྤྱན་      གཟིགས་འདི་དག་ཡིན། །གནས་དང་རྟེན་རྫས་མ་ཚང་མེད་པ་འདིར། །དགྱེས་པར་དགོངས་ལ་རྟེན་ལ་བརྟན་པར་བཞུགས། ། ཀི་བསོ་བསོ་ཆེའོ་ལྷ་རྒྱལ་ལོ།

ཀྱེེཿ ཁྱད་པར་རྨད་བྱུང་རོ་བརྒྱའི་བཅུད་ལྡན་པའི། །དཀར་གསུམ་ཕུད་དང་མངར་གསུམ་དྭངས་ མའི་བཅུད། །དར་སྲབ་སྣ་ཚོགས་འབྲུ་སྣ་ལྔ་སྦྱར་བའི། །གསེར་སྐྱེམས་ཆང་དང་ཤིང་མཆོག་ཁུ་བའི་བཅུད། །འབྲི་ཤུག་སྔོན་མོའི་ཁ་སྦྱར་རབ་བྱས་ཏེ། །རབ་འབར་ཡེ་ཤེས་མེ་ལ་སྲེག་པ་ཡིས། །གཙང་མའི་བསང་དུད་དཀར་པོའི་ནམས་མཁའ་འགེང། །མ་ཚང་མེད་པའི་བསང་མཆོད་རྒྱ་མཚོ་འདིས། །ཡུམ་སྲས་བློན་འཁོར་བཅས་པའི་ཚོགས་རྣམས་བསང། །  དགྲ་ལྷ་བྲག་དཀར་ཐེམ་ཆེན་ཚོགས་རྣམས་བསང། །བོ་རོ་རྫ་རྒན་སོ་དེའུ་མཐོན་པོའི་བསང། ། ཡུལ་འདིའི་ལྷ་ཀླུ་གཞི་བདག་གཉན་གསུམ་བསང། །འབུལ་ལོ་དགྱེས་བཞིན་བཞེས་ལ་སྡོང་གྲོགས་མཛོད། ། ཁྱད་པར་སངས་རྒྱས་བསྟན་པ་དར་བ་དང་། ། བསྟན་འཛིན་དམ་པའི་སྐུ་ཚེ་མཛད་འཕྲིན་སྤེལ། ། དགེ་འདུན་སྡེ་རྣམས་བསླབ་གསུམ་དར་བ་ཡིས། །ཡིད་འོང་འདོད་དགུའི་རྒྱལ་མཚན་ཚུགས་པར་ཤོག །བདག་ཅག་དཔོན་སློབ་མི་ནོར་འཁོར་བཅས་ཀྱིས། །མི་མཐུན་རྐྱེན་རྣམས་བར་ཆད་ཟློག་པ་དང་། །མཐུན་རྐྱེན་བསམ་དོན་ཡིད་བཞིན་འགྲུབ་པ་སོགས། །བདེ་ལེགས་ཡར་ངོའི་ཟླ་བཞིན་རྒྱས་བར་མཛོད། ། བདག་ཅག་ཚེ་དང་བསོད་ནམས་དཔལ་འབྱོར་དང་། ། ཁ་རྗེ་དབང་ཐང་རླུང་རྟ་དར་བ་སོགས། ། བྱ་བ་གང་བརྩམས་ལམ་དུ་འགྲོ་བ་ཡིས། ། ཕན་བདེ་ཡིད་དབང་པདྨོ་བཞད་པར་ཤོག ། སྟག་སེང་ཁྱུང་འབྲུག་བཞི་ཡིས་དགེ་མཚན་གྱིས། །རླུང་རྟའི་དར་ལྕོག་རི་ཡི་རྩེ་རུ་བསྒྲེང། །བདག་ཅག་རླུང་རྟ་རྒུད་པའི་སྐྱོན་བསལ་ཏེ། །སྙན་གྲགས་དབྱར་རྔའི་སྒྲ་བཞིན་སྒྲོགས་པར་ཤོག །ཁྱད་པར་ཆོས་ཀྱི་བྱ་བ་གང་བརྩམ་རྣམས། །གེགས་མེད་ཡིད་བཞིན་འགྲུབ་པར་བྱེད་པ་ཡིས། །ལྷ་མཆོག་འཕྲིན་ལས་སྡོང་གྲོགས་མ་གཡེལ་བར། །བདེ་སྐྱིད་དཔལ་ལ་སྤྱོད་པའི་བཀྲ་ཤིས་ཤོག །  ཅེས་བོང་སྟག་གི་ཨ་མྱེ་བྲག་སེར་གྱི་བསང་མཆོད་འདོད་དགུའི་ཆར་འབེབས་ཞེས་བྱ་བ་འདི་ནི།  ྋ ཡུལ་ལྷ་བྲག་སེར་གྱི་ལབ་རྩེ་བསྟོད་སྐབས་རང་གི་འདོད་མོས་སྟར་ཆོས་མེད་སྤྲང་བོ་བསྟན་པའི་རྒྱལ་མཚན་ནས་བྲིས་པའི་དུས་རྟག་ཏུ་དགེ་བར་གྱུར་ཅིག །

བསང་ཡིག་ཁག་དང་པོ་ཁམས་ཤུག་སྒང་སྐུ་ཚེ་སྔོན་མ་སྟེ་མི་འགྱུར་རྡོ་རྗེའམ་པདྨ་བྱང་ཆུབ་གླིང་བས་མཛད།

བསང་ཡིག་ཁག་གཉིས་པ་དང་གསུམ་པ་བསྟན་འཛིན་རྒྱལ་མཚན་མཆོག་ནས་མཛད།




བརྡ་འགྲེལ་གདོང་འཛར།

ཨ་མྱེས་བྲག་སེར། རི་བོ། ཡུལ་ཚོ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-05-24

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།